རྒྱལ་རོང་དགོན་བཙུན་མ་སྒྲུབ་ཐོན་མཛད་སྒོ་ཐེངས་གཉིས་པའི་གནས་བསྡུས།

[ཟླ་ཚེས། 2018-08-30 11:47:25][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་སྒྲུབ་ཐོན་མཛད་སྒོ་ཐེངས་གཉིས་པའི་གནས་བསྡུས།

1535601108545944.jpg

   ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་རིག་པའི་གནས་ལྔ་བཅས་ཚང་ལ་མ་ནོར་བ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སློབ་གཉེར་གནང་དང་གནང་བཞིན་པའི་འདུས་སྡེ་ཁམས་བྲག་འགོ་རྒྱ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་དུ། ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དགོས་པ་སྐབས་བསྟུན་གྱི་སྒྲུབ་གྲྭའི་བཅའ་གཞི་གཏན་འབེབས་མཛད་པ་བཞིན།  ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་རྫོགས་ཆེན་བླ་མེད་སྡེ་བཞིའི་གཞུང་ལུགས་གཙོས་པའི་མདོ་སྔགས་བོན་གྱི་རྒྱ་མཚོ་ལ་དཔེ་ལྟ་དང་དཔེ་ཁྲིད་ལུས་སྦྱོང་དང་བློ་སྦྱོང་སྐོར་ནས་ཉམས་ལེན་ཚུལ་མཐུན་གནང་ཏེ་ལོ་གྲངས་ཀྱི་བཅད་མཚམས་རྫོགས་པའི་སྐབས་སུ་འདུས་སྡེའི་དབུས་ནས་ཆེ་འདོན་དང་མཚན་རྟགས་གནང་བའི་ལུགས་སྲོལ་ཡོད་པ་ལྟར།  

1535601108145275.jpg

  སྤྱི་ལོ་ ༢༠༡༨ ༠༨ ༢༦ ཉིན་ཕྱག་ཚོད་༡༠ཐོག་དགོན་གྱི་ཁྲི་འཛིན་བླ་མ་མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེ་མཆོག་དང་བླ་མ་འཇམ་དཔལ་རྒྱ་མཚོ་རྣམ་གཉིས་དབུ་བཞུགས་ཐོག  མེ་རྩ་བཙུན་མ་བོན་དབྱིངས་བཟང་མོ་དང་། གསེར་དཔོན་བཙུན་མ་གཡུང་དྲུང་ཚེ་མཚོ། སྟོང་ཚ་བཙུན་མ་འོད་ཟེར་ལྷ་མོ། རྫ་མཁན་བཙུན་མ་ཤེས་རབ་བཟང་མོ།གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པའི་མཚན་རྟགས་བཞེས་ནས་འདུས་སྡེ་རིན་པོ་ཆེ་ལ་མང་ཇ་སྐུ་འགྱེད་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་རྗེས།

1535601108234351.jpg

   སྤྲུལ་སྐུ་རིན་པོ་ཆེ་འཆི་མེད་གཡུང་དྲུང་མཆོག་ནས་མི་ཚེ་དོན་ཡོད་དང་། སྒྲུབ་པ་ཉམས་ལེན་མུ་མཐུད་ནས་བསྐྱང་དགོས་པའི་སྐོར་སོགས་ཀྱི་བཀའ་སློབ་གནད་སྨིན་བསྩལ་ཞིང་། བླ་མ་འཇམ་དཔལ་རྒྱ་མཚོ་མཆོག་ནས་སྒྲུབ་ཐོན་པ་རྣམ་པས་ད་དུང་ཉམས་ལེན་གྱི་རྒྱུན་བསྐྱང་བྱེད་དེ། བདག་དོན་ལྷུན་གྱིས་འགྲུབ་གཞན་དོན་དུ་མཐའ་རུ་ཕྱིན་དགོས་པའི་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་།

1535601108123539.jpg

   དགེ་བཤེས་ཤེས་རབ་སྦྱིན་པས་རྫོགས་པ་ཆེན་པོ་བླ་མེད་སྡེ་བཞིའི་ངོ་སྤྲོད་དང་། སངས་རྒྱས་གཡུང་དྲུང་བོན་གྱི་ལུགས་ལ་ཐར་པའི་ལམ་མཆོག་སྒྲུབ་པའི་སྲོལ་རྒྱུན་ལུགས་སྲོལ་གཉིས་ཡོད་པ་སྟེ།  བཤད་གྲྭ་དང་སྒྲུབ་གྲྭའི་ལུགས་ཀ་གཉིས་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བསྩལ།

1535601108148115.jpg

   མང་འདུས་སེམས་དཔའ་རྒྱ་མཚོས་ཡི་རངས་དང་ཐུགས་སྨོན་གང་ཟབ་ཀྱི་སྐྱབས་འཇུག་གནང་བ་དང་འབྲེལ།  བླ་སྤྲུལ་དགེ་བཤེས་གྲྭ་བཙུན་དད་ལྡན་ལྷ་སྡེ་ཡོངས་ཀྱིས་མཇལ་ཁ་ཞུས་ཏེ་རྟེན་འབྲེལ་གྱི་ལྷ་དར་དང་མཐུན་འགྱུར་ཕན་ཐོག་བཅས་ཕུལ་ནས་མཛད་སྒོ་མཇུག་ལེགས་པར་གྲུབ་པ་བཅས།

དྲུང་ཡིག་ཚན་ཁག་ནས༢༠༡༨ ༠༨ ༢༧ཉིན་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།