གཤེན་སྲས་ནོར་བུ་དབང་རྒྱལ་རང་ཉིད་ཀྱི་བསམ་ཚུལ།

[ཟླ་ཚེས། 2016-06-03 17:30:56][རྩོམ་པ་པོ། གཤེན་སྲས་རིན་པོ་ཆེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེའི་དགོངས་བཞེད་དང་འབོད་སྐུལ་གལ་ཆེན།
777.jng.jpg

   ད་ལན་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་བླ་སྤྲུལ་རྣམས་དང་མཁས་པའི་དབང་པོ་དེ་བཞིན་དགེ་བའི་བཤེས་གཉེན་རྣམས་ཀྱི་སྙན་ལམ་དུ་ཞུ་དོན་དུ།
   དེ་རིང་འདིར་བོད་ཀྱི་ཐོག་མའི་རིག་གནས་མྱུར་སྐྱོབས་ཤིང་པར་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་ལས་མགོ་བརྩམས་པའི་གཏམ་བཟང་ཡིན་ཤག་ཤོད་པའི་བང་མི་ཞིག་བདག་གི་སར་སླེབས་པར་དགའ་སྤྲོ་བྱུང་། གུས་པ་སྔར་བཞིན་བདེ་མུས་སུ་གནས་ལགས།
   མཚམས་ཀྱི་ཞུ་དོན། དང་ཐོག་ང་ཚོ་ཚང་མ་དུས་རབས་འདི་དང་སྤྱི་ཚོགས་འདི་འདྲ་ཞིག་གི་སྐབས་སུ་རང་ནུས་ལ་དཔག་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཤ་སྟག་ཡིན་པ་སྨོས་མི་དགོས། ཡིན་ན་ཡང་དོ་སྣང་བྱེད་དགོས་པ་ཞིག་ལ། ངས་བསམ་པར། སྔོན་མའི་རྒན་རབས་རྣམས་ཀྱིས་སོ་ནམ་མ་ཤེས་རོགས་སྡེ་འཚོལ་ཞེས་པའི་དཔེ་ལྟར། རི་བོ་དགེ་ལྡན་པའི་ལུགས་ལྟ་བུར་ཆ་མཚོན་ན་ལོ་རྒྱུས་ཐོག་སྐྱེས་ཆེན་བླ་སྤྲུལ་མང་པོ་དང་མཁས་པའི་དབང་པོ་བསམ་ལས་འདས་པ་སྟོབས་འབྱོར་ཡང་གང་ཆེ་ཆེ་ཡོད་རུང་། གཅིག་སྡུད་གྱི་ཐོག་ནས་བཀའ་འགྱུར་ཚད་ལྡན་གཅིག་ལས་མེད་པ་དང་མིང་ཡང་གཅིག་ལས་མེད། ད་ལྟའི་ཆར་ཡང་རྙོག་གྲ་གང་ཡང་མེད་པར་ཡག་པོ་གང་འདྲ་མི་འདུག་གམ། ང་ཚོ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ནི་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་བཀའ་དྲི་མ་མེད་པ། རྣམ་པར་དག་པ། ལོ་རྒྱུས་རིང་ལ་གཏིང་ཟབ་པ། དོན་སྙིང་ལྡན་པ། རྩ་ཆེའི་བཀའ་འདི་གཅིག་བསྡུད་མ་བྱུང་ན། མི་རེས་མིང་རེ་བཏགས་ཏེ་པར་སྐྲུན་མང་པོ་བྱས་ན། མ་འོངས་པར་གཡུང་དྲུང་བོན་གྱི་བཀའ་འགྱུར་འདི་ཆ་འཇོག་དང་ཕུག་གཏུག་ས་འདི་དང་འདི་ཞེས་ལོ་རྒྱུས་རིམ་པ་བཞིན་ཁ་གསལ་མེད་པའི་གནས་སུ་གྱར་འགྲོ་བའི་ཉེན་ཁ་ཆེན་པོ་འདུག་པ་ལ་བརྟེན་ནས། རང་གི་རེ་བར། མ་འོངས་པར་བཀའ་རིན་པོ་ཆེ་འདིར་བསྟེན་པའི་བོན་འབངས་ཡོངས་དང་དེ་བཞིན་འཛམ་གླིང་གང་སར་ཁྱབ་པའི་ལོ་རྒྱུས་དཔྱད་ཞིབ་པ་རྣམས་ལ་བོན་གྱི་བཀའ་རིན་པོ་ཆེ་ཁུངས་གཙང་སྤུས་དག་ཞིག་མཁོ་འདོན་ཡོང་ཆེད་ད་ཐེངས་བོན་གྱི་བླ་སྤྲུལ་ཆེ་ཁག་རྣམས་དང་མཁས་དབང་རྣམ་པ་བཅས་ཚང་མ་ལྷན་འཛོམ་ཐོག་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སྔོན་མའི་ལོ་རྒྱུས་དང་དུས་བབ་འཕོ་འགྱུར་སྐབས་ལྷག་ལུས་གང་འདྲ་བྱུང་མིན་དང་དེ་དག་མྱུར་སྐྱོབས་གང་འདྲ་བྱས་པ་སོགས་ཀྱི་ཐད་ལོ་རྒྱུས་རབས་དང་རིམ་པ་གཅིག་གྱུར་གཏན་འཁེལ་བཟོས་ནས་མ་དཔེ་ཤིང་དཔར་དུ་བརྐོས་ན་ཡག་པོ་ཞིག་འབྱུང་ས་རེད་བསམ་ནས་ཤར་མར་ཡིག་ཐོག་ཏུ་བཀོད་ནས་སྤེལ་བ་ཡིན་ལགས་སོ། །
   སླད་མར་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བ་དང་དེར་འཛིན་གྱི་སྐྱེས་བུ་རྣམས་ཐུགས་མཐུན་ཁྲིམས་གཙང་དང་སྐུ་ཚེ་གེགས་མེད་ཡོང་བའི་རེ་སྨོན་དང་བཅས།

གུས་པ་གཤེན་སྲས་ནོར་བུ་དབང་རྒྱལ་གྱིས།
༢༠༡༦ལོའི་ཟླ་བ་༦པའི་ཚེས་༡ཉིན་སྤེལ་པའོ། །

འདི་ག་དྲ་བའི་གཙོ་སྒྲུབ་པའི་མཆན། དེ་ལྟར་སྐྱབས་རྗེ་༧རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་ང་ཚོ་གཡུང་དྲུང་བོན་གྱི་བསྟན་པ་ལ་འཛམ་གླིང་ཡུལ་གྲུ་ཀུན་དང་གྲུབ་མཐའ་གཞན་དང་མི་རིགས་གཞན་དག་ལ་ངོམ་ཆོག་ཆོག་ཡོད་པ་ནི་དེང་དངོས་བཞུགས་ཀྱི་༧བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་རིན་པོ་ཆེ་འདི་ཉིད་ཆགས་ཡོད་སྟབས། ང་ཚོ་བོན་ལུགས་པ་སྤྱི་ལ་དབང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད་བདག་སྐྱོང་བྱེད་པའི་འོས་འགན་ང་ཚོ་ལ་དབང་བ་ཡིན་པས་དེང་ཤིང་པར་སོགས་སུ་བརྐོས་པ་ལ་ཡང་པར་གཞི་གང་ལ་འཛིན་དགོས་མིན་དང་ཞུས་དག སྒྲིག་སྦྱོར་སོགས་བླ་མ་རེ་གཉིས་དང་མཁས་པ་རེ་གཉིས་ཀྱིས་ཐག་གཅོད་ཐུབ་ཡ་ཞིག་མིན་ལ། དེ་ཕྱིར་འཛམ་གླིང་གང་སར་བཞུགས་པའི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བླ་མ་དང་སྤྲུལ་སྐུ། མཁན་པོ། སློབ་དཔོན། དགེ་བཤེས། དེ་བཞིན་ཆེད་མཁས་ཞིབ་འཇུག་པ་སོགས་ཐུན་མོང་ཐོག་མི་བརྒྱ་བསམ་པ་གཅིག་གྱུར་ངང་ནས་གྲོས་བསྡུར་དང་བསམ་འཆར་འདོན་རེས་གནང་རྒྱུའི་རེ་བ་ཤིན་ཏུ་ནས་གལ་ཆེ་སྙམ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།