ཁྱུང་པོ་སྟེང་ཆེན་དགོན་ནས་མྱ་ངན་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 00:21:05][རྩོམ་པ་པོ། སྟེང་ཆེན་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་པོ་སྟེང་ཆེན་དགོན་ནས ༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་མྱ་ངན་གདུང་མཆོད་ཕུལ་བ།

1506183882113100.jpg

   སྤྱིར་འགྲོ་བ་སྤྱི་དང་སྒོས་སུ་མིའི་རིགས་ལ་མཚོན་ན་གྱོང་གུད་བཟོད་དཀའ་བ་ཞིག་སྟེ།  འགྲོ་བ་རིས་སུ་མ་ཆད་པ་ལ་ཞི་བ་དང་བདེ་ལེགས་ཏེ། བདེ་ཞིང་སྐྱིད་པའི་ལམ་སྟོན་པའི་རླབས་ཆེན་གྱི་སྐྱེས་བུ་རེ་ཞི་བའི་དབྱིངས་སུ་གཟིམས་པ་དེའོ།། 

1506183882294724.jpg
1506183882431221.jpg

   དེ་ནི་དི་རིང་ལ་མཚོན་ན། སྙིགས་དུས་བསྐལ་ཁུགས་གསོ་བའི་སྟོན་པ། འཛམ་གླིང་བོན་འབངས་ཡོངས་ཀྱི་གཙུག་རྒྱན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་གཅིག་བསྡུས་ཀྱི་རང་གཟུགས། ཟབ་ཅིང་རྒྱ་ཆེ་བའི་ལུང་དང་རྟོགས་པའི་བོན་གྱི་འཁོར་ལོ་དང་བཤད་དང་སྒྲུབ་པའི་བསྟན་པའི་དབུགས་རྒྱུན། འཆད་རྩོད་རྩོམ་པའི་འོད་ཀྱི་སྣང་བ། གངས་རིའི་ཞིང་ཙམ་མ་ཚད་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་སྤྲིན་བྲལ་མཁའ་ལ་ཉི་མ་འཆར་བ་བཞིན་ཡོངས་སུ་དར་རྒྱས་ཁྱབ་སྤེལ་མཛད་པའི་རླབས་ཆེན་གྱི་ཕྲིན་ལས་ཅན  ༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པ་འདིའོ།།

1506183882630802.jpg
1506183882106826.jpg

   སྤྱི་ལོ ༢༠༡༧ལོའི་༩ཚེས༡༤ལ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་གཏམ་ངན་དེ་རྣ་བར་ལྷུང་མ་ཐག་ནས་ང་ཚོ་འདི་གའི་བླ་སློབ་ཡོངས་རྫོགས་སེམས་ཕམ་སྐྱོ་གདུང་ཆེན་པོ་བྱུང་སོང་ལ ་སྤྱི་ཚེས ༡༥ ཉིན་སྒྲུབ་གྲྭ་རྣམས་ནས་གསོལ་འདེབས་སྨོན་ལམ་གང་འགྲུབ་གསུངས་པ་དང་། གཞན་གྲྭ་ཚང་རྣམས་ནས་རང་རང་སོ་སོའི་གྲྭ་ཤག་ཏུ་མྱ་ངན་གདུང་བའི་སྒོ་ནས་གསོལ་འདེབས་སྨོན་ལམ་དང་ཚོགས་བསགས་དགེ་སྒྲུབ་བྱས། 

1506183882637817.jpg

   སྤྱི་ཚེས ༡༦ ཉིན་འཚོགས་ཁང་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ཁང་གི་དབུས་སུ་ཐུགས་དམ་གཡོ་མེད་ཀྱི་སྐུ་པར་མཇལ་གྲོལ་རིན་པོ་ཆེའི་མདུན་དུ་རྣམ་ལྔའི་མཆོད་ཚོགས་སྤྲིན་གྱི་ཕུང་པོ་ལེགས་པར་བཤམ་ནས། ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་མཁན་པོ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དབུས་པའི་དགོན་འདིའི་མཁན་སློབ་དགེ་རྒན་རྣམ་པ་དང་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་བ་ཡོངས་དང་བཀའ་རྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གི་ལས་མི་རྣམས་དང་གྲྭ་ཚང་དང་བཅས་ཡོངས་ནས། སྐྱོ་གདུང་དྲག་པོ་དང་དད་མོས་འདུན་པའི་ངང་ནས་ཐོག་མར་བླ་མ་མཆོད་པ་དང་མགོན་པོ་གང་གི་གསོལ་འདེབས་དབྱངས་སུ་གྱེར།  དེ་ནས་ཞི་ཁྲོའི་སྨོན་ལམ་རང་གྲོལ་ཆེན་མོ་དང་ཚེ་དབང་སྨོན་ལམ།  བོན་སྐུའི་སྨོན་ལམ་སོགས་གསུངས་ནས་མགོན་པོ་གང་གི་ཐུགས་ཀྱི་བཞེད་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པའི་གསོལ་བ་དང་སྨོན་ལམ་བཏབ་ཏེ་ཉིན་ཚོགས་བྱས། 

1506183882122898.jpg
1506183882374419.jpg

   ཕྱི་ཉིན་སྤྱི་ཚེས17ཉིན་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་བཤད་སྒྲུབ་འདུས་སྡེ་ཡོངས་ནས་ནས་མགོན་པོ་གསོལ་འདེབས་དང་སྨོན་ལམ་རྣམ་གསུམ་བཅས་གསུངས་ཤིང་།  ཆུ་ཚོད་བཅུ་པ་ནས་བདུན་པའི་བར་བཤད་སྒྲུབ་དགེ་སློབ་གྲྭ་ཚང་ཡོངས་ནས་མཉམ་མེད་བླ་མ་སྒྲུབ་པའི་གཞུང་བསྲང་ནས་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བླ་མ་དགྱེས་པའི་མཆོད་སྤྲིན་དུ་ཕུལ་བ་དང་། ཁྱུང་པོ་སྟེང་ཆེན་དགོན་གྱི་སློབ་དཔོན་རྒྱལ་བ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བསླབ་གསུམ་འདུས་པ་རྒྱ་མཚོའི་སྡེ་ལ་སྐུ་འགྱེད་དང་སྨོན་ལམ་མང་ཇ་བཅས་གནང་། 

   ཕྱི་དྲོ་དུས་ཚོད་བརྒྱད་པ་ནས་རྗེ་བླ་མ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས་ཀྱི་དད་འདུན་གདུང་ཤུགས་དྲག་པོའི་སྒོ་ནས་བླ་མ་མཆོད་པ་དང་བསྟོད་པ་རྣམ་རྒྱལ་ཁང་བཟང་དབྱངས་སུ་གྱེར། དགོན་ཞབས་ལྷ་སྡེ་མི་དམངས་བཅས་ནས་སྣང་གསལ་སྒྲོན་མེའི་མཆོད་པ་ཁྲི་ལས་བརྒལ་བ་ཕུལ་བ་སྦྲག་སྡེ་དགོན་གཉིས་ཀྱི་སེར་སྐྱ་ཡོངས་ནས། ༧ སྐྱབས་རྗེ་མགོན་པོ་གང་གི་གསོལ་འདེབས་དབྱངས་སུ་གྱེར་བཞིན། ཐུགས་དམ་གཡོ་མེད་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་གུས་ཕྱག་དང་མཇལ་དར་ཕུལ་ཏེ། དམ་པ་གང་གི་ཐུགས་ཀྱི་དགོངས་པ་མི་ཉམས་ཞིང་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་དང་། ཤུལ་ལུས་བདག་ཅག་ཚོགས་ལ་ཐུགས་ཀྱི་བརྩེ་བས་མི་འདོར་བའི་གསོལ་བ་ཕུར་ཚུགས་བཏབ་ཏེ། སླར་ཡང་གདུལ་བྱ་འགྲོ་བའི་མགོན་ཏུ་རྒྱལ་ཚབ་ཉི་མ་གཞོན་ནུ་མི་འགྱངས་མྱུར་བར་འཆར་བའི་རེ་སྨོན་དང་བཅས་ནས་དགོང་ཞག་གསུམ་གྱི་རིང་དུ་དགོངས་རྫོགས་གདུང་མཆོད་སྨོན་ལམ་འདི་ལྟར་ཕུལ་བ་ལྟར་དེ་བཞིནཏུ་དགེ་བར་གྱུར་ཅིག།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།