མཁས་དབང་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་ཀྱི་གསུང་པོད་འགྲེམ་སྤེལ་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2018-08-31 09:59:44][རྩོམ་པ་པོ། པཎ་ཙ་བསྟན་འཛིན་དར་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_3919.JPG
IMG_3920.JPG

   ༢༠༡༨ལོའི་ཟླ་བ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་དགོན་གྱི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་མཁས་པའི་དབང་བོ་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ ༡༠༠ ལོན་པའི་དུས་དྲན་དང་། ཁོང་ཉིད་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་བཅོ་བརྒྱད་༡༨ འཁོར་བའི་རྗེས་དྲན་དུ་དམིགས་ནས་གི་ཁོང་གི་གསུང་པོད་འགྲེམ་སྤེལ་མཛད་སྒོ་སྤེལ་བ་རེད།

IMG_3931.JPG

   ཚོགས་ཐོག་ཏུ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་གཙོས་པའི་ནང་ཆེན་སོ་སོའི་གདན་ས་འཛིན་པའི་བླ་སྤྲུལ་རྣམ་དང་། ཚོགས་ཆེན་དཔོན་སློབ། ཚོགས་འདུ་ལས་སྣེ། ཚོགས་ཆེན་ཞལ་ངོ་། བླ་མ་གྲྭ་ཚང་སྤྱིའི་དགེ་འདུན་འདུས་བ་རྒྱ་མཚོ་དངོས་ཞུགས་བྱས།


   གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྤྱི་ཁྱབ་འགན་འཛིན་རྫ་ཚེ་དབང་བསྟན་འཛིན་ལགས་ཀྱིས་ཐེངས་འདིའི་འགོ་འཛིན་བྱས་ཏེ། སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ཚོགས་ཆེན་དཔོན་སློབ་ཚུལ་ཁྲིམས། ཚོགས་ཆེན་ཞལ་ངོ་བསྟན་པའི་ཉི་མ། དམངས་བདག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐོམ་ཁོ། པཎ་ཙ་བསྟན་འཛིན་དར་རྒྱས་སོགས་ཀྱིས་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་ཀྱི་གསུང་པོད་འགྲེམ་སྤེལ་མཛད་སྒོའི་སྐོར་ནས་གསུང་བཤད་གནང་བ་རེད།

IMG_3927.JPG

   ཡོངས་འཛིན་བསྟན་འཛིན་ཡེ་ཤེས་མཆོག་ནི་སྤྱི་ཚོགས་གསར་རྙིང་གསུམ་གྱི་འགགས་མཚམས་རེ་རེར་བརྒྱུད་དེ། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་དང་འགྲོ་བའི་ལས་དོན་བླ་མེད་མཛད་ཅིང་། ལྷག་པར་དུ་མདོ་སྨད་སྣང་ཞིག་དགོན་ཆེན་ལ་ཆུང་ས་ཇ་འདྲེན་དུང་འབུད་ནས་བཟུང་སྟེ། ཆེ་ས་ཚོགས་ཆེན་དཔོན་སློབ་ཡན་ཆད་ལས་སྣེ་ཆེ་ཆུང་རིམ་བཞིན་དུ་མི་ལོ་སུམ་ཅུ་ལྷག་ལ་ཁུར་བཞེས་གནང་ཞིང་། མཐར་སྣང་ཞིག་སྐྱབས་རྗེ་སོ་དགུ་བ་མཆོག་གི་ཡོངས་འཛིན་དུ་བསྐོས།

IMG_3928.JPG

     དགུང་ལོ་གྱ་གཉིས་ལོན་པའི་སྟོན་ཟླ་དང་པོའི་ཉིན་གུང་ཞིག་ལ་ཁོང་གི་ཐུགས་ཟིན་གྱི་སློབ་མ་ཁ་ཤས་དང་མཉམ་བཞུགས་ཡོད་སྐབས། ཁོང་གི་སྐུ་ཚེ་ཧྲིལ་བོའི་མཇུག་སྡུད་ཀྱི་གཏམ་ལ་ཤོག་བུ་དཀར་པོའི་སྟེང་དུ་ཡི་གེ་ནག་པོ་མཐའ་སློབ་མའི་དང་བོ་བསྟན་དར་གྱིས་སྐྱོངས།འདི་བྲིས་ཏེ་ལྕགས་འབྲུག་སྤྱི་ལོ་༢༠༠༠ ལོའི་ཟླ་བ་བདུན་པའི་ཚེས་བཅུ་བཞིའི་ནམ་ལངས་ཡོས་ཀྱི་དུས་སུ་དགོངས་པ་བོན་དབྱིངས་སུ་གཤེགས་སོང༌། དགེ་རྒན་དམ་པ་མཆོག་གི་གཤེགས་ཁའི་ཞལ་ཆེམས་སམ་ཡང་ན་མ་འོངས་ལུང་བསྟན་འདིས། ཁོང་གིས་སློབ་བུ་ང་ལ་བངས་པའི་འདུན་པ་དང་རེ་བཞག ད་དུང་ཡིད་ཆེས་དང་བདེན་དོན་མཐའ་དག་མཚོན་ཡོད་ལ། དེ་བཞིན་སློབ་བུ་ངས་ཀྱང་དྲིན་ཆེན་དགེ་རྒན་མཆོག་ལ་བཅངས་པའི་ལྷད་མེད་ཀྱི་དད་དམ་དང༌། ཡང་ན་ངེད་ཅག་བླ་སློབ་བར་གྱི་མི་ཚེ་གཅིག་གི་དམ་ཚིག་གཙང་མ་དེ་ཡང་མཚོན་ཐུབ། དེས་ན་ཁ་བཤད་ཆུ་ཡི་ལྦུ་བ་དང་ལག་ལེན་གསེར་གྱིཐིག་པ་ཞེས་པའི་དཔེ་ལྟར། བཀའ་དྲིན་ཅན་ཁོང་གི་བྱམས་སྐྱོང་འོག་ནས་གཉོམ་ལག་རྒྱས་ཤིང༌། བྱིན་རླབས་བདུད་རྩིའི་བགོ་སྐལ་རིང་དུ་ཐོབ་པའི་ཕུ་བོ་པཎ་ཙ་ནམ་མཁའ་ཚུལ་ཁྲིམས་དང་ངེད་གཉིས་ཀྱིས་མ་སྐུལ་དང་ལེན་གྱི་སྒོ་ནས་དགེ་རྒན་རིན་པོ་ཆེ་ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དང་། ཡང་ན་དགེ་རྒན་བཀའ་དྲིན་ཅན་གྱི་ཞབས་འདེགས་ཁོ་ནར་དམིགས་ཏེ། ང་གི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་དག་འཛམ་གླིང་ཤེས་ལྡན་མི་སྣའི་སྤྱན་སྔར་གསུང་རྩོམ་མཐའ་དག་པར་དུ་བསྐྲུན་ཏེ་གོ་ལ་ཧྲིལ་བོའི་ཤེས་རིག་གི་གར་སྟེགས་སུ་རིན་མེད་དུ་འབུལ་རྒྱུ་ཡིན་པ་མ་ཟད

IMG_3937.JPG

   དེ་རིང་འདི་ནས་སྣང་ཞིག་དགོན་གྱི་དགེ་འདུན་འདུས་བ་རྒྱ་མཚོ་དང་། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ཚང་མ་ལ་གསུང་པོད་རེ་རེ་ཕུལ་ཡོད་ལ། རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་བཤད་སྒྲུབ་འདུས་སྡེ་དང་སོ་སོ་དང་། དཔེ་མཛོད་ཁང་ཆེ་ཆུང་། དེ་མིན་མི་རིགས་སློབ་གྲྭ་ཆེ་ཆུང་གི་དཔེ་མཛོད་ཁང་སོགས་ལ་འབུལ་རྩིས་ཡོད་པས་དེ་ལུགས་སུ་སྣང་ཞིག་དགོན་པཎ་ཙ་བླ་བྲང་ལ་འབྲེལ་བ་གནང་རོགས་ཞུ།

 IMG_3933.JPG

༡༽གསུང་པོད་དང་པོའི་ནང་དུ། རྩིས་གཞུང་མཐོང་བ་དོན་གསལ། རྩིས་གཞུང་རིན་ཆེན་དོ་ལ། གཙུག་ལག་རྩིས་ཀྱི་གཞུང་ལས་མཐོང་བ་དོན་གསལ་གྱི་ཆ་ལག་ལས་བསྐལ་ལིའི་རེའུ་མིག་ཆ་ཤས་བཅས་པགཙུག་ལག་རྩིས་ཀྱི་གཞུང་ལས་མཐོང་བ་དོན་གསལ་གྱི་བྱེད་རྩིས་ཆ་ཤས་ཀྱི་རེའུ་མིག་དམར་ནག་འཁོར་མགཙུག་ལག་རྩིས་ཀྱི་གཞུང་ལས་མཐོང་བ་དོན་གསལ་གྱི་བྱེད་རྩིས་རྩིས་དཔེ། གཙུག་ལག་རྩིས་ཀྱི་གཞུང་ལས་མཐོང་བ་དོན་གསལ་ལས་བསྐལ་ལིའི་རེའུ་མིག བརྡ་སྤྲོད་སྡོང་འགྲེལ་གྱི་རི་མོ་འབྲི་ཐབས་རྒན་པོའི་མཛུབ་སྟོན། བརྡ་སྤྲོད་བློ་གསལ་མགུལ་རྒྱན་གྱི་འགྲེལ་བ་མུན་པའི་སྒྲོན་མེ། བརྡ་སྤྲོད་སྡོང་འགྲེལ་ཞོ་འཐུང་གོམ་འགྲོས་སློབ་བདེ།

 

༢༽གསུང་པོད་གཉིས་པའི་ནང་དུ། བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་དབྱངས་ཅན་བྱྰ་ཀ་ར་ཎའི་འགྲེལ་བ་ཤེལ་དཀར་མེ་ལོང་ལེགས་སྦྱར་བཞིན་སྣོད། བོདཡིག་བཀླགས་ཐབས་ཕག་མོ་གྲུབ་སྦྱོར།

IMG_3935.JPG

༣༽གསུང་པོད་གསུམ་པའི་ནང་དུ། སྨན་གྱི་རྣམ་གྲངས་སྤྱི་དང་བྱེ་བྲག་གི་མཚན་ཉིད་གསལ་བའི་སློབ་དེབ། ཆུ་མ་ལོག་གོང་གི་ཆུ་རགས་སྔོན་ཞེས་པ་ལྟར། གང་ཞིག་གི་ནད་སྔོན་འགོག་བྱེད་དགོས། འབེན་ཡོད་སར་མདའ་རྒྱག་དགོས། གསོ་བྱེད་སྨན་གྱི་ལག་ལེན་དཔྱད་བུའི་ཞལ་ཤེས། གསོ་བ་རིག་པའི་གཞུང་ལས་ནད་གཞི་བརྟག་དཔྱད་སྐོར་ཀྱི་རྩ་བའི་ཤེས་བྱ་ཉུང་བསྡུསརྒྱུན་མཐོང་ནད་རྟགས་ཀྱི་ཁབ་དང་མེ་བཙའི་གསོ་ཐབས། སྨན་གྱི་སྡེབ་སྦྱོར་ཉུང་བསྡུསའབེལ་གཏམ་ལྷ་ཡི་རྔ་སྒྲ་འཁྲུལ་བྲལ་བློ་གསལ་དགའ་སྟོན། ཟློས་གར་ལས་བྱ་བརྒྱའི་གཏམ་རྒྱུད། ལུགས་གཉིས་བསླབ་བྱའི་གཏམ་དཔེ་རྒན་པོའི་ངག་སྒྲོས། སྙན་ངག གསུང་རྩོམ་ཐོར་བུའི་སྐོར།

IMG_3936.JPG

༤༽གསུང་པོད་བཞི་བའི་ནང་དུ། ཐུན་མིན་དང་ཐུན་མོང་གི་དབྱེ་བའི་མིང་གི་རྣམ་གྲངས་གསལ་བའི་ཤེལ་ཕྲེང་།

IMG_3921.JPG

༥༽གསུང་པོད་ལྔ་བའི་ནང་དུ། ལེགས་པར་བཤད་པ་ལམ་རིམ་ཚོགས་ལམ་བཅུ་གཉིས་རིན་ཆེན་སྐས་ལམ། ཟབ་མོ་ལམ་གྱི་རིམ་པ་རིན་པོ་ཆེའི་སྐས་ལམ་ཞེས་བྱ་བའི་ཚིག་འགྲེལ། མན་ངག་ཁྲིད་ཀྱི་རིམ་པ་ལས་རྩ་རླུང་ཀེག་སེལ་འཁྲུལ་འཁོར་གྱི་གདམས་པ། འཁོར་ལོའི་དཀར་ཆག ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་ལག་ལེན་ཤེལ་དཀར་བཞིན་སྣོདབསླབ་བྱ་ཉུང་བསྡུས དཔལ་གཤེན་བསྟན་སྨན་རི་བའི་ལུགས་ཀྱི་འདུལ་བའི་གསོ་སྦྱོང་གི་ལག་ལེན་ཞལ་ཤེསའདུལ་བའི་རི་མོ། འདུལ་རྩ། དཔལ་གཤེན་བསྟན་སྨན་རི་བའི་ལུགས་ཀྱི་འདུལ་བའི་གསོ་སྦྱོང་གི་ལག་ལེན་ཞལ་ཤེས་སོགས་བཞུགས་ཡོད

IMG_3922.JPG

   གསུང་རྩོམ་འདི་དག་ལས་བརྡ་སྤྲོད་སྡོང་འགྲེལ་ལྟ་བུ་ལ་གསར་རྩོམ་གྱི་རང་བཞིན་ལྡན་ལ། དེ་མིན་གསོ་བ་སྨན་གྱི་སྐོར་འདི་རྔ་བ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་ བརྡ་སྤྲོད་རིག་པའི་སྐོར་འདི་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་གཞུང་ཁྲིད་བྱེད་བཞིན་ཡོད་ལ།

IMG_3923.JPG

   བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་དབྱངས་ཅན་བྱྰ་ཀ་ར་ཎའི་འགྲེལ་བ་ཤེལ་དཀར་མེ་ལོང་ལེགས་སྦྱར་བཞིན་སྣོད་འདི་སྒྲ་གཞུང་གཞན་ལས་ཁ་གསལ་ལ་གོ་བདེ་བསསྣང་ཞིག་དགོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་གཞུང་གི་ཁྲིད་ཡིག་གནང་མུས་ཡིན་པ་ལ་སོགས་པའི་ཕན་འབྲས་བླ་མེད་ཐོན་ཡོད་པའོ།།

སྐྱེས་སྟོབས་ཤེས་རབ་རྩ་བ་བརྟན་ཞིང་བརྗིད།།

སྦྱང་སྟོབས་ཡོན་ཏན་ཡལ་འདབ་ཕང་ཕུང་འཁྱིལ།།

མཁས་བཙུན་བཟང་གསུམ་དཔལ་གྱིས་རབ་ལྕིད་པའི།།

སློབ་དཔོན་དཔག་བསམ་ལྗོན་པས་ཤིས་པ་སྩོལ།།

 

གང་གི་ཐོས་བསམ་སྒོམ་པའི་འོ་མཚོ་ལས།།

འཁྲུངས་པའི་འཆད་རྩོད་རྩོམ་པའི་རླབས་ཕྲེང་རྒྱུན།།

གཅིག་ཏུ་རྩེན་པའི་འདོད་འཇོའི་ཡིད་བཞིན་ནོར།།

གསུང་རྩོམ་རླབས་ཀྱི་ཟེགས་མ་འདི་ན་འཕྲོ།།

 

རིན་བྲལ་ཤུལ་བཞག་གསུང་པོད་རྣམ་པ་ལྔ།།

མདོ་སྨད་འབྲུ་ཞིག་པཎ་ཙ་བླ་བྲང་གི།

སློབ་བུ་ནམ་མིང་བ་དང་བསྟན་མིང་བས།།

རྒྱུ་ལ་ཡོན་སྦྱར་ཚར་གྲངས་སྟོང་ཕྲག་གཉིས།།

 

ཚད་ལྡན་མི་རིགས་དཔེ་སྐྲུན་ཁང་བརྒྱུད་ནས།།

པར་དུ་བསྐྲུན་ཏེ་གངས་ཅན་བོད་ཡུལ་དང་།།

ལྷག་པར་འཛམ་གླིང་ཤེས་རིག་གར་སྟེགས་སུ།།

བསམ་སྦྱོར་དག་པས་རིན་མེད་ཕུལ་བའོ།།

 

དེ་ལས་བྱུང་བའི་རྣམ་དཀར་དགེ་བ་འདིས།།

འགྲོ་རྣམས་འདི་ཕྱི་བར་དོའི་གནས་སྐབས་སུ།།

མ་རིག་རྨོངས་པའི་སྨག་རུམ་ཀུན་སངས་ནས།།

རྣམ་གྲོལ་བདེ་ཆེན་ངང་ལ་མཉམ་གནས་ཤོག།

IMG_3924.JPG

པཎ་ཙ་བླ་མ་བསྟན་འཛིན་དར་རྒྱས་ཀྱིས་སྤྱི་ལོ་ ༢༠༡༨ལོའི་ཟླ་༨ཚེས་༣༠ཉིན་སྣང་ཞིག་དགོན་པཎ་ཙ་བླ་བྲང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།