ཁྱུང་ཡུལ་དཔའ་བརྡའི་སྡེ་དགོན་གཉིས་ཀྱིས༧སྐྱབས་རྗེ་དམ་པ་ཟུང་གི་དགོངས་རྫོགས་མཆོད་འབུལ།

[ཟླ་ཚེས། 2017-09-19 14:37:57][རྩོམ་པ་པོ། ཁྱུང་གསེར་ཞུན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཁྱུང་ཡུལ་དཔའ་བརྡའི་སྡེ་དགོན་གཉིས་ཀྱིས༧སྐྱབས་རྗེ་དམ་པ་ཟུང་གི་དགོངས་རྫོགས་མཆོད་འབུལ་ཞུས་པའི་གནས་བསྡུས།

1.jpg

དེ་ཡང་བསྟན་འགྲོ་སྤྱི་དང་ཁྱད་པར་བོན་འབངས་འགྲོ་བའི་ལྷ་སྐལ་གཅིག་པུ༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྤྱི་རྗེ་ཆེན་མོ། དཔལ་ལྡན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་།  ༧གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ཡ་གྱལ་དབང་ལྡན་ཞུ་ཡི་གདུང་སོན་དཔལ་ལྡན་ཞུ་དགོན་སྨིན་གྲོལ་གླིང་གི་ཁྲི་འཛིན་དམ་པ་མཆོག་གཉིས་དུས་མཉམ་ཉིན་གཅིག་ལ་སྐུ་མི་རྟག་ཞི་བར་གཤེགས་པའི་ཚུལ་བསྟན་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་དོན་ལྟར།      

 2.jpg

ཕྱོགས་སོ་སོའི་དད་ལྡན་སྡེ་དགོན་ཡོངས་ཀྱིས་དགོངས་རྫོགས་མཆོད་འབུལ་ཞུས་དང་ཞུ་མུས་ལྟར།  ཆེད་དམིགས«ཧི་མ་ལ་ཡའི་བོན་དྲྭ་ཚིགས»སུ་དེ་འདྲའི་གནས་གསར་སྤེལ་བའི་གོ་སྐབས་བཟང་པོ་བསྩལ་དོན་བཞིན།  འདིར་ཁྱུང་པོ་དཔའ་བརྡའི་ཡུལ་ཤོག་གི་གྲོང་ཚོ་དྲུག་དང་ཞུ་དགོན་སྨིན་གྲོལ་གླིང་གི་འདུས་སྤྱི། དེ་བཞིན་འདིར་ཚད་མའི་རིག་གྲྭར་ཕེབས་པའི་དཔལ་ག་ཤེལ་ཤར་གྲོལ་སྨིན་གླིང་གི་བཤད་གྲྭའི་དགེ་སློབ་ཐུན་མོང་གིས།  དམ་པ་གང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་དང་དགོངས་རྫོགས་མཆོད་འབུལ་གྱི་དགེ་སྒྲུབ་སྟེ།

 微信图片_20170919143655.png3.jpg

  ༧ཞུ་དགོན་སྨིན་གྲོལ་གླིང་གི་སྤུ་རྒྱལ་རིག་སློབ་ཁང་དང་། ༧ དབང་ལྡན་ཞུ་ཚང་བླ་བྲང་གི་མཆོད་ཁང་གཉིས་ཁག་སོ་སོར་མགོན་པོ་གང་གཉིས་ཀྱི་སྐུ་པར་དང་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་སོ་སོར་བཞུགས་སུ་གསོལ་བའི་མདུན་དུ། ཚངས་རྒྱུང་རི་གླིང་གི་བཀོད་པ་ཚང་བའི་རིན་ཆེན་མཊྞལ་གཙོས་མི་ཟད་ཀུན་བཟང་མཆོད་པའི་ཕྲེང་བ་ཚར་དུ་དངར་བའི་བཤམ་བཀོད་དང་འབྲེལ།  དགུང་ཞག་གསུམ་རིང་འདུས་སྡེའི་དགེ་སློབ་ཡོངས་ཀྱིས་ཚེ་དབང་བོད་ཡུལ་མའི་སྒོ་ནས་ཚོགས་མཆོད་དང་།  མགོན་པོ་གང་གཉིས་ཞི་བར་གཤེགས་སྐབས་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་འགྲུབ་པའི་གསོལ་བ་བསྔོ་སྨོན་བཅས་ཉིན་མཚན་བར་མེད་དུ་བསྒྲུབས།

4.jpg微信图片_20170919143704.png

དེ་ནས་དྲོས་བཞིའི་ཐོག་འདུས་སྡེའི་དགེ་སློབ་ཡོངས་དང་།  ཕྱོགས་སོ་སོའི་རི་ཁྲོད་པ་རྣམ་པ།  གྲོང་ཚོ་སོ་སོའི་བོན་གཤེན་བཅས་རྒྱས་འཛོམས་ཐོག   གསས་མཁར་རིན་པོ་ཆེ་སྤྱི་དཔུང་ཞི་ཁྲོའི་སྒོ་ནས་ཚོགས་མཆོད་དང་།  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོག་ཞུས།   དེ་དང་ལྷན་གདུང་མཇལ་སྐབས་བླ་མ་མཆོད་པའི་ཆོ་ག་རྣམ་དག་འགྱུར་མེད་མ་དང་།  སྨན་རི་བ་ཆེན་པོའི་བསྟོད་པ་རྣམ་རྒྱལ་ཁང་བཟང་།   ཟབ་ལམ་བླ་མའི་རྣལ་འབྱོར་བཅས་ཀྱི་སྒོ་ནས་དད་ལྡན་སེར་སྐྱ་ཡོངས་ཀྱིས་གདུང་མཇལ་གསོལ་སྨོན་དང་འབྲེལ།  རང་འཁོས་དང་བསྟུན་པའི་དགུང་ཞག་སོགས་སུ་དམར་ཟས་སོགས་སྡིག་ཚོགས་སྤང་བའི་དམ་བཅའ་དང་།  བསྙེན་བསྙུང་།  སྐོར་ཕྱག  ཐོས་བསམ།  སྒོམ་སྒྲུབ་སོགས་དགེ་རྩ་ཅི་རིགས་སྒྲུབ་པའི་གཡར་དམ་ཞུས།  

5.jpg6.jpg

དེ་བཞིན་མ་འོངས་དགུང་ཞག་གི་བདུན་ཚིགས་སོ་སོར་གོང་ལྟར་སྡེ་དགོན་སེར་སྐྱ་མཉམ་འཛོམས་ཀྱིས་ཚོགས་མཆོད་གསོལ་སྨོན་གཙོས་དགོངས་རྫོགས་གདུང་འདབས་མཆོད་འབུལ་ལ་བརྩོན་རྒྱུའི་འཆར་གཞི་བཅས།   ཐེངས་འདིའི་དགོངས་རྫོགས་ཞུ་བའི་གནས་བསྡུས་སུ་དམ་པ་ཟུང་གི་སྐྱབས་འོག་པ་ཁྱུང་གསེར་ཞུན་པས་སྒོ་གསུམ་དད་པའི་ཕྱག་དང་བཅས།  ༢༠༡༧་༩་༡༩

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།