མཚོ་ལྷོའི་བོན་བརྒྱ་བོན་པོ་སྤྱི་བས་༧རྗེ་སྨན་རི་ཚང་ལ་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-23 20:16:31][རྩོམ་པ་པོ། སྟོད་ཀྱི་མི་བོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170923195012.jpg

     ༄༅།། འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ༧ཞྭ་དཀར་བསྟན་པའི་གཙུག་རྒྱན༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཕྱི་ལོ༢༠༡༧ཟླ༩བའི་ཚེས༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་ཉེར་ལྔའི་སྟེང་བོན་གྱི་གདན་ས་ཆེན་མོ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་འཕྲལ།

 微信图片_20170923194955.jpg微信图片_20170923191045.jpg

     འདི་ཕྱོགས་ཀྱི་རྗེས་འཇུག་བུ་སློབ་དང་དད་ལྡན་དམངས་ཚོགས་རྣམས་ལ་མགོ་ཐོག་གི་ཉི་མ་ནུབ་པ་དང་དྭ་ཕྲུག་མས་བོར་བའི་སྡུག་བསྔལ་གྱིས་གདུང་སྟེ་རེ་ཞིག་ཅི་བྱ་གཏོད་མེད་དུ་གྱུར་ནས་ཆུ་ཚོད་གང་མཚམས་འགོར་རྗེས། ཁོང་རིན་པོ་ཆེས་སྐུ་འཚོ་བཞུགས་ཀྱི་དུས་སུ་དུས་ངན་རླུང་ནག་གི་མུན་པའི་ཀློང་ནས་འཇིགས་མེད་གཡུ་འབྲུག་གི་གད་རྒྱངས་མཁའ་རུ་མཆེད་དེ་འཛམ་གླིང་ཤར་ནུབ་གང་སར་བོད་ཀྱི་ཤེས་རིག་སྤྱི་དང་ལྷག་སྒོས་གཤེན་བསྟན་འོད་ཀྱི་སྣང་བས་ཁྱབ་པར་བྱས་པའི་བཀའ་དྲིན་དྲན་བཞིན། ངེད་ཅག་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་རེ་ཞིག་མི་རྟག་པའི་ཚུལ་བསྟན་པར་ཡིད་སྐྱོ་བ་ཆེན་པོས་གདུང་ཤུགས་དྲག་པོ་དང་བཅས།

微信图片_20170923191127.jpg微信图片_20170923191133.jpg

     མཚོ་སྔོན་མང་རྫོང་གི་བོན་བརྒྱའི་བོན་པོ་སྤྱི་བས་རིན་པོ་ཆེ་གང་གི་གདུང་མཆོད་ལ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་། ལྷ་སྡེ་མི་འབངས་ཡོངས་ཀྱིས་ཀྱང་གཅོད་པ་དང་སྙིང་བོ་རྣམ་གསུམ། མཎྚལ་དང་སྨྱུང་གནས་ཡན་ལག་བརྒྱད་པའི་སྡོམ་པ་ལ་གནས་ཅི་ཐུབ་ཀྱིས་དགེ་སྒྲུབ་ཚོགས་བསགས་ཀྱི་ལས་ལ་འབད་པ་དང་། ལྷག་སྒོས་མར་མེ་ཁྲི་ཕྲག་དུ་མས་མཆོད་པ་ཕུལ་ནས་གདུང་སེམས་མཉམ་བསྐྱེད་དང་དགེ་སྒྲུབ་ཁས་བླངས་སོགས་ཀྱི་གདུང་མཆོད་རྒྱ་ཆེར་སྤེལ་བའོ། །

 微信图片_20170923194917.jpg

   ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་དུས་ཁྱད་པར་ཅན་ལ་བོན་བརྒྱའི་བོན་པོ་སྤྱི་བའི་སྔགས་འཆང་རིག་འཛིན་འདུས་མང་དང་ལྷ་སྡེ་སེར་སྐྱ་མང་པོ་མཉམ་འཛོམས་ཐོག གསས་ཁང་ཆེན་མོ་རུ༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་རིན་པོ་ཆེའི་མདུན་དུ། མཚན་མ་རྫས་ཀྱི་མཆོད་པ་རྣམ་ལྔ་དང་རྣམ་བརྒྱད། རྟགས་བརྒྱད་དང་ནོར་བདུན་སོགས་ཀྱི་མཆོད་ཚོགས་རྒྱས་པ་དངོས་སུ་བཤམས་ཏེ་སྨོན་ལམ་རྣམ་གསུམ་གསུང་བཞིན་སྐུ་པར་ལ་མཇལ་ཁ་ཞུས་པ་དང་། མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་ཁོང་རིན་པོ་ཆེའི་གསོལ་འདེབས་དད་འདུན་དྲག་པོའི་གདུང་ཤུགས་ཀྱིས་གྱེར་ནས་མཇུག་གྲུབ་པར་བྱས་སོ། །

 微信图片_20170923191137.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།