མདོ་སྨད་ཡུལ་གྱི་ཀུན་མཁྱེན་འཇའ་ལུས་པ་༧ཤར་རྫ་རིན་པོ་ཆེའི་གོས་སྐུ་ཆེན་མོ།

[ཟླ་ཚེས། 2017-02-10 13:51:35][རྩོམ་པ་པོ། ཞྭ་དཀར་བ་གདོང་ལི།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

52474888960760365.jpg

བཀྲ་ཤིས་མཁྱེན་བཟང་བ་གམ་མངོན་མཐོའི་རྩེར།།
ལུང་རྟོགས་བསྟན་པའི་རྒྱལ་མཚན་བསྒྲེང་མཁས་པ།།
དཔལ་ལྡན་བླ་མ་སྐྱབས་གསུམ་འདུས་པོ་དངོས།།
དགེ་ལེགས་ཀུན་གྱི་འབྱུང་གནས་ཁྱེད་རབ་བསྔགས།།

266334622769702597.jpg

    ཅེས་དཔལ་ལྡན་མཁས་པའི་དབང་བོ་རྗེ་རྟོགས་ལྡན་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་སྙིགས་དུས་བསྟན་པའི་མངའ་བདག་ཀུན་མཁྱེན་ཤར་རྫ་བ་མཆོག་ལ་མཆོད་པར་བརྗོད་པའི་ཚིག་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བ་དེས་དབུ་དྲངས་ནས། དེ་རིང་རང་ཅག་ཡོངས་ཀྱི་བསོད་ནམས་ཀྱི་ཕུང་བོ་གཅིག་ཏུ་སྤུངས་པའི་རྣམ་དཀར་དཔག་བསམ་ལྗོན་པའི་ཡལ་འདབ་ལས་འཁྲུངས་པའི་སྡེ་སྣོད་གཞུང་བརྒྱའི་ཚིག་ལ་སྒྲོ་འདོགས་བཅད། དོན་གྱི་གནད་ལ་ཉམས་བཞེས་གནང་བའི་མཁས་པ། དམ་ཚིག་སྡོམ་པའི་ཁྲིམས་རྣམས་མིག་གི་འབྲས་ལྟར་སྲུང་ནས་དག་པའི་བཙུན་པ། རང་དོན་སྤངས་ནས་གཞན་དོན་ཁུར་ཆེན་དང་དུ་བླངས་པའི་བཟང་པོ། ཉམས་རྟོགས་དབལ་སོ་སྒྲུབ་པས་བརྡར་བའི་གྲུབ་དབང་ཆེན་པོ་ཡུལ་རྫ་ཁོག་ནས་སྐུ་བལྟམས་ཀྱང་ཐུགས་བསྐྱེད་མཛད་འཕྲིན་སྲིད་གསུམ་གླིང་བཞིར་ཁྱབ་པའི་གཅམ་བུ་དང་ཟོལ་བསྟོད་ཙམ་མིན་པར་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་མོ་ཀུན་མཁྱེན་གྲུབ་དབང་འཇའ་ལུས་པ་༧ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེས་འཁོར་བ་ལ་སྙིང་པོ་མེད་པར་གཟིགས་ཏེ་མི་ཚེ་བོན་དང་བསྲེ་བར་ཐུགས་ཐག་བཅད་ནས་ངན་པའི་གནས་སྤངས་བཟང་པོ་དབེན་པའི་རི་ཁྲོད་འགྲིམས་པའི་རྟེན་འབྲེལ་ཡར་ཚེས་ཀྱི་ཉིན་མོ་རེད།

340711817162516760.jpg

    སྤྱིར་ཀུན་མཁྱེན་ཆེན་པོ་ཁོང་ནི་སངས་རྒྱས་བསྟན་པ་སྤྱི་ལྷག་པར་དུ་གངས་ཅན་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་གྱི་བསྟན་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན། རྟོགས་ལྡན་ཚུལ་ཆེན་མཁས་པ་མའམ་རྟོགས་ལྡན་༧ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ཚང་གི་སྐུ་རིང་ལ་རྗེ་གྲུབ་དབང་ཆེན་པོའི་མཁས་བཙུན་བཟང་གསུམ་གྱི་མཛད་བཟང་ཡངས་པའི་གླིང་འདིར་དབྱར་གྱི་འབྲུག་སྒྲ་ལྡིར་བ་ལྟར་ཁྱབ་པའི་སྐབས་དེར་ཚུལ་ཆེན་མཁས་པ་མ་ཚང་གིས་གྲུབ་དབང་རིན་པོ་ཆེའི་བཀའ་འབུམ་དག་ལ་མཇལ་བས་བཅོས་མིན་དད་པ་འཁྲུངས་ནས་གྲུབ་དབང་རིན་པོ་ཆེ་ཡུལ་ཨ་མདོའི་ཕྱོགས་སུ་གདན་དྲངས་འདོད་ཀྱི་ཐུགས་བསྐྱེད་འཁྲུངས་ནས་ཞུ་ཡིག་ཡང་ཡང་བསྐུར་མཐར་གྲུབ་དབང་རིན་པོ་ཆེ་མཆོག་གིས་ཨ་མདོར་ཞབས་གསོལ་འཁོད་རྒྱུའི་ཞལ་བཞེས་གནང་། དགུང་ལོ་རེ་གཉིས་པར་ཨ་མདོར་ཞབས་ཟུང་བཀྲ་ཤིས་རི་མོ་ཕབས་པའི་སྐལ་བཟང་ཡིད་ཀྱི་དགའ་སྟོན་ཤར་བ་རེད།

358232746491031493.jpg

    དེ་ནས་རྟོགས་ལྡན་བླ་བྲང་དུ་གདན་ཞུས་མཛད་ནས་རྟོགས་ལྡན་ཚུལ་ཆེན་མཁས་པ་མས་གཙོས་བླ་གྲྭ་ཡོངས་ནས་གྲུབ་དབང་རིན་པོ་ཆེ་ལ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་ཀྱི་གདམས་པ་དང་ལྷག་པར་དུ་གྲུབ་དབང་རིན་པོ་ཆེའི་བཀའ་འབུམ་དག་ལ་གསན་བསམ་མཛད་ནས་ཟླ་བ་དྲུག་གི་རིང་ལ་རྟོགས་ལྡན་དགོན་པར་བཞུགས་ཏེ་བཀའ་དྲིན་བསྐྱངས་པ་རེད། སྐབས་དེར་རྟོགས་ལྡན་ཚུལ་ཆེན་མཁས་པ་མའི་ཐུགས་ལ་དགོན་འདིར་སྒོམ་སྒྲུབ་བྱེད་སའི་གཞི་ཞིག་འཛུགས་དགོས་དགོངས་ནས་གྲུབ་དབང་རིན་པོ་ཆེར་ཞུས་མཐར་རིན་པོ་ཆེས་ཐུགས་རྗེས་བརྩེ་གཟིགས་ངང་རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་ལྷུན་འགྲུབ་འོད་གསལ་ཟླ་གཞོན་གླིང་ཆགས་བཏབ་གནང་བ་རེད།

360124788131306440.jpg

274933289028677933.jpg

    དེ་ལྟར་བཀའ་དྲིན་བླ་ལྷག་ཆེ་བས་བོད་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གངས་ཅན་མདོ་སྨད་རྔ་ཡུལ་རྟོགས་ལྡན་དགོན་ནས་ལོ་རེ་བཞིན་བཀའ་དྲིན་རྗེས་དྲན་དང་ཚེ་རབས་རྗེས་འཛིན་གྱི་ཆེད་དུ་གྲུབ་དབང་ཀུན་མཁྱེན་ཤར་རྫ་རིན་པོ་ཆེའི་གོས་སྐུ་མཐོང་གྲོལ་ཆེན་མོ་བཤམས་ནས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཕུལ་བ་རེད། དེ་བཞིན་ད་ལོ་ཡང་བོད་ཟླ་དང་བོའི་ཚེས་བཅུ་གསུམ་ཉིན་ཞོགས་པར་མཛེས་པའི་མེ་ཏོག་དང་། དྲི་ཞིམ་སྤོས། སྙན་པའི་རོལ་མོས་མདུན་བསུ། བར་ནས་རྟོགས་ལྡན་ཉག་སྤྲུལ་རིན་པོ་ཆེ་གཙོས་བླ་མ་མཁན་པོ་སྒྲུབ་ཐོན་པ་འགས་གོས་སྐུ་མཐོང་གྲོལ་ཆེན་མོ་བཀྲ་ཤིས་ཁ་བཏགས་དཀར་པོའི་སྣ་དྲངས་ཏེ་མདུན་རྒྱབ་ནས་དབུ་གདུགས་དང་རྒྱལ་མཚན་སོགས་ཀྱིས་བསྐོར་ནས་བླ་བྲང་ཁམས་གསུམ་ཟིལ་གནོན་ཆེན་མོ་ནས་ཚོགས་ཆེན་འདུ་ཁང་དུ་གདན་དྲངས་པ་རེད།

273131302676399179.jpg

718419109641983518.jpg

    དེ་ནས་གོས་སྐུ་མཐོང་གྲོལ་ཆེན་མོ་འདུ་ཁང་མདུན་དུ་བཤམས་ཏེ་འདུས་མང་ཡོངས་ཀྱིས་ཁྲུས་གསོལ་རབ་གནས་མཛད་སྐབས་གསོལ་འདེབས་དང་འབྲེལ་ཞལ་ཁེབ་རིམ་གྱིས་ཕྱེ་བ་དང་འདུས་མང་ཡོངས་ནས་མནྜལ་དབྱངས་སུ་གྱེར་ཉག་སྤྲུལ་རིན་པོ་ཆེས་ཕྱག་གསུམ་འཚལ་ཏེ་མནྜལ་ཚོམ་བུ་བཅུ་བདུན་པ་ཕྱག་ཏུ་བསྣམས་ནས་ཕུལ་ཞིང་མཆོད་པ་རྣམ་ལྔ་ལེགས་པར་འབུལ། འདུས་མང་ཡོངས་ནས་བསྟན་པ་རྒྱས་པའི་སྨོན་ལམ་འདེབས་ཀྱིན་དད་ལྡན་མང་ཚོགས་ཡོངས་ལ་མཇལ་ཁ་གནང་བ་ནས་གོས་སྐུ་མཐོང་གྲོལ་ཆེན་མོ་མཇུག་བསྡུས་པ་རེད་ལགས།

910786953527214427.jpg

909619544465745824.jpg

    དེ་ནས་མཚན་མོ་གློག་མཆོད་ཕུལ་ཞིང་ལྷག་པར་དུ་ད་ལོར་སྙིགས་དུས་བསྟན་པའི་མཛེས་རྒྱན་སྐྱབས་རྗེ་༧ཁྲི་བ་རིན་པོ་ཆེ་མཆོག་དག་ཞིང་གཟིགས་པར་རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ་མཆོག་གིས་དམ་པ་ཁོང་གི་ཐུགས་ཟད་པ་མེད་པའི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་ཞིང་ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་བྱོན་པའི་ཆེད་དུ་ཞུགས་མར་གྱི་མཆོད་པ་རྒྱ་ཆེན་སྤེལ་ཞིང་འདུས་མང་ཡོངས་ལ་མང་ཇ་དང་སྐུ་འགྱེད་ཀྱི་ཚོགས་ཆེན་བསགས། དེར་འདུས་འདུས་མང་ཡོངས་ནས་བློ་སེམས་རྩེ་གཅིག་ངང་སྙིང་པོ་རྣམ་གསུམ་དབྱངས་སུ་གྱེར་ནས་སྨོན་ལམ་རྣམ་པར་དག་པའི་རྗེས་གདབས་མཛད་པའོ།།

369226949801889759.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།