གཤེན་བསྟན་དར་རྒྱས་གླིང་དབུ་བཙུགས་ནས་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བ།

[ཟླ་ཚེས། 2015-07-31 10:19:11][རྩོམ་པ་པོ། མེ་ལོང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བརྒྱུད་གསུམ་བསྟན་པའི་མདོ་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཕྱི་གླིང་དུ་ཕེབས་པའི་སྐོར་གྱི་མཛད་རྣམ་སྙིང་བསྡུས།
01.jpg

      དེ་ཡང་ཐོག་མར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོན་གྱི་གནས་སྟངས་ལ་འགྱུར་བ་དང་འཕེལ་རྒྱས་ཇི་ལྟར་བྱུང་མིན་སྐོར་ཅུང་ཙམ་འབྲི་བར་འདོད་དོ།།
      ཕྱི་ལོ་༡༩༦༡ལོར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་གཙོས་སྟོན་འཁོར་གསུམ་༼སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ༽དབྱིན་ཡུལ་དུ་ཕེབས་ནས་ལོ་ངོ་གསུམ་གྱི་རིང་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཡིག་སློབ་ཁྲིད་གནང་བ་དང་དབྱིན་ཇིའི་སྐད་ཡིག་ལ་གསན་བསམ་མཛད་པ་མ་ཟད་ཡོངས་འཛིན་རིན་པོ་ཆེས་མཁས་དབང་སེ་ནེལ་གྷེ་རབ་(David Snellgrove)དང་ལྷན་དུ་བོན་གྱི་ཐེག་དགུའི་སྐོར་དབྱིན་བསྒྱུར་གནང་བ་རྗེས་སུ་ཚན་ཁག་གིས་འགྲེམས་སྤེལ་ཞུས། དེར་མཚུངས་བཞུགས་ཤག་གི་མདུན་ཕྱོགས་སུ་མཆོད་རྟེན་མི་ཚད་ཅན་བཞེངས་པ་དང་། སྟོན་པ་སངས་རྒྱས་དང་མཉམ་མེད་ཆེན་པོའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུས་ནས་མཆོད་འབུལ་རྒྱས་བསྡུས་ཅི་རིགས་གནང་བ་སོགས་ས་ཕྱོགས་གང་དུ་ཕེབས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་སྨན་པའི་ཕྱག་ལས་ཁོ་ནས་དུས་འདས། དེ་རྗེས་སླར་རྒྱ་གར་དུ་ཕེབས་ནས་བོན་གཞིས་དྷོ་ལན་ཇིའི་གཞིས་ཆགས་ཕྱག་བཏབ་ཅིང་སྤྱིར་ན་སྡེ་དགོན་གཉིས་ཀའི་ཕྱི་ནང་ཁོར་ཡུག་གྲ་འགྲིགས་ཟིན་མཚམས་ཕྱི་ལོ་༡༩༦༩ལོར་འཇའ་མེན་དུ་ཕེབས། གྲོང་ཁྱེར་མུན་ནིག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་(Munichuniversity)ནང་འཇའ་མེན་གྱི་མཁས་དབང་ཧོ་ཧྥུ་མེན་(Hoffmann)དང་ལྷན་དུ་བོད་དབྱིན་འཇའ་མེན་གསུམ་གྱི་ཚིག་མཛོད་ཤན་སྦྱར་བསྒྲིགས་ཞུས་གནང་། དེ་ལྟའི་མཛད་འཕྲིན་གྱི་ཆ་དེ་དག་ནི་ཕྱི་གླིང་དུ་བོན་དང་བོད་ཡིག་སྐོར་ལ་ཕྱག་ལས་ཇི་ལྟར་གནང་ཕྱོགས་སྐོར་གྱི་ཐོག་མའི་བྱ་རིམ་ཞིག་ཏུ་གྱུར་ཡོད།

ཕྱི་གླིང་དུ་ཐོག་མར་བོན་འཆད་སྤེལ་གནང་ཕྱོགས་སྐོར།
02.jpg

      ཕྱི་ལོ་༡༩༨༩ལོར་ཐོག་མར་དབྱིན་ཡུལ་དང་། དེ་ནས་ཨ་རིར་ཕེབས་ཤིང་དད་སྦྱིན་རོ་ཟི་ལིས་རེ་གསོལ་ཞུས་དོན་བཞིན་ལོ་དེའི་ཕྱི་ཟླ་༠༥པའི་ཚེས་༡༨ཉིན་༼གཡུང་དྲུང་བོན་གྱི་ལྷ་ཁང་། Yungdrung Bon Temple Foundation, Los Angeles)ཞེས་པའི་ཚོགས་པ་ཞིག་གསར་དུ་དབུ་འཛུགས་གནང་། དེ་རྗེས་རིམ་པས་ཚོགས་པ་དེ་ས་གནས་ནེའུ་ཡོག་(New York)ཏུ་༼གཡུང་དྲུང་བོན་གྱི་ཚོགས་སྡེ་Yungdrung Bon Society?)ཞེས་པའི་རོགས་ཚོགས་ཀྱི་ངོ་བོ་ཞིག་ཏུ་ཆགས་ཡོད། ལོ་དེའི་ཕྱི་ཟླ་༠༨པའི་ནང་༧ཡོངས་འཛིན་རིན་པོ་ཆེ་མཆོག་ཡུ་རོབ་ཁུལ་ཨི་ཏ་ལིས་(Italy)ལ་ཞབས་སོར་བཀོད་དེ་ཆོས་རྒྱལ་ནམ་མཁའི་ནོར་བུའི་ཆོས་ཚོགས་མེ་རི་སྒར་ལ་ཕེབས་ནས་དེར་འདུས་སློབ་མ་རྣམས་ལ་བོན་ཁྲིད་བཀའ་དྲིན་བསྐྱངས། སྐབས་འདིའི་འགྲུལ་བཞུད་རིང་མོའི་བར་གསེང་གི་མཛད་རྣམ་ནི་ཕྱི་གླིང་དུ་བོན་འཆད་ཁྲིད་གནང་ཞེས་པའི་ལོ་རྒྱུས་ཀྱི་དབུ་ཁྱུད་དུ་གྲུབ་པ་ཞིག་ཀྱང་ཡིན། དེ་ཡང་ཕྱི་ལོ་༡༩༨༩སྔོན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤྱིར་ན་བོན་པོ་ཞེས་པའི་མིང་ཙམ་ཡོད་ཀྱང་དེ་ནི་ཚན་རིག་ཐོག་ནས་ཉམས་ཞིབ་བྱེད་མཁན་དང་། ལོ་རྒྱུས་ཐོག་ནས་ཉམས་ཞིབ་བྱེད་མཁན། རིག་གཞུང་ཐོག་ནས་ཉམས་ཞིབ་བྱེད་མཁན་ཙམ་མ་གཏོགས་བོན་པོའི་ཆོས་ལ་ཡིད་ཆེས་དང་དད་པ་བྱེད་ནས་ཉམས་ལེན་གནང་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད་འདུག

03.jpg

      དེ་མུས་༧སྐྱབས་རྗེ་མཆོག་གི་སྤྱི་ཡི་རྒྱ་ཆེའི་མཛད་འཕྲིན་གྱི་བར་གསེང་དང་བསྟུན་ཕྱི་ལོ་༡༩༩༡། ༡༩༩༣། ༡༩༩༥། ༡༩༩༦། ༡༩༩༧། ༡༩༩༨། ༡༩༩༩། ༢༠༠༠། ༢༠༠༡། ༢༠༠༢། ༢༠༠༣། ༢༠༠༤། བཅས་སུ་ཕྱི་གླིང་ཡུལ་གྲུ་ཁག་ཏུ་རིམ་པར་ཞབས་སོར་བཀོད་དེ་འབྲེལ་ཡོད་དད་ལྡན་མི་ཉུང་བ་ཞིག་ལ་གཡུང་དྲུང་བོན་གྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་བོན་གྱི་འཇུག་སྒོ་སྐྱབས་སེམས་ནས་བཟུང་སྔོན་འགྲོ་དངོས་གཞི་བཅས་རིམ་པས་གདུལ་བྱའི་བློ་དང་འཚམས་པར་གང་ལ་གང་དགོས་དེ་ལ་དེ་སྟོན་ཚུལ་གྱི་རྨད་བྱུང་གི་མཛད་འཕྲིན་ཡུན་ནས་ཡུན་དུ་བསྐྱངས། ཚུལ་ནི་སྟོན་པ་སངས་རྒྱས་དང་རྗེས་འཇུག་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་ཇི་ལྟར་གདམས་པ་བཞིན་ཁྲིད་ལུང་དབང་གསུམ་གྱི་གདམས་ངག་རྣམས་སྐལ་ལྡན་སློབ་མའི་སེམས་རྒྱུད་ལ་རྡོ་ལག་བརྒྱུས་དང་ཆུ་ལམ་ཞུགས་ཚུལ་གྱིས་བརྒྱུད་དེ་གྲུབ་པའི་མཐའ་དང་། ཉམས་ལེན་གྱི་རྒྱུན་བསྐྱངས་ནས་ཕན་པ་དང་བདེ་བའི་ལེགས་ཚོགས་ཁོ་ནར་བསྒྲུབས་པའི་རྣམ་པ་ཞིག་ཡིན། དེ་ལྟར་བླ་མའི་བྱིན་རླབས་སེམས་ལ་ཞུགས་ཤིང་བོན་གྱི་འཁོར་ལོ་རྣམ་བཞིའི་དོན་དང་ལྡན་པའི་སློབ་མ་མང་པོ་འགྲོ་བའི་མིག་ལྟོས་ཀྱི་རྒྱན་དུ་གྱུར་ཡོད་པ་རེད་ཅེས་སྨྲ་བར་སྤོབས།

04.jpg

      ལྷག་དོན་དུ་ཕྱི་ལོ་༡༩༩༥ལོར་ཧྥ་རན་སིའི་སློབ་མ་བྷི་ལཱལ་(Bilal)གཙོས་དད་ལྡན་མི་ཉུང་བ་ཞིག་གིས་རེ་གསོལ་འདོད་དོན་ཇི་བཞིན་༼གཡུང་དྲུང་བོན་གྱི་ཚོགས་པ། Yungdrung Bon Foundation)ཞེས་པ་ཞིག་རྒྱལ་ཁོངས་ཧྥ་རན་སིར་ཁྲིམས་མཐུན་དེབ་སྐྱེལ་བྱས་ནས་གསར་དུ་དབུ་འཛུགས་གནང་། དེ་༡༩༩༥ནས་བཟུང་ཕྱི་ལོ་༢༠༠༤བར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྟོན་འཁོར་རྣམས་ལོ་བསྟར་ཧྥ་རན་སི་(France)གཙོས་ཕྱི་གླིང་ཡུལ་གྲུ་དུ་མར་ཞབས་སོར་བཀོད་དེ་ས་གནས་ཁག་མི་འདྲ་བ་མང་པོར་བོན་གྱི་རྫོགས་ཆེན་སློབ་ཁྲིད་གཙོས་ཐེག་པ་རིམ་དགུའི་འཆད་ཉན་གྱི་ལམ་སྲོལ་བཀའ་དྲིན་བླ་མེད་དུ་བསྐྱངས་གནང་ཡོད། དེ་ཡང་ཨ་རི་དང་། (United States) ཨི་ཏ་ལིས། (Italy) ཨ་རྒྱན་ཊིན་ན། (Argentina) མིག་སི་ཀོ(Mexico) དབྱིན་ལན་དྲུ། (United Kingdom) ཌེ་མག་ཁུ། (Denmark) འཇའ་མེན་ནིས། (Germany) པོ་ལན་དྲུ། (Poland) ཨོ་སུ་ཏྲུ་རིས་ཡ། (Austria) སུས་ཟི་ལན་དྲུ། (Swaziland) ནེ་ཐ་ལན་དྲུ། (Netherlands) ཐ་ཡེ་ལན་དྲུ། (Thailand)སོགས་རྒྱལ་ཁབ་དང་ས་གནས་མི་འདྲ་བ་མང་པོར་ཞབས་སོར་བཀོད་དེ་འབྲེལ་ཐོགས་སློབ་མ་རྣམས་ལ་བོན་སྒོ་ཕྱི་ནང་གསང་གསུམ་ནས་དབང་ལུང་ཁྲིད་གསུམ་གཙོས་གདུལ་བྱའི་བློ་དང་འཚམས་པའི་རྨད་བྱུང་གི་མཛད་འཕྲིན་ཡུན་ནས་ཡུན་དུ་བསྐྱངས་པའི་བཀའ་དྲིན་གྱིས་དེང་འཛམ་གླིང་ཤར་ནུབ་ཀུན་ཏུ་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ལོངས་སུ་སྤྱོད་པའི་སྐལ་ལྡན་དུ་མ་ཤར་རྗེས་ཀྱི་རྩི་ཐོག་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་འདིའོ།།

ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་གི་སྐོར།
05.jpg

      ཁྱད་པར་དུ་༧ཡོངས་འཛིན་སྐུ་འཁོར་རྣམས་ཀྱི་སློབ་མར་གྱུར་པ་དད་སྦྱིན་ལོར་དགེ་ནིས་སིའི་(Loel Guinness)མཐུན་རྐྱེན་རོགས་འདེགས་ལ་བརྟེན་ཕྱི་ལོ་2005ཕྱི་ཟླ་03ཚེས་14ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་གཤེན་བསྟན་དར་རྒྱས་གླིང་ཞེས་དགོན་པའི་ངོ་བོ་དང་ཆེ་མཐོང་ལྡན་པའི་འདུས་ཚོགས་འདི་ཉིད་གསར་ཏུ་ཆགས་བཏབ། དེ་ནས་ད་བར་༢༠༡༥ལོ་འཁོར་ཧྲིལ་པོ་བཅུ་ཡི་ནང་ལོ་བསྟར་བཞིན་ཡོངས་འཛིན་སྟོན་འཁོར་ལྷན་རྒྱས་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དང་། འཇའ་མེན་ནིས་(Germany)གཡུང་དྲུང་བོན་གྱི་ཚོགས་པ་Yungdrung Bon Stiftung)གཉིས་སུ་སྐུ་ཆེད་ཕེབས་གནང་ནས་དུས་ཚིགས་དང་བསྟུན་འཛམ་གླིང་ཤར་ནུབ་ཀྱི་སློབ་མ་རྣམས་ལ་ཉིན་ལྟར་རྫོགས་པ་ཆེན་པོའི་བོན་ཁྲིད་བཀའ་དྲིན་བསྐྱངས་བ་དང་། དེ་བཞིན་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དད་རྟེན་དུ་བཞེངས་པ་སོགས་དགེ་སྦྱོར་ཁོ་ནས་སྐུ་ཚེའི་མཛད་རྣམ་འོད་ཀྱི་གོང་བུ་རུ་གྱུར་ཡོད་སྟབས་འབྲེལ་ཐོགས་སྐྱེ་འགྲོ་ཀྱིས་ཕན་བདེའི་དཔལ་ཡོན་ལ་ལོངས་སུ་སྤྱོད་པའི་སྐལ་པ་བྱུང་བ་དང་། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བླ་མ་ལྷ་རུ་འདུ་ཤེས་ཟིན་པའི་བྱིན་རླབས་ཐོབ་ཡོད།
 

06.jpg

      གཞན་ཡང་ཕྱི་ལོ་༢༠༡༡ཡར་སྔོན་དུ་ཕྱི་རྒྱལ་བ་རྣམས་ལ་དཔེ་ཁྲིད་གནང་བ་ཁག་དབྱིན་སྐད་ཐོག་ཕབ་བསྐྲུན་ཞུས་པའི་དེབ་གྲངས་སྣ་ཁ་མི་འདྲ་བ་༤༧ཙམ་ཕྱི་རབས་པ་རྣམས་ལ་གཅེས་སུ་བཞག་གནང་བའི་མཛད་རྗེས་དང་བཀའ་དྲིན་ནི་སུས་ཀྱང་མཚོན་བྲལ་བ་ཞིག་ཡིན་ནོ། །
      སྒོས་སུ་ཕྱི་ལོ་༢༠༠༨ལོར་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་དབུས་པས་གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་བ་རྣམས་ཀྱིས་གོ་སྒྲིག་འོག་༼བོད་ཀྱི་ཆོས་རིག་གི་འབྱུང་ཁུངས་རྒྱལ་སྤྱིའི་བོན་གྱི་ཚོགས་འདུ། ༽ཞེས་པ་འཚོགས་ཏེ་འཛམ་གླིང་ཤར་ནུབ་ཀྱི་མཁས་དབང་ཉི་ཤུ་ལྷག་གདན་དྲངས་པ་དང་། མཁས་དབང་རྣམས་ཀྱིས་ཞང་བོད་གཉིས་ཀྱི་ཤེས་རིག་ལོ་རྒྱུས་སྐོར་ལ་བགྲོ་གླེང་ལྷུག་རྩོལ་གནང་ནས་ཕན་ཚུན་བསམ་བློའི་གོ་རྟོགས་སྤེལ་རེས་གནང་བའི་ལེའུ་གསར་པ་ཞིག་ཀྱང་གླེང་ཁ་འདི་ནས་ཕྱེས།

07.jpg

      ཡང་སྒོས་ཕྱི་ལོ་༢༠༠༩ལོར་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་གིས་སྒོམ་གྲྭའི་བཅའ་གཞི་གཏན་འབེབ་གནང་བ་དང་། སློབ་མ་རྣམས་ཀྱིས་ལོ་ངོ་བཞིའི་ནང་ལོ་རེར་ཟླ་བ་གསུམ་གྱི་རིང་རྫོགས་ཆེན་གྱི་སྔོན་འགྲོ་དང་། དངོས་གཞི། རྩ་རླུང་དང་། མུན་མཚམས་བཅས་ལོ་རིམ་བཞིན་ཉིན་ལྟར་ཆད་མེད་སྦྱོང་རྒྱུའི་གོ་སྐབས་གསར་པ་ཐོབ། འདི་ནི་ཕྱི་གླིང་དུ་གཡུང་དྲུང་བོན་གྱི་སྒོམ་གྲྭ་བཙུགས་པའི་ལོ་རྒྱུས་ཀྱི་དབུ་ཁྱུད་གསར་པ་ཞིག་ཀྱང་ཡིན། དེ་ལྟར་ཕྱི་ལོ་༢༠༠༩ཟླ་༠༩ཚེས་༠༤ཉིན་སྒོམ་གྲྭ་དབུ་ཚུགས་པ་ནས་བཟུང་ཕྱི་ལོ་༢༠༡༢ལོར་སྐབས་དང་པོའི་སྒོམ་གྲྭ་བ་མི་གྲངས་བཅོ་བརྒྱད་ཙམ་བཅས་མཚམས་གྲུབ་ནས་སློབ་པ་མཐར་སོན་པ་དང་། སླར་ཡང་ཕྱི་ལོ་༢༠༡༤ལོར་སྐབས་གཉིས་པའི་སྒོམ་གྲྭ་དབུ་ཚུགས་ནས་སློབ་མ་རྣམས་ཀྱིས་སྔོན་འགྲོ་བསགས་སྦྱོང་གྲུབ་པ་དང་འདི་༢༠༡༥། ལོར་དངོས་གཞི་སྦྱོང་བའི་ལོ་རིམ་གཉིས་པ་དེ་ཆགས་ཡོད། དེ་ལྟར་དགེ་སྦྱོར་གྱི་ངང་དུ་མི་ཚེ་དོན་ཡོད་སྐྱེལ་འདོད་པའི་སྐྱེས་བུ་རྣམས་ཐོས་བསམ་སྒོམ་པའི་བྱ་བར་བརྩོན་སེམས་ཀྱི་འདུན་པ་དྲག་ཏུ་རྒྱུ་བཞིན་པའི་རྣམ་པའོ།།

08.jpg

      དམིགས་བསལ་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་གཙོས་གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་ཐུན་མོང་གིས་རིང་ནས་གསོལ་བ་དྲག་ཏུ་བཏབ་པའི་འབྲས་བུ་དུས་སུ་སྨིན་ཏེ་ཕྱི་ལོ་༢༠༡༠ལོར་རང་ཅག་བོན་གྱི་༧སྐྱབས་མགོན་རྒྱལ་བ་སྨན་རི་བའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་བཀོད་ཐུབ་པ་བྱུང་བ་དང་། དེར་མཚུངས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ཡང་འདི་གར་ཕེབས་བཞུགས་གནང་བའི་སྐལ་བཟང་བྱུང་བར་བརྟེན་མཁན་སློབ་ཉི་ཟླ་ཟུང་དགྱེས་ཞལ་མཉམ་འཛོམས་ཀྱི་སྐལ་པ་བཟང་པོ་བྱུང་བ་དང་། དུས་དེར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་གཤེན་བསྟན་དར་རྒྱས་གླིང་གི་ཕྱི་ནང་ཁོར་ཡུག་དང་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་རབ་ཏུ་གནས་པའི་འཕྲིན་ལས་བསྐྱངས་པ་དང་། དད་ལྡན་སློབ་མ་རྣམས་ལ་དབང་ལུང་མན་ངག་གི་གདམས་ཁྲིད་བསྩལ་བ་བཅས་ཞིང་འདིའི་སྣོད་བཅུད་གཉིས་ཀར་ཕན་བདེའི་འོད་ཀྱིས་ཁྱབ་པར་མཛད།

གཤེན་བསྟན་དར་རྒྱས་གླིང་དབུ་བཙུགས་ནས་བགྲང་བྱ་ཧྲིལ་པོ་༡༠འཁོར་བའི་རྗེས་དྲན་དུས་སྟོན་བཤམས་པ།
09.jpg

      དེ་ཡང་འདུས་སྡེའི་ཚོགས་ཁང་ཆེན་མོའི་སྒོ་ཁྱམས་ཀྱི་གཡས་གཡོན་ཀུན་ཏུ་༧སྐྱབས་རྗེ་ཡོངས་འཛིན་སྟོན་འཁོར་རྣམས་ཀྱི་ལོ་རེའི་མཛད་རྣམ་གྱི་པར་རིས་རྣམས་སྡེ་ཚན་དུ་བགོས་ནས་སྤྱན་གཟིགས་སུ་བཤམས་པ་དང་། ཕྱི་ཡི་མཆོད་རྟེན་ཆེན་པོའི་མདུན་ངོས་སུ་མཆོད་པ་རྣམ་ལྔའི་བཤམས་དར་ལེགས་པར་བགྱིས་ནས་སྟ་གོན་གྱི་བྱ་བ་བསྒྲུབས། ཕྱི་ཟླ་༠༧ཚེས་༢༤ཉིན་རྒྱུན་ལྡན་གྱི་ཞོགས་འཚོགས་གྲུབ་རྗེས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་མཛད་སྒོའི་དབུ་མགོན་དུ་སྤྱན་དྲངས་པ་དང་། དེ་མུས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ། མཁན་པོ་དགེ་བཤེས་བསམ་གཏན་གཙུག་ཕུད། དགེ་བཤེས་ལུང་རིག་རྣམ་དགདགེ་བཤེས་ལྷུན་གྲུབ་རྒྱལ་མཚན། པོ་ལན་ཌུ་བྱམས་མ་གླིང་གི་དབུ་བླ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ། ཨོ་སུ་ཁྲུ་རིས་ཡའི་ཡེ་ཤེས་གསལ་གླིང་གི་དབུ་བླ་གཤེན་གྱི་རྣལ་འབྱོར་བ་བླ་མ་སངས་རྒྱས་སྨོན་ལམ། གྲྭ་རྣམ་རྒྱལ་ཚུལ་ཁྲིམས། ལྷ་རྗེ་ཉི་མ་བསམ་འཕེལ། བོན་ཚོགས་རྣམས་ཀྱི་ལས་སྣེ་བས་གཙོས་འདུས་མང་ཡོངས་གནས་གཅིག་ཏུ་འཁོད་པ་དང་། ལྷ་བསང་དུད་སྤྲིན་གྱིས་ནམ་མཁའ་བར་སྣང་ས་གཞི་བསྐངས་ཏེ་བདུད་རྩི་སྐྱེམས་ཀྱི་མཆོད་པ་དང་། ཞལ་ཟས་རྒྱན་གྱི་ལོངས་སྤྱོད་བཅས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་འབུལ་དང་སྦྲགས་མཛད་སྒོ་དབུ་བཙུགས། དེ་རྗེས་བསང་གསོལ་ཁ་དང་། བླ་མ་མཆོད་པ་སྟེ་རྣམ་དག་འགྱུར་མེད་གྱེར་འདོན་གནང་ཞིང་འབྲས་བསིལ་དང་། བཞེས་ཏོགགསོལ་ཇ་བཅའ་འདེགས་འབུལ་ཞུས། དེ་རྗེས་བསྟན་རྒྱས་སྨོན་ལམ་གྱེར་བ་དང་། ལྷ་རྒྱལ་ཀི་བསོ་འཐེན་ནས་སྔ་དྲོའི་མཛད་རིམ་གྲུབ། ཉིན་རྒྱབ་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པས་༼དཔོན་གསས་བླ་མ་༽ཞེས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་སྐུ་ཚེའི་མཛད་རྣམ་གློག་བརྙན་དུ་ཕབ་སྐྲུན་ཞུས་པ་དེའི་བྱུང་རིམ་ངོ་སྤྲོད་གནད་བསྡུས་དང་འབྲེལ་ཡོངས་འཛིན་སྟོན་འཁོར་ལྷན་རྒྱས་ལ་སྤྱན་གཟིགས་སུ་ཕུལ། མཇུག་ཏུ་གཟིགས་མོ་བ་རྣམས་ལ་སོ་སོའི་ཚོར་སྣང་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་གོ་སྐབས་བསྩལ། དགོང་མོའི་ཆར་རྫོགས་ཆེན་ཡང་རྩེ་ཀློང་ཆེན་ནང་གི་མར་མེ་སྨོན་ལམ་གསུངས་ཏེ་བླ་སློབ་ཐུན་མོང་ནས་སྒྲོན་མེའི་མཆོད་འབུལ་གནང་མཚམས་མཛད་རིམ་མཐར་གྲུབ་བོ།།

དབྱར་ཁྲིད་ཆེན་མོ་ཐེངས་༡༡པ་དབུ་ཚུགས་པ།
10.jpg

       འདི་ཟླའི་ཕྱི་ཚེས་༢༦ཉིན་འདི་ལོའི་དབྱར་ཁྲིད་ཆེན་མོ་དབུ་བཙུགས། འདི་ལོ་ཡང་འཛམ་གླིང་ཤར་ནུབ་རྒྱལ་ཁབ་སུམ་ཅུ་ལྷག་ནས་ཕེབས་པའི་བོན་གྱི་དད་ལྡན་མི་སྣ་རྣམས་ཚོགས་གཅིག་ཏུ་འདུས་པ་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་ཉིན་ལྟར་སྔ་ཕྱི་དྲོར་རྫོགས་པ་ཆེན་པོའི་དཔེ་ཁྲིད་བཀའ་དྲིན་སྐྱོང་བའི་ཉིན་བཞི་པ་འགྲོ་བཞིན་པའི་གནས་ཚུལ་ལགས་སོ།།

11.jpg

      དེ་ལྟར་༧ཡོངས་འཛིན་སྟོན་འཁོར་རྣམས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་ཆེའི་མཛད་འཕྲིན་སྐྱོང་བ་དག་ཇི་བཞིན་སོ་སྐྱེས་སྨྲ་ཏུ་མི་གཏུབ་ཀྱང་མཐོང་ཐོས་མྱོང་གསུམ་གྱི་ཆ་ཤས་ཙམ་ཁོ་བོས་སྙིང་བསྡུས་སུ་བྱས་ཏེ་སྤེལ་བ་འདི་ནི་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དབུ་བཙུགས་ནས་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་དུས་སྟོན་དང་འབྲེལ་གནས་ཚུལ་ཞིག་གི་ཚབ་བྱས་པ་ཡིན་ནོ།།

ཕྱི་ལོའི་༢༠༡༥ཟླ་༠༧ཚེས་༢༨ལ་མེ་ལོང་ཞེས་སུ་འབོད་པ་དེས་སོ།། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།