རེབ་གོང་བོན་བརྒྱ་དགོན་དུ་ཁྲི་མཆོད་ཆེན་མོའི་ཆོ་ག་རྒྱ་ཆེར་སྤེལ་བའི་སྐོར།

[ཟླ་ཚེས། 2016-07-12 21:59:12][རྩོམ་པ་པོ། བོན་བརྒྱ་བསྟན་འཛིན་མཆོག་སྒྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

0.jpg

རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ད་ལོའི་ཁྲི་མཆོད་ཆེན་མོ་ངོ་སྤྲོད་མདོར་བསྡུས་དང་ཞར་བྱུང་ངེད་བཤད་སྒྲུབ་སློབ་གླིང་གི་སློབ་བུ་ཚོར་བྱ་དགའ་གནང་བའི་ཟུར་ཙམ་གླེང་བ།

     སྟོད་ན་བྱ་ཁྱུང་གངས་ཀྱི་ལྷུན་མཐུག་ཅིང་རྩེ་རྣོ་བ་ལ་སྤྲིན་དཀར་གྱི་ཚོགས་ལང་ལོང་འཁྱུད་པ། སྨད་ན་དགུ་ཆུ་སྔོན་མོའི་ཀླུང་ཡངས་ཤིང་རྒྱུན་རིང་བ་ལ་ཆུ་གནས་ཀྱི་ཚོགས་བག་ཡངས་ཀྱིས་རྩེན་པ། རྒྱབ་ཕྱོགས་སུ་སྨན་གྱི་རི་ལ་རྩི་ཤིང་སྣ་ཚོགས་ཀྱི་ཚལ་རྒྱས་ཤིང་དྲི་ངད་ཕྱོགས་སུ་ལྡིང་བ། མདུན་ཕྱོགས་སུ་སྤང་བྲག་འདྲེས་མའི་ལྷུན་པོ་རལ་གྲིའི་དབྱིབས་དང་ལྡན་པ་ལ་པོ་ཏི་སྟེགས་སུ་བརྩིགས་དང་མཚུངས་པའི་ཞིང་ཚིགས་དུ་མའི་ཐེམ་བསྟར་བ། གཡས་ཕྱོགས་སུ་ཞོ་ལུང་ལྷུན་པོའི་སྟོད་སྨད་བར་གསུམ་ན་རི་དྭགས་དང་གཡུང་དྭགས་སྣ་ཚོགས་སོས་དལ་གྱིས་རྒྱུ་བ། དེའི་མདུན་ཞོལ་ན་འབྲོང་ཆུ་བསིལ་མ་ཤག་ཤག་དང་ལྷིང་ལྷིང་གིས་རྒྱུགས་པ། ཉེ་འཁོར་གྱི་ལྗོན་གསེབ་སྣ་ཚོགས་ན་བྱ་དང་བྱེའུ་མང་པོས་ཀྱུར་ཀྱུར་དང་དིར་དིར་གྱི་སྐད་སྙན་འདྲ་མིན་སྒྲོགས་པ། ལྗང་ལ་ནེམ་པའི་ན་གཤོང་དང་སྤང་ཁུག་སོགས་ན་བཞད་པའི་འདབ་དྲུག་དང་འདབ་བརྒྱད། ཐང་སྐྱེས་དང་ཆུ་སྐྱེས། དཀར་སེར་དང་དམར་ལྗང་སོགས་ཀྱི་སྐྱེད་ཚལ་ན་ཕྱེ་ལེབ་དང་རྐང་དྲུག་གི་ཚོགས་ཀྱིས་སྐྱིད་གླུ་ལེན་པ། དེ་ལྟ་བུའི་རང་བྱུང་གི་མཛེས་ལྗོངས་ཉམས་དགའ་བའི་ལྟེ་བ་ན་ཤེལ་གྱི་མཆོད་རྟེན་བཞིན་དཀར་བརྗིད་ཀྱི་རྩེ་མོ་དགུང་ལ་རེག་པའི་དག་ཞིང་དེ་ནི་གྲུ་འཛིན་གཉིས་པར་གྲགས་པའི་བོན་བརྒྱ་དགོན་ཆེན་ཞེས་བྱ་བ་དེ་ཅི་འདྲའི་ཡིད་དུ་འོངས་ཤིང་བལྟ་ན་སྡུག་པ་ཞིག

1-1.jpg1-2.jpg

     བཀྲ་ཤིས་པའི་ཉི་རྩེ་དང་བསྡོངས་ནས་དད་ལྡན་ཕོ་མོ་ཀུན་གྱིས་མོས་གུས་གདུང་གསུམ་གྱི་ལྷག་བསམ་སྔོན་དུ་བཏང་ནས། ཡོད་ན་བརྒྱ་འབུལ་སྟོང་འབུལ་དང་མེད་ན་མེ་ཏོག་མཆོད་འབུལ་ཞེས་པའི་དཔེ་བཞིན་རང་རང་གི་འབྱོར་ཚོད་ཀྱི་མཆོད་རྫས་ཅི་རིགས་རེ་བསྣམས་ཏེ་ཕྱོགས་ཕྱོགས་ནས་བུང་བའི་ཚོགས་རྣམས་མེ་ཏོག་གི་དྲི་ལ་བསྐྱོན་པ་བཞིན་དགོན་གླིང་འདིར་ངང་གིས་འདུས། དེ་ནས་ཡོན་ཏན་སངས་རྒྱས་དང་མཉམ་ཞིང་སྐུ་དྲིན་སངས་རྒྱས་ལས་ལྷག་པའི་བདག་ཅག་གི་རྩ་བའི་བླ་མ་༧བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དབུ་ནས་བཞུགས་ཤིང་ཞུ་ཕུགས་བོན་ལ་བཅོལ་ཞིང་ལུས་སྤྱོད་དགེ་ལ་གཞོལ་བའི་ངུར་སྨྲིག་འདུལ་བ་འཛིན་པའི་ཚོགས་ཀྱིས་རྒྱལ་ཡུམ་ཤེས་རབ་བྱམས་མའི་ཆོ་ག་ཡི་ཞལ་ཕྱེས་སྟེ་ཚོགས་བསགས་རྣམ་པར་དག་པའི་གཞི་བཟུང་། 

6-1.jpg5-2.jpg

     དེ་དང་བསྟུན་མཆོད་ཡོན་གྱི་ལྷ་སྡེ་དཀར་པོ་རེབ་གོང་སྟོད་སྨད་བར་གསུམ་དང་མང་འབའ་བྱ་གསུམ་སོགས་ཀྱི་གཙོས་ཀན་སུའུ་དང་སི་ཁྲོན་སོགས་ནས་ཡོང་བའི་དད་ལྡན་ཕོ་མོ་རྣམས་ཀྱིས་ཀྱང་མཆོག་གསུམ་ཚོགས་ཀྱི་ཞིང་དུ་དམིགས་ཤིང་སེམས་བསྐྱེད་རྣམ་པར་དག་པའི་ཀུན་བསླང་སྟེ་མཆོད་པ་སྣ་ཚོགས་རིམ་བཞིན་ཕུལ་ཏེ། གསེལ་དངུལ་དང་ཟངས་ལྕགས་སྣ་ཚོགས་ལས་གྲུབ་པའི་མཆོད་རྐོང་ཁྲི་ཕྲག་གི་ནང་དུ་འབྲི་མར་དང་རྩི་མར་གྱི་ཉིང་ཁུ་དྭངས་ལ་སྣུམ་པས་བཀང་སྟེ་ཤུག་པའི་སྒྲོན་ཤིང་ལ་མེ་ཡིས་འཕྲལ་བསྩལ་ནས་མཆོག་གསུམ་གྱི་ཞིང་དུ་ཕུལ་བ་ནི། སྟོན་པའི་ཞལ་ནས། ན་མོ་རིན་ཆེན་འོད་ལས་སྤྲུལ་བ་དེ།། དག་ཅིང་གཙང་མར་བཤམས་པ་ཡི།། མ་རིག་མུན་སེལ་སྒྲོན་མེ་འདི།། བདག་དང་མཐའ་ཡས་སེམས་ཅན་གྱི།། ཉོན་མོངས་སྒྲིབ་པ་སེལ་བའི་ཕྱིར།། བདེར་གཤེགས་རྣམས་ལ་འབུལ་ལགས་ཀྱི།། ཐུགས་རྗེ་དང་ནི་དམ་ཚིག་གིས།། གཉིས་མེད་དོན་གྱིས་བཞེས་སུ་གསོལ།། ཞེས་གསུངས་པ་དང་། 

2-2.jpg2-1.jpg

     གནའ་དེང་གི་ཆུ་རྐོང་སྣ་ཚོགས་ཀྱི་ནང་དུ་གཡའ་ཆུ་དང་རྫ་ཆུ་སོགས་མཁའ་ནས་བབས་པ། དོག་ནས་ལུད་སོགས་ལ་བཟང་དྲུག་དང་མེ་ཏོག་གི་བཅུད་བསྩལ་ཏེ་མཆོག་གསུམ་གྱི་ཞིང་དུ་ཕུལ་བ་ནི། ཡང་ཇི་སྐད་དུ། སྐྱོན་གྱི་གངས་རིའི་རྩེ་བཅོམས་ནས།། དག་ཅིང་གཙང་མར་བཤམས་པ་ཡི།། བག་ཆགས་སྒྲིབ་སེལ་ཚན་ཆབ་འདི།། བདག་དང་མཐའ་ཡས་སེམས་ཅན་གྱི།། ཉོན་མོངས་སྒྲིབ་པ་སེལ་བའི་ཕྱིར།། བདེར་གཤེགས་རྣམས་ལ་འབུལ་ལགས་ཀྱི།། ཐུགས་རྗེ་དང་ནི་དམ་ཚིག་གིས།། གཉིས་མེད་དོན་གྱིས་བཞེས་སུ་གསོལ།། ཞེས་གསུངས་པ་དང་། ཨ་ཀ་རུ་དང་དུ་རུ་ཀ ཛཱ་ཏི་དང་གླ་རྩི། ག་པུར་དང་རྒྱ་སྤོས། སྤང་སྤོས་དང་བྲག་སྤོས། བྲག་ཞུན་དང་བ་ལུ། ཙན་དན་དཀར་པོ་དང་མཁན་དཀར། ཤུག་པ་སོགས་ཀྱིས་གྲུབ་པའི་དྲི་ངད་ཤངས་ལ་སྙོམས་ཤིང་དུ་བ་དབྱིངས་སུ་འཁྱུག་པའི་སྤོས་མཆོད་སྣ་ཚོགས་ཕུལ་བ་ནི། ཡང་ཇི་སྐད་དུ། རི་རྒྱལ་རྩེ་ལ་ནགས་ཚལ་བཅད།། དག་ཅིང་གཙང་མར་བཤམས་པ་ཡི།། དྲི་ཞི་ངད་ལྡན་སྤོས་མཆོད་འདི།། བདག་དང་མཐའ་ཡས་སེམས་ཅན་གྱི།། ཉོན་མོངས་སྒྲིབ་པ་སེལ་བའི་ཕྱིར།། བདེར་གཤེགས་རྣམས་ལ་འབུལ་ལགས་ཀྱི།། ཐུགས་རྗེ་དང་ནི་དམ་ཚིག་གིས།། གཉིས་མེད་དོན་གྱིས་བཞེས་སུ་གསོལ།། ཞེས་དང་།

3-2.jpg3-1.jpg

     འབྲུ་རིགས་སྣ་ལྔ་ལས་གྲུབ་པའི་ཟན་གྱི་གཏོར་མ་མང་པོ་སྣུམ་གྱིས་བྱུག་སྟེ་མར་གྱིས་བཟོས་པའི་མེ་ཏོག་དང་སྤོས་དྲ་དམར་སེར། མེ་ཏོག་ཙམ་པ་ཀ་སྣ་ཚོགས་ཀྱིས་བརྒྱན་ནས་མཆོག་གསུམ་གྱི་ཞིང་དུ་ཕུལ་ཏེ། ཡང་ཇི་སྐད་དུ། རིན་ཆེན་འབྲུ་ལས་བསྐྱེད་པ་དེ།། དག་ཅིང་གཙང་མར་བཤམས་པ་ཡི།། རི་རབ་ལྷ་བསང་མཆོད་པ་འདི།། བདག་དང་མཐས་ཡས་སེམས་ཅན་གྱི།། ཉོན་མོངས་སྒྲིབ་པ་སེལ་བའི་ཕྱིར།། བདེར་གཤེགས་རྣམས་ལ་འབུལ་ལགས་ཀྱི།། ཐུགས་རྗེ་དང་ནི་དམ་ཚིག་གིས།། གཉིས་མེད་དོན་གྱིས་བཞེས་སུ་གསོལ།། ཞེས་དང་། མཛེས་ལ་བཀྲ་ཞིང་ལྕུག་ལ་ལྡེམ་པའི་མེ་ཏོག་སྣ་ཚོགས་ཀྱང་མཆོག་གསུམ་གྱི་ཞིང་དུ་ཕུལ་ཏེ། ཡང་ཇི་སྐད་དུ། དྲོད་གཤེར་བརླན་ལས་བསྐྱེད་པ་དེ།། དག་ཅིང་གཙང་མར་བཤམས་པ་ཡི།། མཛེས་སྡུག་བཀྲ་གསལ་མེ་ཏོག་འདི།། བདག་དང་མཐའ་ཡས་སེམས་ཅན་གྱི།། ཉོན་མོངས་སྒྲིབ་པ་སེལ་བའི་ཕྱིར།། བདེར་གཤེགས་རྣམས་ལ་འབུལ་ལགས་ཀྱི།། ཐུགས་རྗེ་དང་ནི་དམ་ཚིག་གིས།། གཉིས་མེད་དོན་གྱིས་བཞེས་སུ་གསོལ།། ཞེས་གསུངས་སོ།།

4-1.jpg4-2.jpg

    དད་ལྡན་མཆོད་ཡོན་ཀུན་གྱིས་མཆོག་གསུམ་སྐྱབས་ཀྱི་ཡུལ་དུ་དམིགས་ནས་སྙིང་པོ་རྣམ་གསུམ་ངག་ནས་བཟླ་བཞིན་ཡན་ལག་ལྔ་ནི་ས་ལ་རབ་ཏུ་བཙུགས་པའམ་ལུས་ཡོངས་ས་ལ་བསྡེབས་ནས་ལྷ་ཕྱག་གྲངས་མེད་འཚལ་བ་ནི། མཆོད་གཏོར་ལས། ལུས་ཀྱིས་ཕྱག་བགྱིས་ཡན་ལག་ལྔ་ཆར་བཏུད།། ངག་གིས་ཕྱག་བགྱིས་སྤྲོ་བའི་དབྱངས་སང་སང་།། ཡིད་ཀྱིས་ཕྱག་བགྱིས་དགའ་རབ་མཆོག་ཏུ་བསྐྱེད།། ཞེས་དང་། སེམས་ལུང་ལས། ལྷ་ཕྱག་དག་ནི་ཕར་བཙལ་ན།། སྒྲིབ་པ་དག་ནི་ཚུར་གྱིས་ཕྱག། ཅེས་གསུངས་སོ།། དེ་ལྟར་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་བའི་མཆོད་ཚོགས་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པར་ཕུལ།

5-1.jpg6-2.jpg

     དེ་ནས་ཉིན་གུང་གི་བཞེས་པ་གསོལ་བའི་སྐབས་དང་བསྟུན་ནས་ངེད་བཤད་སྒྲུབ་སློབ་གླིང་གི་དབྱར་དུས་ཀྱི་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་བྱ་དགའི་གཟེངས་རྟགས་ཐོབ་པའི་སློབ་བུ་ཚོར་༧སྐྱབས་རྗེ་བོན་བརྒྱ་མཆོག་ནས་གཡུང་དྲུང་སྤུན་གྲོགས་ཡོངས་ཀྱི་དགའ་བའི་དགོད་སྒྲ་དང་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་བྱ་དགའ་ཕུན་སུམ་ཚོགས་པ་གནང་བར་མ་ཟད། རིན་ཐང་གཞལ་དུ་མེད་པའི་བཀའ་སློབ་མང་དུ་གནངས། ༧སྐྱབས་རྗེ་བོན་བརྒྱ་མཆོག་གིས་གསུངས་དོན། ཁྱོད་ཚོའི་རྒྱུད་ན་ཡོན་ཏན་ཕྲན་ཙམ་རེ་ཡོད་པ་དེ་ནི་མདོར་དྲིལ་ན་ཁྱོད་ཚོའི་དགེ་རྒན་དག་གི་བཀའ་དྲིན་ཡིན་པས། དུས་ནམ་ཡང་དགེ་རྒན་གྱི་གསུང་བརྩིས་ནས་སློབ་སྦྱོང་བྱས་ན་མ་འོངས་པ་ན་ཁྱོད་ཚོ་ཡང་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་ཏུ་འགྱུར་ངེས་ཅེས་དང་། མ་འོངས་པ་ནའང་ཁྱོད་ཚོས་དཔེ་ཆ་ཡག་པོ་ཞིག་བལྟ་ཐུབ་པ་བྱུང་ན་ཁོ་ལ་དེ་ལས་ལྷག་པའི་ཞབས་བརྟན་དང་མཆོད་པ་གང་ཡང་མེད་གསུངས་སོང་། རྟགས་དང་རྟེན་འབྲེལ་སུམ་འཛོམས་ཀྱི་ཉིན་དེར། རྗེ་བླ་མ་མཆོག་གིས་སློབ་བུ་ཁྱོད་ཚོ་ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བ་དང་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ། བསྙེན་སྒྲུབ་ལས་གསུམ་སོགས་མཐར་ཕྱིན་ནས་ཚེ་འདི་ལ་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཅེས་སྨོན་པ་དང་བཅས་མཇུག་རྫོགས་སོ།།

7.jpg

     ཕྱི་དྲོར་དགེ་འདུན་པ་རྣམས་ཀྱིས་རྒྱལ་ཡུམ་ཤེས་རབ་བྱམས་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྐལ་བ་དང་ལྡན་པའི་མཆེད་ལྕམ་ཀུན་ལ་རྒྱལ་ཡུམ་ཤེས་རབ་བྱམས་མའི་དབང་རྣམས་ཡོངས་སུ་རྫོགས་པར་བསྐུར། དེ་ནས་བཀྲ་ཤིས་རབ་གནས་བརྗོད་པ་དང་མཐར་བླ་མ་རིན་པོ་ཆེ་གཙོར་མཛད་པའི་སྒྲུབ་པའི་གཤེན་པོ་རྣམས་དང་ཡོན་བདག་ཕོ་མོ་ཀུན་གྱིས་ཚེ་རབས་ནས་བསགས་པའི་དགེ་རྩ་འདུས་བྱས་དང་འདུས་མ་བྱས་མཐའ་དག་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་ཕྱིར་དམིགས་པ་མེད་པར་བོན་ཉིད་ཀྱི་དབྱིངས་སུ་བསྔོས་པ་ལགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།