སྨོན་རྒྱལ་བླ་བྲང་དུ་དཀའ་ཐུབ་འཚོགས་པའི་སྐོར།

[ཟླ་ཚེས། 2015-08-19 17:40:22][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།། ཁྱུང་ཡུལ་དཔལ་ལྡན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་ལོ་ལྟར་གྱི་དུས་ཆེན་ཏེ་དབྱར་དུས་གཤེན་གྱི་དཀའ་ཐུབ་ཆེན་མོ་རྨད་བྱུང་སྒྲུབ་གྲྭའི་འདུས་པ་སྡེ་ཚོགས་ཀྱིས་༢༠༡༥ལོར་རྒྱས་ཚོགས་གནང་བ།།
IMG_4030.JPG

གཤེན་རབ་སྤངས་རྟོགས་མཐར་ཕྱིན་བདེ་བར་གཤེགས།།
གྲངས་མེད་ཚོགས་བསགས་གྲང་མེད་སྒྲིབ་པ་སྦྱངས།།
འོག་མིན་གནས་སུ་མངོན་པར་སངས་རྒྱས་ནས།།
འགྲོ་ལ་རྣམབརྩེ་རྒྱལ་བ་མི་ལུས་བཞེས།།
རྣམ་པར་བཞེས་པ་ཁྱོད་ལ་ཕྱག་འཚལ་ལོ།།

IMG_1610.JPGIMG_1612.JPG
ལོ་རྒྱུས་ཀྱི་ཁོག་དབུབ་པ།

   གཡུང་དྲུང་ལྷ་ཡི་སྐད་དུ་ན། ལམ་གསལ་ཧ་ར་པྲ་ཅི་ན། གང་ཟག་མི་ཡི་སྐད་དུ་ན། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་བསྟན་པའི་མདོ། རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། དེ་ཚེ་དེའི་དུས་ན། སྟོན་པ་རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་དེས། འགྲོ་བ་སེམས་ཅན་གྱི་དོན་དུ། མི་བཇེད་ཀྱི་འཇིག་རྟེན། ལྷོ་འཛམ་བུ་གླིང་གི་དམིག་སོག་ཁ་བོན་གྱི་འབྱུང་གནས། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི། རྒྱལ་ས་བར་པོ་སོ་བརྒྱད་དུ་སྐུ་འཁྲུངས་ནས། མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པར་མཛད་དེ། དེ་ཡང་བསྟན་པ་རྗེས་བཞག་གི་མཛད་པ་རྫོགས་ནས། འདུལ་བ་ཁྲིམས་ཀྱི་མཛད་པའི་དུས་ལ་བབ་སྟེ། དེ་ཡང་དང་པོ་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་སྒོ་དྲུང་དུ་བྱོན་ནས། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ལ་གཟིགས་ཏེ། འཁོར་རྣམས་ལ་སྡུག་བསྔལ་བ་འཁོར་བའི་ཉེས་མིག་དང་། སྐྱེ་རྒ་ན་འཆིའི་དར་གུད་དང་། མི་བདེ་སྡུག་བསྔལ་གྱི་གཡང་ས་དང་། ཐར་པ་བདེ་བའི་བྲོད་ཁ་དང་། ཉོན་མོངས་དུག་ལྔའི་ཉེས་སྐྱོན་དང་། སྡུག་བསྔལ་ཆུ་བོ་བཞི་ལ་གཟིགས། རྒྱུ་འབྲས་བདེན་པའི་བོན་རྣམས་དང་། རྣམ་དག་འདུལ་བ་ཁྲིམས་ཀྱི་ལུང་། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་དང་། བླ་མེད་གོ་འཕང་བསྒྲུབ་ཐབས་དང་། མདོ་སྡེ་དུ་མ་གཏན་ལ་ཕབ་ཏེ་གསུངས་སོ། དེ་ནས་རབ་ཏུ་བྱུང་བར་དགོངས་ནས། རྒྱན་དང་ཡོ་བྱད་ལོངས་སྤྱོད་ཐམས་ཅད་སྤངས་ཤིང་། བར་སྣང་སྟོང་པའི་དབྱིངས་རུམ་ནས། ཡེ་ཤེས་ལྷའི་ཐུགས་རྗེ་དང་། ཐབས་ཀྱི་མཆོག་གིས་སྤྲུལ་པ་ལས། རབ་ཏུ་བྱུང་བའི་ན་བཟའ་བླང་བའི་གོས་དྲུག་དང་། ཧོས་རུ་བསིལ་བའི་སྒྲ་སྙན་དང་། པད་ཆ་པད་ཁུག་སྔོན་པོ་དང་། པད་ཤུན་གདིང་བ་ཁུད་དུ་བཅུགས་ཏེ། འཁོར་རྣམས་ཀྱིས་བཤོལ་བས་ཀྱང་མ་ཐུབ་པར། མི་ལས་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དུ་སྤྲུལ་ནས། བར་སྣང་སྟོང་པའི་ཁམས་སུ་འཕུར་སྟེ། འོག་མིན་གྱི་གནས་སུ་བྱོན་ནས། རང་འབྱུང་མཆོད་རྟེན་རྣམ་བཞི་དང་། དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་དུ་རབ་ཏུ་བྱུང་བར་མཛད་དོ། དེ་ནས་བསླབ་གསུམ་ཡོངས་སུ་རྫོགས་པར་དགོངས་ནས། དཀའ་ཐུབ་མཐར་ཕྱིན་པར་མཛད་དེ། སུམ་ཅུ་རྩ་གསུམ་གྱི་གནས་སུ། ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་གཅིག་ཏུ་ཆུ་ལ་འོ་མ་འབྱེད་པ་ཐིག་རེ་དང་། འབྲས་ས་ལུ་ཉག་མ་རེ་གསོལ་ནས། བྱའི་དཀའ་ཐུབ་ལོ་གཅིག་མཛད་དོ། དེ་ནས་རྒྱལ་ཆེན་རིགས་བཞིའི་གནས་སུ། སྤྲེའུའི་རྒྱལ་པོ་ཧ་ན་མན་དྷ་དང་ཐབས་གཅིག་ཏུ། ཤིང་ཏོག་གི་འབྲུ་མ་རེ་དང་། ཤིང་ལོའི་སྟེང་དུ་ཁ་བ་ཆགས་པའི་ཆུ་ཐིགས་པ་རེ་གསོལ་ནས། སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད་དོ། དེ་ནས་འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་མེ་ཏོག་གི་གླིང་ལ། མཁའ་ལྡིང་གི་རྒྱལ་པོ་ཤང་ཤང་དང་ཐབས་གཅིག་ཏུ་ཆུ་སིང་གེའི་ཐིགས་པ་རེ་དང་། རྩ་ཨུ་མེར་གྱི་མཆོག་མ་རེ་གསོལ་ནས། མིའི་དཀའ་ཐུབ་ལོ་གཅིག་མཛད་དོ། དེ་ནས་བདུད་སྲིན་པོ་དང་། མུ་སྟེགས་རྣམས་འཁོར་དུ་གྱུར་ཏེ། རི་བོ་གསེར་ལྡན་གྱི་རྩ་བ། ཆུ་གྱིམ་ཤང་གི་འགྲམ་དུ་བྱོན་ནས། འཁོར་སྡེ་བཞི་ཡ་བརྒྱད་དང་། བདུད་སྲིན་མུ་སྟེགས་འཁོར་རྣམས་ལ། དག་པ་འདུལ་ཁྲིམས་བོན་སྡེ་ལས། བསླབ་གསུམ་ཡང་དག་གི་སྡེ་དང་། རྣམ་དག་དཀའ་ཐུབ་ཀྱི་སྡེ་དང་། སྤོབས་པ་མཐར་ཕྱིན་གྱི་སྡེ་དང་། འདུལ་བྱེད་སྡེ་བཅུ་རུ་གཏན་ལ་ཕབ་སྟེ་གསུངས་སོ། དེ་ནས་ཡང་འདུལ་བ་ཁྲིམས་ཀྱི་གླིང་། གསས་ཁང་བ་རབ་གསེར་གྱི་གླིང་དུ་བྱོན་ནས། ཕྱི་རབས་ཀྱི་འགྲོ་བ་རྣམས་ཁ་ལོ་ཡོངས་སུ་བསྒྱུར་བ་དང་། འདུས་པའི་འཁོར་རྣམས་ཁྱིམ་སྤངས་རབ་ཏུ་བྱུང་བ་བྱ་བའི་ཕྱིར། འདུལ་བ་རྒྱུད་དྲུག་ཏུ་དབྱེ་ནས་གཏན་ལ་ཕབ་ཏེ་གསུངས་སོ། དེ་ནས་འདུས་པའི་འཁོར་རྣམས་ལ། འདུལ་བ་ཁྲིམས་ཀྱི་སྡོམ་པ་ཕོག་ནས། གང་ཡང་མི་འཆལ་ཞིང་མ་འདྲེས་པ་བྱ་བ་དང་། ཕོ་མོ་དབྱེ་ནས་གནས་རིས་སོ་སོ་རུ་འཛིན་པའི་ཆེད་དུ་གསས་མཁར་ཁྲི་སྨོན་རྒྱལ་བཞད་དང་། ཁོ་མ་ནེའུ་ཆུང་གཉིས་ཀྱི་བར། མཆོད་རྟེན་རྣམ་དག་དཀར་པོའི་མདུན། གྲོང་ཁྱེར་རྣམ་དག་བཀོད་པའི་དབུས་དཀྱིལ་དུ་བཞུགས་ཏེ། ཀུན་ལ་འདུལ་ཁྲིམས་ཀྱི་སྡོམ་པ་ཕོག་ནས། ཕོ་གླིང་མོ་གླིང་སོ་སོ་རུ་དབྱེ་བར་མཛད་དོ། དེ་ནས་ཡང་ཕོ་གླིང་མོ་གླིང་གཉིས་ཀྱི་བར་མཚམས་སུ། གདན་སེང་གེའི་ཁྲི་ལ་བཞུགས་ཏེ། ཕོ་མོ་དབྱེ་ནས་གནས་རིས་སོ་སོ་དུ་འཛིན་པ་ལ། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་བསྟན་པར་དགོངས་ནས། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། དྲང་སྲོང་རྒྱལ་བ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། གཙུག་གཤེན་རྒྱལ་བ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། གཙུག་སྲས་རྨ་བོ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ཁྲི་སྡེ་གུང་གྲགས་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་འབར་ཁྲི་ཤེས་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ཁྲི་རྒྱལ་ཐང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ཁྲི་འོད་སྒྲོན་མ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། གུང་ཁྲི་གསལ་འོད་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། གཙུག་སྲས་འཕྲུལ་བུ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། བདེ་ལྡན་དྲང་སྲོང་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། གཙང་མ་གཙུག་ཕུད་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ཚངས་པ་གཙུག་ཕུད་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། སྤང་ལ་གནམ་གཤེན་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། སྤོས་ཀྱི་གླང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། སྤོས་ཀྱི་ཐིམ་པ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། དག་པ་སྒྲིབ་སེལ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ལྷའི་དྲང་སྲོང་ཡེ་ཤེས་དང་ལྡན་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ཀླུའི་དྲང་སྲོང་གཙང་མ་སྒྲིབ་སེལ་དང་ཐབས་གཅིག་ཏུ་བཞུགས་སོ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། གཤེན་གྱི་དྲང་སྲོང་བདེན་པར་སྨྲ་བ་དང་ཐབས་གཅིག་ཏུ་བཞུགས་སོ། །

IMG_3163.JPGIMG_3899.JPG

   གཞན་ཡང་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། དག་པ་དྲང་སྲོང་ཕོ་མོ་སྡེ་དང་། གཙང་མ་གཙུག་ཕུད་ཕོ་མོའི་སྡེ་དང་། ཚུལ་གནས་དགེ་བསྙེན་ཕོ་མོའི་སྡེ་དང་། བསྙེན་གནས་ཡན་ལག་ཕོ་མོའི་སྡེ་དང་། གཞན་ཡང་། ལྷ་དང་། ཀླུ་དང་། མི་དང་། ལྷ་མ་ཡིན་དང་། མི་འམ་ཅི་ལ་སོགས་པའི་འཇིག་རྟེན་ན། ཚུལ་ལ་གནས་པ་དང་། ཚུལ་ལ་ཞུགས་པ་དང་། ཚུལ་དང་ལྡན་པ་དང་། ཁྲིམས་ལ་གནས་པ་དང་། ཁྲིམས་ལ་ཞུགས་པ་དང་། ཁྲིམས་དང་ལྡན་པ་ལ་སོགས་འཁོར་བྱེ་བ་ས་ཡ་དུང་ཕྱུར་དང་བཅས་ནས་བཞུགས་སོ། དེ་ནས་འཁོར་རྣམས་ཀྱིས་སྟོན་པ་ལ། བླ་ན་མེད་པའི་མཆོད་པ་སྤྲིན་གྱི་རྒྱན་ཞེས་བྱ་བ་བཤམས་ནས་ཕུལ་ལོ། དེ་ཡང་ལ་ལས་དར་ཕྱར་རོ། ལ་ལས་ནི་ལྷའི་དུང་འབུད་དོ། ལ་ལས་རྔ་བརྡུང་ངོ་། ལ་ལས་ནི་ལྷའི་གཤང་དཀྲོལ་ལོ། ལ་ལས་ནི་ལྷའི་གླིང་བུ་འབུད་དོ། ལ་ལས་ལྷའི་ཏམ་བུ་ར་འབུད་དོ། ལ་ལས་ནི་ལྷའི་པི་ཝང་བསྒྲིལ་ལོ། ལ་ལས་ནི་ལྷའི་ཅག་པར་བརྡེབས་སོ། ལ་ལས་ནི་ལྷའི་ཅོང་ཆེན་བརྡུང་ངོ་། ལ་ལས་ནི་ལྷའི་ཅིང་ཆེན་བསྒྲགས་སོ། ལ་ལ་ནི་ལྷའི་བིང་ཆེན་དཀྲོལ་ལོ། ལ་ལའི་ལྷའི་གདུག་འཁྱེར་རོ། ལ་ལའི་ལྷའི་རྒྱལ་མཚན་ཕྱར་རོ། ལ་ལའི་ལྷའི་བ་དན་ཕྱར་རོ། ལ་ལའི་ལྷའི་ཕྱེ་མ་ཁྱེར་རོ། ལ་ལས་ནི་ལྷའི་འཕུར་མ་བརླབས་སོ། ལ་ལས་ནི་ལྷའི་བླ་གུར་ཕུབ་སོ། ལ་ལས་ནི་ལྷའི་ཡོལ་བ་བྲེའོ། ལ་ལས་ནི་ལྷའི་མར་མེ་བལྟམ་མོ། ལ་ལས་ནི་ལྷའི་སྒྲོན་མེ་འདེགས་སོ། ལ་ལས་ནི་ལྷའི་སྤོས་མེ་འབུལ་ལོ། ལ་ལས་ནི་ལྷའི་གཙང་ཚན་གཏོར་རོ། ལ་ལས་ནི་ལྷའི་སྐུ་ཁྲུས་གསོལ་ལོ། ལ་ལས་ནི་ཞལ་ཟས་འབུལ་ལོ། ལ་ལས་ནི་ལྷའི་མེ་ཏོག་གཏོར་རོ། ལ་ལས་ནི་ལྷའི་བསྟོད་ཚིག་བྱེད་དོ། ལ་ལས་ནི་ལྷའི་མཆོད་བརྗོད་བྱེད་དོ། དེ་ལྟར་དུ་ལྷའི་རོལ་མོ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པར་ཕུལ་བས་འཇིག་རྟེན་ཁམས་ཀྱང་། གཡོ་བ་དང་། འགུལ་བ་དང་། འུར་བ་དང་། ཐུག་པ་དང་། ཆེམས་པ་དང་། མེར་བ་དང་། ལྡེག་པར་བྱུང་ངོ་། དེའི་དུས་སུ་ནམ་མཁའ་ལས་གསལ་བའི་འོད་མང་པོ་ཤར་རོ། བར་སྣང་ལས་སྙན་པའི་སྒྲ་མང་པོ་གྲགས་སོ། ས་གཞི་ལས་མཛེས་པའི་མེ་ཏོག་མང་པོ་སྐྱེས་སོ། དེའི་ཚེ། སྟོན་པས་ཀྱང་མཆོད་པ་དེ་དག་ཐམས་ཅད་ཐུགས་རྗེས་བྱིན་གྱིས་རླབས་ནས། ཐུགས་ལས་འོད་ཟེར་བྱེ་བ་ས་ཡ་སྤྲོས་པ་མཛད་དེ། དེ་ཡང་སྐུ་ཞབས་ཀྱི་མཐིལ་རུམ་ནས་ཀྱང་། འོད་ཟེར་བྱེ་བ་ས་ཡ་ཁྲི་ཕྲག་དྲུག་ཅུར་སྤྲོ་ཞིང་བཀྱེའོ། དེའི་འཕྲོས། དེའི་ཚེ་དེའི་དུས་ན། འཁོར་དུ་གཏོགས་པས་གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་ནང་ནས། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། དྲང་སྲོང་རྒྱལ་བ་རང་གི་གདན་ལས་ལང་ནས། ཚུལ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ལྷའི་མེ་ཏོག་ཨུ་དུམ་ཝ་ར་ལག་ཏུ་ཐོག་ནས། གཤེན་རབ་དེ་དག་གི་སྤྱན་སྔར་ཁོད་དེ། མགོ་བོས་ཞབས་ལ་ཕྱག་འཚལ་ཞིང་། སྤུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གསོལ་པ། སྟོན་པ་གཤེན་རབ་མཆོག བདག་ཅག་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་རྣམས་དང་། ཕྱི་རབས་རྗེས་སུ་འབྲང་བའི་གང་ཟག་ལ། རྣམ་དག་འདུལ་བ་ཁྲིམས་ཀྱི་བཀའ་ལུང་ལས། ངེས་ཚིག་བདེན་པའི་བོན་གཅིག་བསྟན་དུ་གསོལ། ཞེས་ཞུས་སམ་གསོལ་ཏོ། །

IMG_1709.JPGIMG_3962.JPG

   དེ་ལ་གཤེན་རབ་མཆོག་གི་བཀའ་རྩལ་པ། ཉོན་གཅིག་གཤེན་རབ་དྲང་སྲོང་རྒྱལ་བ་དང་། འདུལ་བའི་འཁོར་རྣམས་དབང་པོ་གཏོད་ལ་ཉོན། མ་ནོར་ངེས་པའི་ལམ་ལ་ཞུགས་ནས་སུ། མ་ནོར་ངེས་པའི་དོན་ལ་འཇུག་པ་ན། ད་ལྟ་འཁོར་སྡེ་བཞི་ཡ་བརྒྱད་དང་། ཕྱི་རབས་རྗེས་འབྲང་གང་ཟག་ཕོ་མོ་རྣམས། འཇིག་རྟེན་འཁོར་བའི་ལས་སྤྱོད་རྒྱབ་ཏུ་བོར། སྡིག་པ་མི་དགེ་བཅུ་པོ་གཏན་ནས་སྤོངས། དགེ་བཅུ་གཡུང་དྲུང་བོན་ལ་ཡིད་གཞུང་སྤྱོད། ཐེག་པ་གོང་འཕེལ་ཚུལ་གནས་དགེ་བསྙེན་དང་། གཙང་མ་གཙུག་ཕུད་དག་པ་དྲང་སྲོང་དང་། རྣམ་དག་དཀའ་ཐུབ་དྲི་མེད་ལམ་ལ་ཞུགས། ཕྱི་ཡི་ཚུལ་དང་ནང་ཁྲིམས་ཟུང་དུ་འབྲེལ། ཕོ་མོ་ཕྱེས་ནས་གནས་རིས་སོ་སོར་འཛིན། ལྷན་གཅིག་བསྡད་ན་ཉོན་མོངས་ཁ་དྲག་པས། འཆལ་དང་སྨ་སྨེ་ཉམས་དང་འགལ་བ་འབྱུང་། དེ་ཕྱིར་མ་འཆལ་མ་སྨེ་མ་འགལ་བ། གོམས་པ་བསྐྱེད་ཅིང་མཐར་ཕྱིན་ལྡན་པར་བྱ། རྟག་པར་རྒྱུན་དུ་སྐད་གཅིག་འབྲལ་མེད་པར། གཤེན་གྱི་དགེ་སྤྱོད་རྣམ་དག་བསླབ་པ་བྱ། གང་ཞིག་ཚུལ་གནས་ཚུལ་ཞུགས་ཚུལ་བསྲུང་བས། དགེ་སྤྱོད་རྣམས་དང་རྒྱུན་པར་མ་བརྩོན་ན། ཕྱི་ཚུལ་བཟང་ཡང་སྟོན་ཀའི་ཤིང་ལོ་འདྲ། ནང་ཁྲིམས་བསྡམས་ཀྱང་རི་དྭགས་སྐྱ་བོ་འདྲ། དགེ་མེད་སྡིག་མེད་ཐར་དང་ལྟུང་བ་མེད། དེ་ཕྱིར་ཕྱི་ཚུལ་ནང་ཁྲིམས་བསྲུང་བ་ལ། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་གཅེས། ཕྱི་ཚུལ་ནང་ཁྲིམས་ཟུང་དུ་འབྲེལ་པ་ལ། དགེ་སྤྱོད་རྣམ་པར་དག་པའི་བཅུད་ལྡན་ན། འཁོར་བ་སྒྲོལ་བའི་དེད་དཔོན་ཆེན་པོ་འགྱུར། ཞེས་བཀའ་རྩལ་ཏོ། དེ་ལ་གཤེན་ཚངས་པ་གཙུད་ཕུད་ཀྱིས་གསོལ་པ། སྟོན་པ་གཤེན་རབ་མཆོག་བདག་འཁོར་དུ་གཏོགས་པའི་གཡུང་དྲུང་སེམས་དཔའ་རྣམས་དང་། ཕྱི་རབས་རྗེས་སུ་འབྲང་བའི་གང་ཟག་རྣམས། འཇིག་རྟེན་འཁོར་བའི་ལས་ལ་བློ་ལྡོག་ཅིང་། ཡང་དག་ཐར་པའི་འབྲས་བུ་སྒྲུབ་པར་བྱེད་པ་ལ། སྡིག་པ་མི་དགེ་བཅུ་སྤང་བ་ནས། དགེ་སྤྱོད་རྣམ་པ་བཅུ་དང་དུ་བླངས་ཤིང་། ཐེག་པ་གོང་འཕེལ་དུ་སྤར་ཞིང་། ཕྱི་ཚུལ་དང་ནང་ཁྲིམས་ཟུང་དུ་འབྲེལ་ནས། ལུས་ངག་ཡིད་གསུམ་ཐ་མལ་དུ་མི་བཞག་ཅིང་། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་ལ་འཇུག་ན། ཅི་ལྟ་བུ་ཞིག་ལ་འཇུག་ཅིང་སྤྱོད་པ་ལགས། ཞེས་གསོལ་ཏོ། དེ་ལ་གཤེན་རབ་མཆོག་གིས་བཀའ་རྩལ་པ། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པ་གཙུག་ཕུད་དེ་ནི་འདི་ལྟ་སྟེ། ཁྱེད་ནི་སྔོན་གྱི་སྟོན་པ་བདེར་གཤེགས་རྣམས་ཀྱི་ཐུགས་སྲས། ད་ལྟའི་སྟོན་པ་གཤེན་རབ་མཆོག་བདག་གི་འཁོར་དམ་པ། མ་འོངས་པའི་དུས་སུ། བདག་ཉིད་མྱ་ངན་འདས་ཀྱང་། བདག་གི་ཐུགས་ཀྱི་བསྟན་པ་མ་རྫོགས་ཀྱི་བར་དུ། ཁྱེད་ཀྱིས་སྤྲུལ་པ་བརྒྱ་ཕྲག་དུ་མ་རུ་འགྱེད་ཅིང་། འགྲོ་བ་འདྲེན་པ་དང་། ཁ་ལོ་བསྒྱུར་བ་དང་། བཀའི་བསྡུད་པ་དང་། དོན་གྱི་དབྱེ་བ་དང་། བསྟན་པའི་སྒྲོན་མེ་འདེགས་ཤིང་། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་དགོས་པ་ཡིན་པས། ད་ཡང་རྒྱུད་འབྲས་ཐེག་པའི་མདོ་སྡུད་ཅིང་། འཕན་ཡུལ་འདོན་མཆོད་ཀྱི་བཀའི་བསྡུ་བ་རྣམས་ནི། ཁྱོད་དང་སྤངས་ལ་གནམ་གཤེན་ལ་གཏད་པ་ཡིན་པས་སྤོབས་ཆེར་བསྐྱེད་ཅིང་། རྒྱས་འབྲིང་བསྡུས་གསུམ་གྱི་དོན་ཕྱེད་པར་གྱིས་ཤིག འགྲོ་བ་འདུལ་བའི་ཐབས་ལ་མཁས་པར་གྱིས་ཤིག མི་བརྗེད་པའི་གཟུངས་དང་ལྡན་པར་གྱིས་ཤིག དེ་ཡང་ཁྱོད་ཀྱི་རྒྱུད་ལ་བདག་གིས་བྱིན་གྱིས་རླབས་པར་བྱའོ།ཞེས་ཚངས་པ་གཙུག་ཕུད་ལ། གཤེན་རབ་མཆོག་གིས་བཀའ་སྩལ་ཏོ། ཡང་གསོལ་པ། གཤེན་རབ་མཆོག་དེ་ལྟར་བདག་ལ་བཀའ་ཡི་གནང་བ་མཛད་ནས། བདག་གིས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ། གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་ལ་སྤྱོད་ཅིང་། ཁྲི་འཕང་གོང་ནས་གོང་དུ་འཕེལ་བར་བྱ་བའི། གཤེན་གྱི་དགེ་སྤྱོད་ལ་འཇུག་ན། དེའི་གོ་རིམ་དང་སྤྱོད་ཚུལ་ཅི་ལྟ་བུ་ཞིག་ཡིན་པ་ལགས། ཞེས་གསོལ་ཏོ། གཤེན་རབ་མཆོག་གིས་བཀའ་རྩལ་པ། རིགས་ཀྱི་བུ་ཚེ་དང་ལྡན་པ་དེ་ནི་འདི་ལྟ་སྟེ། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་ལ། ཡན་ལག་བརྒྱད་དང་ལྡན་པ་རུ་ཤེས་དགོས་ཏེ། དེ་ཡང་ནངས་པ་ནམ་ལངས་པའི་དང་པོ། ཉི་མ་ཤར་བའི་རྩེ་མོ་ལ། སྟོད་གོས་དང་། རྨད་ཤམ་དང་། རྨད་གོས་དང་། རྨད་འོག་དང་། པད་ཞུ་དང་། པད་ལྷམ་དང་། གདིང་བ་དང་། རིན་ཆེན་གནང་བའི་རྫས་ལྔ་དང་ལྡན་པ་བྱས་ལ། ཁྲུས་དང་གཙང་སྦྲ་དག་གི་སྒོ་རུ་འཇུག་པར་བྱའོ། །

IMG_3991.JPGIMG_4074.JPG
དཀའ་ཐུབ་གསོ་སྦྱོང་བས་དགོས་དམིགས་ཀྱི་ཞུ་མཆིད།

   འདིར་རང་རེ་གཡུང་དྲུང་བོན་གྱི་གཤེན་རབ་ཁྲི་གཙུག་རྒྱལ་བའི་བསྟན་པ་ལ་ཞུགས་པ་ཡིན་ཚུན་ཨ་མ་སྲོག་རྩ་ལྟ་བུའི་སྡོམ་ཁྲིམས་འདི་ཡང་དག་པ་ཞིག་སྲུང་མ་ཐུབ་པ་ཡིན་ན་དེའི་རྗེས་འབྲང་གི་ལྟ་བ་ལོག་པ་དང་ལྟ་བ་གོལ་བ་སྡོམ་པ་འཆལ་བ་སོགས་ཉེས་ལྟུང་ཅི་རིགས་པ་འབྱུང་བར་དོག་ནས་དགོས་པ་དང་རྒྱུ་མཚན་ངེས་ཅན་འཛིན་ནས་དཔལ་ལྡན་རྒྱལ་བ་༧སྨན་རི་བའི་ཕྱག་སྲོལ་ལྟར་དེང་དུས་བདག་ཅག་གི་བོན་འབངས་ཡོངས་ཀྱི་གཙུག་རྒྱན་རྨད་བྱུང་འདུལ་བའི་བདག་ཉིད་རྒྱལ་བ་༧སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པ་ཉི་མ་རིན་པོ་ཆེའི་བཀའ་སྲོལ་དང་། ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མཛད་གནང་བའི་དཀའ་ཐུབ་ལ་གནས་ཚུལ་གྱི་ལག་ལེན་མདོ་དོན་གསལ་བྱེད་ལ་གཞི་གཟུང་ཐོག་༧སྨོན་རྒྱལ་བླ་བྲང་གི་རྨད་བྱུང་སེམས་དཔའ་འདུས་སྡེ་རྣམས་ཀྱིས་རྣམ་དག་གཤེན་གྱི་དགེ་སྤྱོད་དེ་ཉིད་ཉིན་རེའི་འགྲོས་ལྟར་རྨད་བྱུང་ཚུལ་ཁྲིམས་འཛིན་པའི་སྡེ་ཚོགས་རྣམས་ཀྱི་བསླབ་བྱ་མ་གོ་བ་རྣམས་གོ་བར་བྱེད་པ་དང་གོ་བ་རྣམས་གསོ་སྦྱོང་མཐར་རུ་ཕྱིན་པ་དང་།

IMG_3912.JPGIMG_3903.JPG

   ཡང་དགོས་སུ་སྨོན་རྒྱལ་བླ་རབས་བརྒྱ་ཕྲག་རིམ་བྱུང་ནང་འདུལ་བའི་རྗེས་འཛིན་པ་སྐྱེས་བུ་ཁྱད་དུ་འཕགས་པ་བྱོན་ཡོད་པ་དཔེར་མཚོན་ཙམ་ཞུས་ན། སྨོན་རྒྱལ་དམ་པ་རང་གྲོལ། སོགས་ལོ་རབས་སྟོང་ལས་ཉེ་བའི་འདུལ་འཛིན་པ། སྨོན་རྒྱལ་ནམ་མཁའ་དབང་རྒྱལ་སོགས་ལོ་བརྒྱ་ལས་བརྒལ་བ་མདོར་ན་གཤེན་རབ་ཁྲི་གཙུག་རྒྱལ་བའི་རྗེས་འཛིན་པ་གང་མང་ཞིག་བྱོན་ཡོད་པ་དེ་དག་གི་ཐུགས་རྗེའི་བྱིན་རླབས་ཚན་ཁ་མྱུར་དུ་འབྱུང་བ་བཅས་ཀྱི་དགེ་རྩ་ཁྱད་པར་ཅན་དུ་འགྱུར་བ་དམིགས་པ་དང་མདོར་ནས་གཤེན་རབ་ཁྲི་གཙུག་རྒྱལ་བའི་བསྟན་པ་འཛིན་པའི་རྨད་བྱུང་སེམས་དཔའ་འདུས་སྡེ་གང་ན་བཞུགས་པ་རྣམས་ཀྱི་སྐུ་ཚེ་བསྐར་བརྒྱར་བསྟན་ཅིང་ཚུལ་ཁྲིམས་བསླབ་བྱ་གོང་དུ་གོང་དུ་འཕེལ་བའི་སྨོན་ལམ་སྦྲེལ་ནས་འཚོགས་པ་ཡིན། འདི་དག་ཉམས་སུ་ལེན་དགོས་པ་ནི་ལད་མོ་དང་མིང་སྐམ་གྱི་ཆེད་དུ་མ་ཡིན་པ་སྔ་རབས་ཞང་ཞུང་གི་དུས་ནས་འདུལ་བསྟན་བོན་རང་དུ་དར་བ་ཡིན་པའི་བཀའ་ཚད་མ་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་འབར་བའི་དོད་དང་གསར་ཞུགས་སེམས་དཔའ་འདུས་སྡེའི་བསླབ་བྱ་དང་རྒྱུ་མཚན་ངེས་ཤེས་དྲོངས་པའི་ཕྱིར་དང་ཡང་དགོས་སུ་གཤེན་གྱི་བཙུན་ཆུང་རྣམས་བསླབ་པ་ཚུལ་ཁྲིམས་ཀྱི་དོན་ཚུལ་བཞིན་དུ་ཉམས་སུ་ལེན་མ་ཐུབ་ཡང་ལྟ་བ་ཕྱིན་ཅུ་ལོག་ཏུ་སོང་ནས་ཐ་ན་རྒྱུད་ལ་སྐྱོ་ཤས་ངེས་འབྱུང་ཙམ་མེད་ཀྱང་རྟོགས་སད་ལད་མོའི་བོན་དྲེད་བོན་གིས་མ་ཐུལ་བའི་དཔེ་ལྟར་ལོག་པའི་ལམ་དུ་མི་འགྲོ་བའི་གསོལ་སྨོན་དང་སྐྱབས་མཇུག་དང་སྦྲགས་ཏེ་གདན་ས་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་དུ་སྨོན་རྒྱལ་བཙུན་པ་རང་གྲོལ་ཉི་མ་རྒྱལ་མཚན་འབོད་པ་དེས་འདུས་པ་རིན་པོ་ཆེ་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པ་བསྟན་པའི་མདོ་ལས་བཏུས་པའོ།།

IMG_4112.JPGIMG_4108.JPG

བསླབ་ཅིང་མཁས་དང་རིག་ཅིང་རྟོགས་པ་ཡི།།
ཤེས་བཞིན་བྱ་བའི་རྗེས་སུ་མི་འབྲང་བར།།
འཇུག་སྒོ་ཡན་ལག་མ་ནོར་ངེས་པ་ཡི།།
འདུལ་ཁྲིམས་གཙང་མའི་སྒོ་རུ་འཇུག་པར་ཤོག
ཅི་ལྟར་ཞུགས་བཞིན་ཚུལ་ལ་གནས་པ་ཡིས།།
མཁན་སློབ་དཔང་པོ་རྣམས་ཀྱི་མདུན་དྲུང་དུ།།
གནང་དང་བླང་གྱུར་སོ་སོར་ཐར་པའི་སྡེ།།
འཆལ་དང་ཉེས་ལྟུང་དྲི་མ་བྲལ་བར་ཤོག །
མེ་ཏོག་ནང་ནས་ཨུ་དུམ་ཝ་ར་དང་།།
སྨན་གྱི་ནང་ནས་རྣམ་པར་རྒྱལ་བ་དང་།།
རིན་ཆེན་ནང་ནས་གཙོ་མའི་གསེར་བཞིན་དུ།།
འདུལ་བའི་ནང་ནས་བདག་ཉིད་མཆོག་འཛིན་ཤོག
གང་དག་སེམས་ཅན་མིག་གིས་མཐོང་ཡུལ་དུ།།
ཏིང་ཞི་དངུལ་གྱི་མན་དལ་དབྱིབ་ལེགས་ལ།།
མར་ཞི་གསེར་གྱི་མཆོད་རྟེན་བཀྲམ་པ་ལྟར།།
ཀུན་གྱིས་མཆོད་གནས་བཀུར་བའི་ཞིང་དུ་ཤོག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།