སྨན་རིའི་དགེ་བཤེས་ཀུན་བཟང་རྒྱལ་མཚན་རྒྱལ་རོང་མཚོ་སྟེང་དགོན་ནས་ཁྲི་བཞེངས་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2019-01-25 00:10:47][རྩོམ་པ་པོ། སྤྲུལ་དབང་རྒྱལ་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1548346480107437.jpg
1548346480166748.jpg1548346480107355.jpg1548346480390728.jpg

   ཤར་རྒྱལ་མོ་རོང་གི་ཁྲོ་ཆེན་རྒྱལ་པོས་བདག་གིར་གནང་བའི་མཆོད་གནས་ཀྱི་མ་དགོན་མཚོ་སྟེང་ངོ་མཚར་ནོར་བུ་གླིང་གི་དབུ་བླ། བླ་མ་ལི་ཤུ་གཤེན་རྒྱལ་བསྟན་་འཛིན་རིན་པོ་ཆེས་བླ་ན་མེད་པའི་གདེང་འཇོག་དང་ཐུགས་ཁུར་ཆེར་བཞེས་ཀྱི་བཀའ་དགོངས་གཞིར་བཟུང་འོག རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་མཁན་པོ་ཤེས་རབ་གྲགས་པ་རིན་པོ་ཆེ་དང་། དགོན་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ནས་བསྟན་འགྲོ་སྤྱི་དང་ཁྱད་པར་དུ་རྒྱལ་རོང་ཕྱོགས་ཀྱི་སྲོལ་རྒྱུན་དང་མཐུན་པར་མ་འོངས་པར་རྒྱལ་རོང་ཡུལ་ལ་ཤིན་ཏུ་གལ་ཆེན་དུ་དམིགས་ཏེ།

1548346480965331.jpg1548346480622669.jpg1548346480210855.jpg

   རྒྱལ་རོང་མཚོ་སྟེང་དགེ་བཤེས་ཀུན་བཟང་རྒྱལ་མཚན་ཁོང་ལ། བོན་གྱི་རྩ་བའི་གྲྭ་ས། རྒྱལ་བ་གཉིས་པའི་གདན་ས། བཀྲ་ཤིས་སྨན་རིའི་གླིང་ནས། བོན་མདོ་སྔགས་རྫོགས་གསུམ་རིག་གནས་བཅས་ལ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་མཛད་ནས། མཐར་སྨན་རིའི་དགེ་བཤེས་ཀྱི་མཚན་རྟགས་ཁྱད་པར་ཅན་བཞེས་པའི་དཔང་རྟགས་དཔང་ཡིག་ལྡན་པ་དང་། སྟོད་དབུས་གཙང་ཡུལ་ནས་སྨད་རང་ཡུལ་རྒྱལ་རོང་ཁྲོ་ཆེན་དུ་འབྱོར་བའི་དུས་སྐབས་བཟང་བོ་དང་སྟུན་ནས། མཚོ་སྟེང་དགོན་པའི་སྐྱབས་རྗེ་བླ་མ་དང་མཁན་པོ་གཙོས་གྲྭ་གྲོང་ཀུན་ཀྱི་ཐུགས་སེམས་སྤྲོ་བ་ཆེན་པོས། སྨན་རིའི་དགེ་བཤེས་ཀུན་བཟང་རྒྱལ་མཚན་མཆོག་མཚོ་སྟེང་ངོ་མཚར་ནོར་བུའི་གླིང་གི་གཙུག་ལག་ཁང་དུ། ཁྲི་བཞེངས་ཁྲི་སྟོན་བཀྲ་ཤིས་པའི་མཛད་སྒོ་ཆེད་དུ་ཟབ་རྒྱས་གནང་བ་མ་ཟད། ཁྲོ་ཆེན་ལི་ཤུ་བླ་བྲང་ནས་མཎྜལ་རྒྱ་ནག་མ་གཅིག་ཕུལ་བའི་སྣ་དྲང་སྟེ། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་དང་། འདུལ་འཛིན་དགེ་བའི་བཤེས་གཉེན་གྱི་ཆེ་ཞྭ་ཆེ་གོས་ལས་སོགས་བཀྲ་ཤིས་པའི་རྟེན་འབྲེལ་སྣ་ལྔ་བསྒྲིགས་ཏེ་ཕུལ་བ་དང་དེ་མིན་ལི་ཤུ་བླ་བྲང་ནས་ཁྲི་སྟོན་མཛད་སྒོའི་མང་ཇ་དང་མང་འགྱེད་ཕུན་སུམ་ཚོགས་པར་བྱས།

1548346480117373.jpg1548346480223421.jpg

   དེ་བཞིན་མཚོ་སྟེང་དགོན་གྲྭ་ཚང་སྤྱི་ནས་མཎྜལ་རྟེན་གསུམ་མང་ཇ་མང་འགྱེད་གང་ལེགས་མཛད་པའི་སྟེང་གྲྭ་མང་ཚོགས་དབུས་སུ་མཚན་ཉིད་རྩོད་པའི་དམ་བཅའ་ཆེ་ཆུང་སོགས་བཞག ཁྱད་པར་དུ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་གཞིས་ཕོ་བྲང་གཡུང་དྲུང་ལྷ་རྩེའི་བླ་སྤྱི་འཛིན་པ་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་གཙོས་ཆུ་ཆེན་རྫོང་ཁུངས་ཀྱི་བོན་དགོན་སོ་སོས་མཎྜལ་རྟེན་གསུམ་སོགས་སྣམ་ནས་རྟེན་འབྲེལ་ཞུས།

1548346480846736.jpg1548346480553302.jpg1548346480119271.jpg

   གཞན་ཡང་ཆེད་ཕེབས་ཀྱི་སྐུ་མགྲོན་གདན་ས་བཀྲ་ཤིས་སྨན་རིའི་གཞུང་འཛིན་སློབ་དཔོན་གཡུང་དྲུང་བློ་གསལ་དང་རྒྱལ་རོང་ས་ཆ་གཞན་ནས་བླ་མ་དང་སྤྲུལ་སྐུ་ཁྲི་བ་མཁན་པོ་སོགས་ཁྲི་བཞེངས་མཛད་སྒོར་ཞུགས་པ་མ་ཟད་དད་ལྡན་སྦྱིན་བདག་མང་པོས་མཎྜལ་དང་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་སོགས་མཆོད་རྫས་སྣ་ཚོགས་མང་ཇ་དང་མང་འགྱེད་ལ་སོགས་གྱ་ནོམ་པ་སོ་སོར་ནས་ཕུལ་བའི་གནས་ཚུལ་དང་བཅས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།