གཡུང་གླིང་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་གྱི་མྱ་ངན་འཚམས་ཞུ།

[ཟླ་ཚེས། 2017-09-18 17:56:07][རྩོམ་པ་པོ། གཡུང་དྲུང་གླིང་མཁན་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170918170232.jpg

ཉེ་ལམ་སྤྱི་ཚེས་༡༤ཉིན་༧གྲུབ་མཐའི་རྒྱལ་པོ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་མོ་མཚན་བརྗོད་པར་དཀའ་ནའང་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་༧དཔོན་གསས་བླ་མ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བདག་ཅག་ཐུན་མོང་གདུལ་བྱའི་སྣང་ངོར་གདོས་བཅས་སྐུ་ཡི་བཀོད་པ་བསྡུས་ཏེ།  ཐུགས་དམ་གཡོ་བ་མེད་པའི་ངང་ཞིངས་ཁམས་གཞན་དུ་གཤེགས་པ་ནི་འཛམ་གླིང་འགྲོ་བ་སྤྱི་དང་། སྒོས་སུ་ལས་སྨོན་གྱིས་འབྲེལ་བའི་རང་ཅག་བོན་འབངས་ཡོངས་རྫོགས་བློ་ཕམ་དང་ཡིད་འགྱོད་ཀྱི་གནས་དང་། ཡང་སྒོས་སུ་གུས་རང་༧གདན་ས་འོག་མའི་མཁན་ཆེན་དམ་པའི་ཁྲི་འཛིན་གྱི་གྲལ་མཐར་སླེབས་ནས་གཟུང་༧གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་རྒྱུད་ལུང་མན་ངག་ཡོད་དོ་ཅོག་ཆུ་མགོ་གངས་ལ་གཏུག་པ་ལྟར་༧སྐྱབས་རྗེ་བ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་སྐུ་མདུན་ནས་ཞུ་ཐུབ་པའི་རེ་སྨོན་གསོལ་འདེབས་ཉིན་མཚན་དུས་དྲུག་ཀུན་ཏུ་ཞུ་བཞིན་ཡོད་ཀྱང་། སྤྱིར་ན་འགྲོ་བ་སྤྱི་མཐུན་གྱི་ལས་དབང་ཞན་པ་དང་།  བྱེ་གྲག་ཏུ་ངོས་རང་གི་བསོད་ནམས་ཀྱིས་མ་ཐེག་པར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཤོར་བར་དེ་བས་ཀྱང་སྐྱོ་གདུང་ཚད་ལས་འདས་ནའང་། ད་ནི་རང་རེ་གཡུང་དྲུང་བོན་ལུགས་འཛིན་པའི་འགོ་དམངས་ཡོངས་ཀྱིས་ཐུགས་མཐུན་དམ་གཙང་ངང་གང་ནུས་ཅི་ལྕོགས་ཀྱིས་དགེ་སྒྲུབ་སྡིག་སྤོང་ཚུལ་བཞིན་གནང་རྒྱུ་དང་།   ལྷག་པར་དུ་འདས་པའི་ལོ་ལྔ་བཅུ་རིང་ལྷག་ཙམ་༧སྐྱབས་རྗེ་གང་ཉིད་ཀྱིས་དབུ་ཁྲིད་པའི་བཀའ་དྲིན་འོག་གཞིས་གྱེས་གཉིས་ཀྱི་གདན་ས་ཁག་གཙོ་བོར་གྱུར་པའི་བོན་གྱི་འདུས་སྡེ་ཕལ་མོ་ཆེ་ལ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཚུལ་བཞིན་ཚུགས་ཡོད་པས། དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་རྒྱུ་ནི་དམ་པ་གང་ཉིད་ཀྱི་དགོངས་གཞི་ཉག་གཅིག་དེ་ཡིན་པས་དེ་དོན་ཀུན་གྱི་ཐུགས་དབུས་སུ་འཛིན་རྒྱུ་ལས་ལྷག་པའི་བྱ་ཐབས་གཞན་ཅི་ཡང་མ་མཆིས།

གཞན་ཡང་འདིར་དམིགས་སུ་བཀར་ནས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོ་བོར་བྱེད་པའི་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྲུལ་འདུས་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ་མ་ཚད། འདིར་ཡང་གཡུང་དྲུང་གླིང་འདུས་སྤྱི་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གདུང་འདེབས་མཆོད་འབུལ་གང་རྒྱས་ཞུས་དང་ཞུ་མུས་ལགས་ཤིང་། ངོས་ནས་ཀྱང་དམ་པ་གང་གི་དགོངས་པ་རྫོགས་ཕྱིར་གསོལ་འདེབས་སྨོན་ལམ་ཆག་མེད་ཞུ་བཞིན་པ་དང་།  སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཉིན་དེ་གའི་༧གདན་སར་མཆོད་འབུལ་ཞུ་འཆར་ཡོད་པ་མ་ཟད། གོ་སྐབས་འདི་རྒྱུད་ནས་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོན་འབངས་སྤྱི་བོ་གནམ་གཏན་ཡོངས་ལ་གོང་ཞུས་ལྟར་སྤྱིར་དུས་དང་རྣམ་པ་ཀུན་དང་།  ལྷག་པར་དུ་དགུང་ཞག་ཞེ་དགུའི་རིང་ཆེ་ཕྲ་ཆུང་གསུམ་གྱི་དགེ་སྒྲུབ་སྡིག་སྤོང་གནང་བའི་རེ་སྨོན་དང་བཅས།

༧གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་མཁན་མིང་ཙམ་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་གྱིས།

སྤྱི་ལོ་༢༠༡༧ཟླ་༩ཚེས་༡༦ཉིན་ཕུལ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།