གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་ཐེངས་དང་པོའི་རྩོམ་སྒྲིག་དང་གནས་ཚུལ།

[ཟླ་ཚེས། 2018-05-05 22:38:39][རྩོམ་པ་པོ། དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབྱོར་ལ་ཉེ་བའི་<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ།>>
1525531479990075.jpeg

དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་།

རྟེན་འབྲེལ་ཞུ།

   མི་ལོ་ཁྲི་སྟོང་གི་ལོ་རྒྱུས་ལྡན་པའི་གན༷འ་བོའི་བོན་དང་བོད་ཀྱི་ཤེས་རིག་འདི་ཉིད་ནི། རང་ཅག་རྣམས་ཀྱི་མེས་པོའི་མི་རབ༷ས་བརྒྱ་ཕྲག་དུ་མས་ཐ་ན་གཅེས་པའི་ལུས་སྲོག་ཡན་ཆད་བློས་བཏང་སྟེ་འཛིན་སྐྱོང་སྤེལ་གསུམ་གྱིས་སྲོག་བཟུང་ཞིང་། དེང་སྐབས་ཐུན་མིན་བོ༷ན་གྱི༷་ཐེག་པ་རིམ་དགུས་བསྡུས་པའི་གཞུང་ལུགས་ཆེ་ཕྲ་ཁག་དང་། ཞང་ཞུང་སྙན་རྒྱུད་བླ་མའི་རྣམ་ཐར་ལྟ་བུ་སོགས་ཚི༷ག་དོན་གང་ཐད་ནས་དཔྱད་ཀྱང་འཛམ་གླིང་ཤེས་རིག་སྣ་མང་གི་བང་མཛོ༷ད་ཆེ༷ན་མོ༷འི་ནང་མཁས་དགུས་ཡིད་དབང་ཅིག་ཆར་འཕྲོག་པའི་དཔེ་རྙིང་དང་དེ་འབྲེལ་གྱི་རིག་གཞུང་དུ་མ་ཞིག་ཀྱང་ཕྱི་ནང་གི་འགོག་རྐྱེན་སྣ་མང་འོག དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་ཤི་མ་གསོན་གྱི་ཚུལ་དུ་གནས་ཡོད། དེས་ན་རིག་གཞུང་དེ་དག་གི་དགེ་ཕན་དང་དོན་དངོས་ལག་ལེན་བྱ་ཚུལ། དེ་བཞིན་དཔེ་གཞུང་ཁྲོད་ཀྱི་ཆེས་སྔ་བའི་ཐ་སྙད་ཀྱི་ཚིག་ཚོགས་རྣམས་ཇི་ལྟར་གསེད་དགྲོལ་བྱ་རྒྱུ་སོགས་ནི་དེང་དུས་ཀྱི་མཁས་པ་ཆེ་ཆེ་དྲག་དྲག་རྣམས་ལ་དཀའ་ཁག་རབ་དང་རིམ་པས་འཕྲད་དང་འཕྲད་བཞིན་པའི་མུར།

1525531479644788.jpeg

ངེས་དོན་གྱི་མཁས་པའི་དབང་པོ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་མི་ལོ་ཉི་ཤུ་ཟིན་ལ་ཉེ་བའི་རིང་༸གདན་ས་སྨན་རིའི་གླིང་གཙོ་བོར་བྱས་པའི་འཛམ་གླིང་ཡུལ་གྲུ་གང་སར་བོན་ཁྲིད་ཀྱིས་སློབ་ཚོགས་བསྐྱངས་པའི་སྟབས་དང་ཞོར་དུ་གསེར་ལས་ལྷག་པའི་དུས་ཚོད་བེད་སྤྱད་དེ་‘‘རོལ་བརྒྱ་ཤལ་བ་ཡུག་གཅིག་གིས་འདེད་པ་’’དང་‘‘རྩྭ་བརྒྱ་ཟོར་བ་ཡུག་གཅིག་གིས་བྲེག་པའི་’’དཔེ་ལྟར་གོང་གསལ་དཀའ་གནད་ཕལ་མོ་ཆེ་རྣམས་སྟབས་གཅིག་ཏུ་བཀྲལ་བའི་ལེགས་བཤད་གླེགས་བམ་དེང་དུས་སྟབས་བདེའི་དེབ་གཟུགས་ཆེ་ཚད་ཀྱི་དབང་དུ་བྱས་ཀྱང་ཕལ་ཆེར་ཤོག་ངོས་སུམ་སྟོང་ཡས་མས་ཀྱི་བདག་ཉིད་ཅན་ཞིག་སྤྱི་ཡི་ཆ་ནས་ལེགས་གྲུབ་བྱུང་བར་བདག་གིས་ཐོག་མར་ཨེ་མ་སྐལ་པ་བཟང་ཞེས་རྟེན་འབྲེལ་གྱི་ཁ་གཡང་སྒྲོག་པར་འདོད།

1525531478100767.jpeg
རྩོམ་སྒྲིག་དབུ་བརྩམས་པ།

ཉེ་བའི་སྔོན་ཞིག་ནས་ཚིག་མཛོད་མཛད་པ་པོ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དང་། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན། ལྷ་ཐོག་དགེ་བཤེས་ཤེ་ཙུ་རྒྱ་མཚོ། ར་ནག་དགེ་བཤེས་གཡུང་དྲུང་དབང་གྲགས། བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན། དགེ་བཤེས་ཁྲི་གཡུང་དྲུང་། འགོ་པ་དགེ་བཤེས་གཡུང་དྲུང་ཡོན་ཏན། ཕྲན་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་བཅས་༸གདན་ས་སྨན་རིའི་གླིང་གི་རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱད་ལ་<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་>>དེ་ཉིད་རྩོམ་སྒྲིག་ཞུ་དག་གི་ལས་གཞི་གཉེར་དགོས་པའི་བཀའ་ཕེབས་ཤིང་། དེ་ཡང་ཐོག་མར་ཕྱི་ལོ་༢༠༡༨་ཟླ་༤་ཚེས་༣་ཉིན་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་‘‘དམུ་ཁྲི་བཙན་པོ་ཞང་བོད་རིག་གཞུང་ཞིབ་འཇུག་ཁང་’’དུ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ཁོང་ཉིད་དབུས་བཞུགས་ཐོག་གོང་གསལ་རྩོམ་སྒྲིག་ཚོགས་མི་ལྷན་འཛོམས་ཀྱི་ཚོགས་འདུ་དང་པོ་དེ་ཚོགས་ཤིང་རྟེན་འབྲེལ་གྱི་གསོལ་ཇ་དང་བཞེས་གྲོ་སོགས་གནང་། སྐབས་དེར་རིན་པོ་ཆེ་མཆོག་གིས་<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་>>འདི་བཞིན་འབྲི་དགོས་པའི་དགོས་པ་རྒྱུ་མཚན་དང་། ད་བར་མི་ལོ་ཉི་ཤུ་ཟིན་ལ་ཉེ་བའི་ནང་རྩོམ་འབྲི་གནང་མཛད་པའི་བརྒྱུད་རིམ་སོགས་ངོ་སྤྲོད་ཞིབ་ཕྲར་གནང་བ་མ་ཟད། ད་ཆར་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་སྟེ་དེ་རིང་ནས་བཟུང་རྩོམ་སྒྲིག་ཞུ་དག་བྱེད་རྒྱུ་ཡིན་པས་ཇི་ལྟར་ཞུ་དག་སོགས་བྱེད་དགོས་པའི་སྐོར་ལམ་སྟོན་དང་འབྲེལ་ཚོགས་མི་སུ་ལའང་ཞུ་དག་གི་བརྒྱུད་རིམ་ཁྲོད་དགོངས་འཆར་ཆེ་ཕྲ་གང་ཞིག་ཡོད་ཀྱང་དོགས་འཛེམས་མེད་པར་ཞུ་དགོས་ཚུལ་སོགས་ཟབ་གསལ་གྱི་བཀའ་སློབ་གནད་སྨིན་བསྩལ་གནང་མཛད།

 དེ་མཚམས་ཚོགས་མི་རྣམས་ཀྱིས་ཚིག་མཛོད་ཆེན་མོ་ཀ་སྨད་ཀྱི་གོ་རིམ་ལྟར་སྡེ་ཚན་བདུན་དུ་ཁག་བགོས་ཀྱིས་རྩོམ་སྒྲིག་ཞུ་དག་གི་ལས་གཞི་དངོས་སུ་དབུ་བཙུགས་གནང་ཞིང་། དེ་རིང་ཕྱི་ཟླ་༥་ཚེས་༥་བར་སྟེ་ཁྱོན་ཟླ་བ་གཅིག་ལྷག་རིང་གོང་གསལ་སྡེ་ཚན་བདུན་པོ་རྣམས་སྡེ་ཚན་རེར་ཚོགས་མི་མི་འདྲ་བ་གཉིས་ཀྱིས་ཚར་རེ་ཞིབ་བཀླགས་གནང་ཞིང་། བསྣོན་འཕྲི་སྤོར་གཅོག་སོགས་གང་ལ་གང་དགོས་རྩོམ་སྒྲིག་པ་སྤྱི་འགྲོས་དང་མཐུན་པར་མཛད་ཡོད་པར་མ་ཟད། མ་ཚིག་གམ་ཡང་ན་འགྲེལ་བཤད་སོགས་གང་ལ་ཡང་གོ་དཀའ་བའམ་ཡོངས་སུ་མ་གྲགས་པ། ཡང་ན་དོགས་གནས་སུ་བྱུང་རིགས་རྣམས་ཚོགས་མི་ནང་ཁུལ་བཀའ་བསྡུར་ལྷུག་པོར་གནང་ཡོད་པ་དང་། དེ་བཞིན་གཙོ་བོར་རིན་པོ་ཆེ་རང་ལ་དུས་ནས་དུས་སུ་བཀའ་འདྲི་ལམ་སྟོན་ཞུས་པ་སོགས་མདོར་ན་ཕྱོགས་གཅིག་ནས་རྩོམ་སྒྲིག་པ་སོ་སོའི་འདོད་དབང་གིས་བཅོས་ཐལ་དུ་མི་འགྲོ་བ་དང་། ཕྱོགས་གཞན་ནས་ཆད་ལྷག་ནོར་འཁྲུལ་སོགས་མི་འབྱུང་བའི་ཐབས་ཤེས་གང་དྲག་བྱས་པའི་ཁུལ་ལགས།

དེ་ལྟར་ཐེངས་འདིའི་གོམ་པ་དང་པོའི་ལས་གཞི་དེ་ཉིད་ཕྱི་ཟླ་༥་ཚེས་༡༠་ཉིན་མཇུག་བསྡུ་རྒྱུ་ཡིན་པ་དང་། གནས་སྐབས་རིན་པོ་ཆེ་མཆོག་ནས་ཁ་སྐོང་དགོས་རིགས་དང་ད་ཐེངས་ཚོགས་མི་རྣམས་ཀྱིས་རྩོམ་བསྒྲིགས་ཞུ་དག་བྱས་པ་རྣམས་ཞིབ་ཕྲར་གཟིགས་དཔྱད་ཡོངས་རྫོགས་གྲུབ་མཚམས་ཐེངས་རྗེས་མའི་རྩོམ་སྒྲིག་གི་ལས་གཞིའང་མུ་མཐུད་གཉེར་རྒྱུ་དང་། གཞན་ཡང་དེ་སྔོན་ཚིག་མཛོད་ཆེན་མོ་འདི་ཉིད་ཀྱི་སྙན་པ་ཐོས་པའི་རྒྱལ་ཁབ་ཕྱི་ནང་གི་གཙུག་ལག་སློབ་ཆེན་ཁག་དང་། དེ་བཞིན་དཔེ་ཁང་དང་དཔར་སྐྲུན་ཁང་ཁག་མང་པོ་ནས་དཔར་འདེབས་གནང་རྒྱུའི་ཁས་ལེན་སྙན་ཞུ་བྱུང་ཡོད་ནའང་ད་ལྟ་དངོས་སུ་གཏན་ཁེལ་མེད་ཅིང་རིང་མིན་རྒྱལ་སྤྱིའི་སྟེང་ཚད་ལྡན་གྱི་དཔེ་སྐྲུན་ཁང་ཆེ་གྲས་ཤིག་ནས་དངོས་སུ་དཔར་བསྐྲུན་འགྲེམས་སྤེལ་གནང་རེ་ཡོད་པ་ལགས་སོ།

1525531478115153.jpeg
ཞུ་སྒྲིག་སྐབས་ཚོར་སྣང་དང་འབྲེལ་ངོ་སྤྲོད་མདོར་བསྡུས།

སྤྱིར་ན་<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་>>ཞེས་པ་འདི་ནི་དེ་སྔོན་ཡོངས་སུ་གྲགས་པའི་<<བོད་རྒྱ་ཚིག་མཛོད་ཆེན་མོ་>>དང་<<དུང་དཀར་ཚིག་མཛོད་ཆེན་མོ་>>ལ་སོགས་གྲགས་ཆེ་བའི་ཚིག་མཛོད་རྣམས་ཀྱི་ནང་མ་འཁོད་པའི་གནའ་རབས་བོན་གྱི་བཀའ་དང་བཀའ་བརྟེན་དཔེ་རྙིང་ཁྲོད་ཀྱི་ཆེས་རྙིང་པའི་ཞང་བོད་ཀྱི་བརྡ་ཆད་དང་། གནད་ཆེའི་མིང་ཚིག་ཁག་བསེད་བཀྲོལ་བྱས་ཡོད་པར་མ་ཟད། གནའ་དུས་སུ་སྟོད་མངའ་རིས་ཀྱི་ཁོངས་སུ་གཏོགས་པའི་གློ་དོལ་འབྲོག་གསུམ་སོགས་གཙོ་བོར་བྱས་པའི་ཞང་བོད་ཀྱི་ཡུལ་གྲུ་ཁག་ཏུ་འགལ་རྐྱེན་དུ་མའི་བརྒྱུད་རིམ་ནང་ད་བར་ལྷག་ལུས་བྱུང་བའི་སྔ་རབས་བོན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་མིང་ཚིག་དང་། དེང་སྐབས་རིམ་ནས་རིམ་གྱིས་ཉམས་ཉེས་སུ་འགྲོ་བཞིན་པའི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ཁག་གི་ལག་ལེན་བྱེད་སྟངས་སོགས་ཀྱང་ཁ་གསལ་གོ་བདེའི་ལམ་ནས་ཡིག་ཐོག་ཏུ་འཁོད་ཐབས་བྱས་ཡོད་པ་ནི་ཐུན་མིན་གྱི་ཁྱད་བོན་དང་པོ་དེ་ཡིན་ཞེས་བརྗོད་ཆོག

1525531478934951.jpeg

 དེ་བཞིན་ཚིག་མཛོད་ཕལ་མོ་ཆེའི་འགྲེལ་བཤད་གནང་སའི་མ་ཚིག་ནི་མིང་ཚིག་རྐྱང་པ་ཡིན་པ་དང་། དེ་ཡང་ཚིག་གྲུབ་སྟབས་བདེ་ཅན་ཤ་སྟག་ཡིན་ན་ཡང་འདིར་དེ་ཙམ་མ་ཡིན་པར་མ་ཚིག་ཚིག་རྐང་རིང་པོ་དཔེར་ན། ‘‘ཁམས་ས་དགུ་བོན་ཉིད་དབྱིངས་སུ་གཟིགས་པས་བཞུགས་ཡུལ་དམ་པའི་ཕུལ།’’ ཞེས་པ་ལྟ་བུ་དང་། དེ་བཞིན་བླ་མེད་རྫོགས་པ་ཆེན་པོའི་གཞུང་ནས་དཔེ་བསྟན་པ་‘‘སྐྱེར་ཚེར་གྱི་ཕུང་པོ་ལ་སྣང་བ་གསུམ་དུ་མཐོང་བ་བཞིན།’’ ཞེས་པ་དང་། ‘‘ལྗོང་ཤིང་ཡལ་ག་མེ་ཏོག་བསྔོས་ཀྱང་སྡོང་པོར་ཟད།’’ ཅེས་པ་ལྟ་བུ་དང་། ཡང་ཚིག་བཅད་ཡིན་པ་‘‘གྱེན་གཅིག་མ་ཟེགས་ཐུར་མི་སྲིད། ཁེན་ཏེ་མ་བྱས་མངར་པོ་ཡོང་མི་སྲིད།’’ ཅེས་དང་། ‘‘བསམ་ཆུང་བུ་ཆུང་སྐྱོར་ཆོག་བཞག་པ་འདྲ།’’ ཞེས་པ་ལྟ་བུ་དང་། གཞན་ཡང་སྐུལ་ཚིག་ཡིན་པ་‘‘ལས་ཀྱི་སྐྱེ་རྐང་ཆོགས།’’ ཞེས་པ་ལྟ་བུ་སོགས་མདོར་ན་ཚིག་རྐང་རིང་ཐུང་དང་། བཅད་ལྷུག་སྤེལ་མ། བྱ་བྱེད་སྐུལ་ཚིག་སོགས་གང་ཡིན་མིན་ལ་མ་ལྟོས་པར་ཐུན་མོང་ཡོངས་གྲགས་སུ་གོ་དཀའ་བའི་རིགས་དང་། ལྷག་པར་དུ་དེང་དུས་ཀྱི་མཁས་པ་མང་པོས་བརྡ་རྙིང་རེད་ཅེས་གསུངས་པ་ཙམ་ལས་འགྲེལ་བཤད་མེད་པ་ལྟ་བུའམ། ཡང་ན་ཡིག་ཚོགས་ལ་དོགས་ནས་ཟུར་དུ་བཞག་ཅེས་པ་སོགས་གཡོལ་ཐབས་ཤ་སྟག་བྱས་པའི་དཀའ་གནད་དུ་མ་ཞིག་རིན་པོ་ཆེ་མཆོག་གིས་ཚིག་མཛོད་ཆེན་མོའི་མ་ཚིག་རང་དུ་བཞག་སྟེ་གསལ་འགྲེལ་བྱས་ཡོད་པ་ནི་ཐུན་མིན་གྱི་ཁྱད་བོན་གཞན་ཞིག་ཀྱང་ཡིན་པར་སྨོས་ཅི་དགོས་སྙམ།

1525531478441420.jpeg

དེ་ཡང་ཚིག་མཛོད་འདིར་འཁོད་པའི་བོན་གཞུང་གི་མིང་ཚིག་རྣམས་གོ་འགྲེལ་གནང་སྐབས་བརྐུས་བཤུས་བཏུས་བསྒྲིགས་དང་། རང་འདོད་འོལ་ཚོད། ཡང་ན་ཁུངས་མེད་ཧམ་བཤད་ལྟ་བུ་མ་ཡིན་པར་བོན་དཔེ་རྙིང་ཁུངས་ཁག་དུ་མར་གཞི་བཅོལ་འདུག་པས་ལུང་རིག་གི་རྒྱབ་རྟེན་དང་བདེན་དཔང་ཚད་དང་ལྡན་ཞིང་ཡིད་རྟོན་ཕེར་བ་འདུག་པ་དང་། དེ་བཞིན་དམངས་ཁྲོད་ཀྱི་ཐ་སྙད་རྙིང་པ་རྣམས་དང་། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ཁག་གི་ལག་ལེན་བྱ་ཚུལ་སོགས་ཀྱང་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་རིན་པོ་ཆེ་ཁོང་གི་མ་ཡུམ་དམ་པ་སོགས་གནའ་མི་རྒན་རབས་ཚད་ལྡན་ཉམས་མྱོང་ཅན་དག་ལ་དངོས་སུ་དྲི་རྩད་ཞིབ་ཏུ་མཛད་པ་དང་། དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ཀྱིས་མཚོན་པའི་ཆོས་དང་རིག་གཞུང་གཞན་གྱིས་ཤུགས་རྐྱེན་ཧ་ཅང་མ་ཐེབ་པའི་ས་གནས་ཁག་ཏུ་ད་བར་རྒྱུན་འཇགས་སུ་ཡོད་པར་མཐོང་མྱོང་གོམས་གསུམ་དུ་གྱུར་པ་རྣམས་བསྲེག་བཅད་བརྡར་བའི་གསེར་ལྟར་ཏན་ཏན་ཏིག་ཏིག་ཏུ་བྱས་ཏེ་གཏན་འབེབས་དང་བསེད་བཀྲོལ་མཛད་ཡོད་པ་ནི་དེབ་རྒན་རྔམ་མཐུག་གཞན་དང་མི་འདྲ་བར་ཁུངས་ཐུབ་ཚད་ལྡན་གྱི་ཁྱད་བོན་ཡང་ལྡན་འདུག་ཅེས་ཞུ་སྒྲིག་སྐབས་ཀྱི་ཚོར་སྣང་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་བཅས།

<<གནའ་རབས་བོན་གྱི་ཚིག་མཛོད་ཆེན་མོ་>>རྩོམ་སྒྲིག་ཚོགས་མིའི་གྲལ་དུ་ཁྱི་མིང་སེང་གེར་བཏགས་པའམ་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་སྐལ་བཟང་བགོ་སྐལ་ཐོབ་པའི་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་པས། ཕྱི་ལོ་༢༠༡༨་ཟླ་༥་ཚེས་༥་ཉིན་སྟེ་ཐེངས་དང་པོའི་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞི་རྒྱལ་ཁའི་ངང་མཇུག་གྲུབ་ལ་ཉེ་བའི་ཉིན་མོར་སུག་ལས་སུ་བགྱིས་པ་མུ་ཙུག་སྨར་རོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།