མདོ་སྨད་རྟོགས་ལྡན་དགོན་གྱི་ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སྒྲུབ་ཐོན་མཛད་སྒོ།

[ཟླ་ཚེས། 2017-05-11 22:57:43][རྩོམ་པ་པོ། རྟོགས་ལྡན་དོ་དམ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170511223449.jpg

མདོ་སྨད་རྟོགས་ལྡན་དགོན་གྱི་ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།

微信图片_20170511223633.jpg

     ང་ཚོ་གངས་ཅན་བོད་ལ་མཚོན་ན།  ཚེ་འདི་ཕྱི་གཉིས་ཀྱི་སྙིང་དགོས་མ་ལུས་ལེགས་པར་འགྲུབ་པའི་ནོར་བུ་ཁྱད་པར་ཅན་ཞིག་ཡོད་པ་ནི་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་ཉིད་ལས་ཐེག་པ་ཀུན་གྱི་ཡང་རྩེ་རྫོགས་ཆེན་བླ་མེད་ཀྱི་ཐེག་པ་ཡིན་པར་ཀུན་གྱིས་མཁྱེན་གསལ་རེད། དེ་ན་ང་ཚོ་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་ལ་མཚོན་ན་བླ་རབས་གོང་མ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ནས་བཟུང་གདམས་ངག་གི་བཅུད་མ་ཉམས་ཤིང་ཤེས་རབ་ཀྱི་མདངས་མ་ཡལ་བའི་རྫོགས་ཆེན་བླ་མེད་དེ་ཉིད་གཅིག་ནས་གཅིག་ལ་བརྒྱུད་པ་མ་ཟད། 

微信图片_20170511223428.jpg微信图片_20170511223414.jpg

     རབ་བྱུང་བཅོ་ལྔ་བའི་དུས་དཀྱིལ་ཙམ་ལ་སྙིགས་དུས་འགྲོ་བའི་མགོན་མཆོག་ཆེན་མོ་ཀུན་མཁྱེན་ཤར་རྫ་བ་༧བཀྲ་ཤིས་རྒྱལ་མཚན་ཁོང་ཉིད་གནས་འདི་ལ་བསྟན་པ་སྒོ་བསྐྱར་གྱི་ཚུལ་དུ་ཕེབས་ཏེ། ཞང་ཞུང་རྫོགས་ཆེན་སློབ་གླིང་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་གི་ཐོས་བསམ་གྱི་སྲོལ་རྒྱ་ཆེན་བཏོད་པ་ལ་ང་ཚོ་སྔར་མེད་རྫོགས་ཆེན་གྱི་ལྟ་བར་སློབ་སྦྱོང་གནད་སྨིན་མཛད་པའི་དགའ་དུང་འཕེལ་བ་དང་ཁྱད་པར་དུ་དུས་དེ་ནས་དེ་རིང་སྐྱབས་མཆོག་རྣམ་བཞི་ལ་ཐུག་གི་བར་བརྒྱུད་ཐག་གསེར་གྱི་ཉག་མ་མ་ཆད་ཀྱང་དམ་ཚིག་ཤེལ་དཀར་ལ་གཡའ་ཡིས་མ་གོས་པར་ཟླ་བ་བཅོ་བརྒྱད་ལ་འཆད་ཉན་དང་། ཟླ་བ་བཅོ་བརྒྱད་ལ་ཉམས་ལེན་གྱི་དུས་བཅད་ལྟར་འགྲོ་བཞིན་ཡོད་པ་དང་། འཆད་ཉན་གྱི་རིམ་པ་ལ་ཡང་མདོ་སྔགས་རྫོགས་གསུམ་གྱི་འཆིང་ཆེན་པོའམ་མཛོད་ཆེན་ལྔ་ཡི་སྲོག་ཤིང་སྡེ་སྣོད་མཛོད་ཀྱི་འགྲེལ་ཆེན་སྔ་ཕྱི་དུམ་སོགས་ཐོས་སྒོམ་བླ་མེད་གནང་རྒྱུ་དང་གཞུང་དེ་ཉིད་ཀྱི་རྩ་ཚིག་སོགས་བློ་ལ་ངེས་པར་འགྲོ་དགོས་པ་ཡིན།

微信图片_20170511223517.jpg微信图片_20170511223541.jpg

     དེ་མིན་ཉམས་ལེན་དང་སྒྲུབ་སྦྱོང་གི་རིམ་པ་ལ་ཡང་དམར་མོ་མཛུབ་ཚུགས་ཀྱི་སྔོན་འགྲོ་འབུམ་དགུ་དང་བཀའ་ལུང་རྒྱ་མཚོའི་འབུམ་དགུ་སོགས་ལོ་རེ་འགྲོ་དགོས་པ་དང་། དགུན་མཚམས་སྐབས་སུ་ཡང་གསང་མཛོད་དང་རྫོགས་ཆེན་བོད་ཡུལ་མ་བཅས་ཀྱི་རྩ་རླུང་རིམ་པར་བསྒྲུབས་ཏེ་མཐར་ཆུ་རས་རླུང་རས་བཅུད་ལེན་སོགས་དཀའ་བཅད་སྡུག་རུས་ཀྱིས་ཉམས་ལེན་གནད་ལ་སྣུད་ནས་མཐར་ཐུག་འོད་གསལ་ཐོད་རྒལ་ཟེར་བཞིའི་སྣང་བ་མུན་མཚམས་ཞེ་དགུ་བཅས་ལེགས་པར་རྫོགས་ཏེ་ཚེ་གཅིག་ལུས་གཅིག་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་བཀོད་པའི་གོ་རིམ་ལེགས་པར་རྫོགས་དགོས་པ་ཡིན།

微信图片_20170511223506.jpg微信图片_20170511224054.jpg

     དེ་ན་ད་ཐེངས་ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སྒྲུབ་ཐེངས་ཉེར་གཉིས་པའི་གྲྭ་བཙུན་རེ་རེས་དེ་ལྟར་དཀའ་བཅད་བྱས་ཏེ་མཐར་ཐུག་འབྲས་བཟང་གཡུལ་དུ་ཐོན་པ་ལ་ངེད་རྟོགས་ལྡན་འདུས་སྤྱི་ནས་ཁོང་རྣམ་པར་༼ཞང་ཞུང་རྫོགས་ཆེན་སློབ་གླིང་༽གི་སྒྲུབ་ཐེངས་ཉེར་གཉིས་པའི་སྒྲུབ་ཐོན་མཛད་སྒོ་དང་མཐར་ཕྱིན་དཔང་ཡིག་གནང་བ་དང་སྒྲུབ་གྲྭ་གསར་ཞུགས་རྣམ་པས་ཀྱང་ཉམས་ལེན་དེ་བཞིན་གནང་བ་ལ་གེགས་དང་བར་ཆད་མེད་པར་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་རྟག་བརྟན་གྱི་ཁ་གཡང་རྟོགས་ལྡན་གྲྭ་ཚང་སྤྱི་ཡོངས་ནས་ཞུས་པ་ལགས་སོ། །

微信图片_20170511223928.jpg微信图片_20170511223902.jpg

ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སྒྲུབ་ཐེངས་ཉེར་གསུམ་པའི་སློབ་གཉེར་བ་རྣམ་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།