བོན་ཚོགས་ཡེ་ཤེས་གསལ་གླིང་ལ་རབ་གནས་མཛད་སྒོའི་སྐོར།

[ཟླ་ཚེས། 2015-07-15 15:45:15][རྩོམ་པ་པོ། མེ་ལོང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-1.jpg

བོན་ཚོགས་ཡེ་ཤེས་གསལ་གླིང་ལ་རབ་གནས་མཛད་སྒོ་བསྐྱངས་པའི་གནས་བསྡུས།

2-1.jpg2-2.jpg

      ཉེ་ཆར་ཡུ་རོབ་ཁུལ་Austria ནང་ས་གནས་གྷུ་ར་རྫའི་Grazཉེ་འཁྲིས་སུ་གནས་བཅས་པའི་བོན་གྱི་འདུས་ཚོགས་ཡེ་ཤེས་གསལ་གླིང་Yeshe Sal Lingཞེས་པ་འདི་ཉིད་ཕྱི་ནང་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོ་བསྐྱངས། དེ་ཡང་དད་སྦྱིན་སོ་ཕིས་༼གཡུང་དྲུང་དབང་མོ་༽དང་། བོན་ཚོགས་ཀྱི་དབུ་བླ་གཤེན་གྱི་རྣལ་འབྱོར་བ་བླ་མ་སངས་རྒྱས་སྨོན་ལམ་གཉིས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་རྣམ་གཉིས་རབ་གནས་མཛད་སྒོའི་དབུ་མགོན་དུ་ཕེབས་འདྲེན་ཞུས་པ་བཞིན་ཕྱི་ལོའི་༢༠༡༥ཟླ་༠༧ཚེས་༡༢ཉིན་དངོས་སུ་ཆིབས་ཞལ་བསྐྱངས་པ་མ་ཟད་ཡུ་རོབ་ཁག་ཏུ་གནས་བཞུགས་བོན་གྱི་བླ་མ་དགེ་བཤེས་ཏེ། དགེ་བཤེས་བསྟན་འཛིན་སྦྱིན་པ།(ཁྲི་པ།) དགེ་བཤེས་ཉི་མ་འོད་ཟེར།(ཁྲི་པ།) དགེ་བཤེས་འོད་ཟེར་རྒྱལ་མཚན། དགེ་བཤེས་བསམ་གཏན་ཡེ་ཤེས། དགེ་བཤེས་གཡུང་དྲུང་རྒྱ་མཚོ། གྲྭ་བཙུན་རྣམ་རྒྱལ་ཚུལ་ཁྲིམས། མཁན་ཟུར་ཉི་མ་དབང་རྒྱལ་བཅས་གནས་གཅིག་ཏུ་སྐལ་བཟང་འདུ་འཛོམས་བྱུང་བར་བརྟེན་སངས་རྒྱས་ཀྱི་སྐུ་གདུང་མཆོད་རྟེན་དང་། སྐུ་གཟུགས་ཞལ་སྐྱིན་རྣམས་ལ་རྫས་སྣ་ཕུན་སུམ་ཚོགས་པའི་སྒོ་ནས་གཟུངས་གཞུག་ཚད་ལྡན་ཕུལ་ཞིང་གསུང་རབ་བཀའ་བརྟེན་འགྱུར་གཉིས་ལ་གདོང་དར་དཔེ་རས་གསོལ་ནས་རབ་ཏུ་གནས་པའི་སྟ་གོན་ལེགས་པར་བསྒྲུབས། 

3-1.jpg3-2.jpg

      ཕྱི་ཚེས་༡༣ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འདྲེན་གནང་ནས་རྣམ་དག་ཡུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ་མངའ་དབུལ་རབ་གནས་ཀྱི་འཕྲིན་ལས་གོ་རིམ་བསྐྱངས། ཕྱི་ཚེས་༡༤ཉིན་སྔ་དྲོ་བཀྲ་ཤིས་གསོལ་ནས་མར་མེ་སྨོན་ལམ་དང་སྦྲགས་ཆོ་ག་མཇུག་གྲུབ་རྗེས་ས་ཐག་ཉེ་འགྱངས་གང་ས་ནས་ཕེབས་པའི་དད་ལྡན་པ་རྣམས་ལ་༧སྐྱབས་རྗེ་ཡོངས་འཛིན་མཆོག་གིས་དགེ་སྡིག་སྤང་བླང་གི་བསླབ་བྱ་དང་བཅས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྱི་ངོ་སྤྲོད་གནད་བསྡུས་གནང་། ཕྱི་དྲོའི་ཆར་ཉེ་འཁོར་གྲོང་ཚོ་ཁག་གི་དབུ་ཁྲིད་གཙོས་ཁྱིམ་མཚེས་ཡུལ་མི་རྣམས་ལ་སྟབས་བདེའི་གསོལ་སྟོན་བཤམས་རྗེས་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་གིས་གཡུང་དྲུང་བོན་གྱི་ངོ་སྤྲོད་སྙིང་བསྡུས་དང་། འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་སྒོ་ནས་མི་ཚེའི་རིན་ཐང་འཚོལ་བསྒྲུབ་དགོས་ཚུལ་བཅས་ཀྱི་ཞལ་གདམས་བཀའ་སློབ་གནད་སྨིན་བསྩལ་བ་བཅས་བོན་ཚོགས་ཡེ་ཤེས་གསལ་གླིང་གི་རབ་གནས་མཛད་སྒོ་ལེགས་བྱུང་བའི་གནས་བསྡུས་སུ། མེ་ལོང་ཞེས་སུ་འབོད་པ་དེས་སོ། །

4-1.jpg4-2.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།