བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་ལས་དབུ་མའི་བགྲོ་གླེང་ཐེངས་དང་པོ་འཚོགས་པ།

[ཟླ་ཚེས། 2019-02-16 11:34:23][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20190216111119.jpg

བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་ལས་དབུ་མའི་བགྲོ་གླེང་ཐེངས་དང་པོ་སྤོས་ལྡན་གྲོང་ཁྱེར་དུ་དངོས་སུ་འཚོགས་པ།

 微信图片_20190216111146.jpg微信图片_20190216111225.jpg

སྤྱི་ལོ་༢༠༡༩ལོའིཟླ༢པའི་ཚེས༡༢ནས༡༤བར་ཉིན་གསུམ་ལ་སྐབས་དང་པོའི་དབུ་མའི་བགྲོ་གླེང་དངོས་སུ་སྤོས་ལྡན་གྲོང་ཁྱེར་དུ་འཚོགས་ཡོད་པ་དང་། ཚོགས་ཞུགས་མི་སྣ་གཙོ་བོ་ཁམས་ཡན་ལགས་ཚོགས་པའི་ཁོངས་སུ་ཡོད་པའི་ཁམས་ཁུལ་གྱི་དགོན་སྡེ་དང་བཤད་གྲྭ། སྒྲུབ་གྲྭ། སློབ་གྲྭ་ཁག་ཏུ་ཕྱག་ལས་དངོས་སུ་གནང་བཞིན་པའི་དགེ་བཤེས་དང་མཁན་པོ་རྣམས་ཡིན་ལ། སྔོན་བརྡ་ལྟར་ཐེངས་འདིའི་བགྲོ་གླེང་ལ་དངོས་སུ་དཔྱད་རྩོམ་གནང་མཁན་རྣམས་ཆེད་དུ་གདན་འདྲེན་ཞུས་ཏེ་དཔྱད་གླེང་ལྷུག་པོར་གནང་ཡོད་པ་དང་། ཐེངས་འདིའི་གོ་སྒྲིག་མི་སྣ་གཙོ་འགན་པ་ནི་ཚོགས་གཙོ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་མཆོག་དང་། ཚོགས་གཞོན་མཁན་ཚེ་རིང་ནོར་བུ། སློབ་སྟོན་པ་མཁན་རིག་འཛིན་དབང་རྒྱལ། སློབ་སྟོན་པ་སེང་སྤྲུལ་རིག་འཛིན་ཉི་མ། དྲུང་ཡིག་པ། དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས། དགེ་བཤེས་ཚེ་རིང་འགྱུར་མེད། དགེ་བཤེས་ཚེ་དབང་རྒྱལ་མཚན་བཅས་གོ་སྒྲིག་ཚོགས་མི་རྣམས་ཡིན།

微信图片_20190216111131.jpg微信图片_20190216111232.jpg

ཉིན་དང་པོར་བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་ལས་སྐབས་དང་པོའི་དབུ་མའི་བགྲོ་གླེང་དེ་ཉིད་ཁམས་ཡན་ལག་ཚོགས་པའི་ཚོགས་གཙོ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་མཆོག་གིས་བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་གི་དབུ་འཛུགས་དང་འབྲེལ་བགྲོ་གླེང་འདི་འཚོགས་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ནས་གསུང་བཤད་ཟབ་རྒྱས་གནང་ཞིང་། སློབ་སྟོན་པ་སེང་གེ་སྤྲུལ་སྐུ་དགེ་བཤེས་རིག་འཛིན་ཉི་མ་མཆོག་དཔྱད་རྩོམ་བགྲོ་གླེང་གི་དངོས་གཞི་ལ་དངོས་སུ་ཞུགས་པ་ནས་རིམ་པར་དགེ་བཤེས་གཡུང་དྲུང་ཉི་མ་མཆོག་དང་། དགེ་བཤེས་ཚེ་རིང་འགྱུར་མེད། དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ། དགེ་བཤེས་ཀ་ཤུལ་བསོད་རིན་བཅས་ཀྱིས་རང་རང་གི་དཔྱད་རྩོམ་སྒྲོག་སྦྱོང་དང་འབྲེལ་ཞིབ་འཇུག་གི་འབྲས་བུའི་སྟེང་ནས་ལྟ་ཚུལ་རྣམས་དྲི་བ་དང་དྲིས་ལན་ངང་ནས་བསྐྱངས། ཉིན་དེར་དགེ་བཤེས་ཚེ་དབང་རྒྱལ་མཚན་གྱིས་མདོ་འཛིན་གནང་།

微信图片_20190216111155.jpg微信图片_20190216111202.jpg

ཉིན་གཉིས་པར་སློབ་སྟོན་པ་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་བོན་སྒོ་བཞི་མཛོད་ལྔ་ལས་དབུ་མའི་བགྲོ་གླེང་དང་འབྲེལ་གསུང་བཤད་ཕུན་སུམ་ཚོགས་པར་གནང་རྗེས་རིམ་བཞིན་དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་མཆོག་དང་། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དགེ་བཤེས་སྒྲེ་བོ་སྐལ་བཟང་ཆོས་གྲགས། དགེ་བཤེས་སྣང་མཐའ་གཡུང་དྲུང་ཉི་མ། དགེ་བཤེས་ཚེ་དབང་རྒྱལ་མཚན་རྣམས་ཀྱིས་རང་རང་གི་དཔྱད་རྩོམ་ཐད་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་ཟབ་རྒྱས་གནང་ཞིང་། ཉིན་དེར་དགེ་བཤེས་ཚེ་རིང་འགྱུར་མེད་མཆོག་ནས་མདོ་འཛིན་གནང་།

微信图片_20190216111240.jpg微信图片_20190216111219.jpg

ཉིན་གསུམ་པར་ཚོགས་གཞོན་མཁན་ཚེ་རིང་ནོར་བུ་མཆོག་གིས་བོན་སྒོ་བཞི་མཛོད་ལྔ་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་གནང་ཞིང་།  དེའི་འཕྲོར་རིམ་བཞིན་དགེ་བཤེས་དང་། མཁན་པོ། སྤྲུལ་སྐུ་རྣམས་ནས་སྐར་གྲངས་བཅུ་ལྷག་གི་རིང་ལ་བོན་སྒོ་བཞི་མཛོད་ལྔའི་སྐོར་གྱི་བགྲོ་གླེང་འདི་མ་འོངས་པར་འཕེལ་རྒྱས་གཏོང་ཐབས་དང་འབྲེལ་བའི་དགོངས་འཆར་རྣམས་ཕན་ཚུན་གྱི་ལྟ་ཚུལ་མི་འདྲ་བའི་ལམ་ནས་རིམ་པར་གསུང་བཤད་གནང་།

微信图片_20190216111141.jpg微信图片_20190216111214.jpg

ཉིན་དེའི་ཕྱི་དྲོར་དམིགས་བསལ་གྱི་གདན་ཞུས་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས་བོན་སྒོ་བཞི་མཛོད་ལྔའི་སྐོར་ནས་གསུང་བཤད་ཟབ་རྒྱས་གནང་བ་དང་། ལྷོ་ནུབ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་རྫ་ཚེ་རིང་འགྱུར་མེད་མཆོག་གིས་དཔྱད་རྩོམ་འབྲི་བའི་ཐབས་ལམ་དང་ཞིབ་འཇུག་བྱེད་ཕྱོགས་ཐད་ནས་ལམ་སྟོན་གསུང་གླེང་གལ་ཆེན་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགན་འཛིན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ནས་རང་གིས་དབུ་མ་ཞིབ་འཇུག་བྱས་པའི་མྱོང་སྣང་དང་འབྲེལ་དབུ་མ་རིག་པའི་སྐོར་གྱི་དཔྱད་དོན་མང་པོ་གསུང་གླེང་མཛད། དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་མདོ་འཛིན་ཞུས།

 微信图片_20190216111401.jpg微信图片_20190216111356.jpg

དེའི་རྗེས་སུ་སྐབས་དང་པོའི་བགྲོ་གླེང་གོ་སྒྲིག་འགན་འཛིན་པ་ཚོགས་གཙོ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་། 

བཀའ་དྲིན་ཞུ་ཡུལ། ཐེངས་འདིར་བགྲོ་གླེང་གི་གོ་སྒྲིག་པ་རྣམས་སྔ་ཕྱི་དུ་མར་བགྲོ་གླེང་གི་ཆེད་དུ་ཕེབས་པའི་འགྲོ་གྲོན་དང་། ད་རེས་དངོས་སུ་བགྲོ་གླེང་འཚོགས་སྐབས་ཀྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་ལ་སྦྱིན་བདག་མཛད་པའི་ཚོགས་གཙོ་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་། ཚོགས་གཞོན་མཁན་པོ་ཚེ་རིང་ནོར་བུ་ཟུང་ལ་བགྲོ་གླེང་གི་གོ་སྒྲིག་ཚན་ཆུང་ངོས་ནས་བཀའ་དྲིན་བླ་ན་མེད་པ་ཞུ་བ་དང་རིན་པོ་ཆེ་གཉིས་ཀྱི་སྐུ་ཚེའི་མཛད་འཕྲིན་དབྱར་གྱི་དཔལ་ལ་འགྲན་པའི་སྐྱབས་འཇུག་ཞུ། 

 微信图片_20190216111136.jpg

 བགྲོ་གླེང་འདིར་མཉམ་ཞུགས་མཛད་པའི་ཚོགས་མི་རྣམས་ནས་བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་ཐད་ལ་དགོངས་འཆར་གནང་རྗེས་མང་མོས་ཀྱི་གྲོས་ཆོད་བྱུང་རིགས་གཤམ་གསལ།

༡༽ བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་ལ་སྔ་ཕྱི་ཐེངས་གསུམ་གྱི་སྦྱིན་བདག་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་མཁན་ཚེ་རིང་ནོར་བུ་གཉིས་ནས་གནང་རྒྱུ།

༽ཐེངས་གཉིས་པ་ཀུན་མཁྱེན་ཤར་རྫའི་གདན་ས་ནས་འཚོགས་རྒྱུ།

 གོ་སྒྲིག་ཚོགས་མི་ཁ་སྣོན་བྱས་པ། དྲུང་ཡིག་པ། དགེ་བཤེས་ཀ་ཤུལ་བསོད་རིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དགེ་བཤེས་གཡུང་དྲུང་ཉི་མ་བཅས་ཡིན།

༤༽ རྗེས་མར་རྩོམ་ཡིག་བསྡུ་སྒྲིག་གི་འགན་གཙོ་བོ་མཁན་རིག་འཛིན་དབང་རྒྱལ་གྱིས་གནང་རྒྱུ།

༥༽ ཚོགས་ཐེངས་གཉིས་པར་སྔར་བཞིན་དབུ་མའི་སྐོར་གྱི་བགྲོ་གླེང་གནང་རྒྱུ།

༦༽ ལོ་རེ་རེའི་དཔྱད་རྩོམ་རྣམས་ཕྱོགས་སུ་བསྡུས་ཏེ་ལོ་དེབ་ལྟ་བུ་ཞིག་དཔར་དུ་བསྐྲུན་རྒྱུ་དང་། དེབ་དེའི་མིང་ལ་སྒོ་བཞི་མཛོད་ལྔའི་དཔྱད་དེབ་ཅེས་མཚན་འདོགས་རྒྱུ་དང་། ལོ་དུ་མའི་རྗེས་སུ་དཔྱད་རྩོམ་སྤུས་ལེགས་རྣམས་བདམས་གསེས་གནང་སྟེ་དཔེ་སྐྲུན་ཁང་ཞིག་ནས་དཔེ་སྐྲུན་ཞུ་རྒྱུ།

༧༽ལོ་རྗེས་མའི་བགྲོ་གླེང་སྤྱི་ཟླ་དགུ་པའི་ནང་དུ་འཚོགས་གཏན་ཁེལ་བ།

༨༽ སྤྱི་ལོ་༢༠༡༩ ལོའི་ཟླ་༤ བའི་ཚེས་༡༤ ལས་མི་འགྱང་བར་སྐབས་དང་པོའི་བགྲོ་གླེང་གི་དཔྱད་རྩོམ་རྣམས་ལ་ཞུ་དག་སོགས་ལེགས་གྲུབ་དགོས་པ།

བོན་སྒོ་བཞི་མཛོད་ལྔ་ལས་སྐབས་དང་པོའི་དབུ་མའི་བགྲོ་གླེང་སྤོས་ལྡན་གྲོང་ཁྱེར་དུ་འཚོགས་པའི་གསར་འགྱུར་གནད་བསྡུས་འདི་གོ་སྒྲིག་ལྷན་ཚོགས་ནས་སྤེལ།༢༠༡༩//༡༥

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།