ཁམས་བྲག་འགོ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་ནས་ཞབས་བརྟན་བསྒྲུབས་པ།

[ཟླ་ཚེས། 2015-06-25 09:33:47][རྩོམ་པ་པོ། རིག་སྒོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

999.jpg

ཁམས་བྲག་འགོ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་ནས་ཞབས་བརྟན་བསྒྲུབས་པ།

777.jpg888.jpg

      ད་རེས་ཁམས་བྲག་འགོ་རྒྱལ་རོང་དགོན་གྱི་བསྟན་བདག་སྤྲུལ་སྐུ་འཆི་མེད་གཡུང་དྲུང་རིན་པོ་ཆེ་དང་། དགེ་བའི་བཤེས་གཉེན་ཆེན་མོ་ཤེས་རབ་སྦྱིན་པ། བླ་མ་འཇམ་དཔལ་རྒྱ་མཚོ། བླ་མ་བློ་གྲོས་དཔལ་ལྡན་བཅས་ཀྱི་ཐུགས་བསྐྱེད་དྲི་མ་མེད་པའི་ཉེར་ལེན་ལ་བརྟེན་དུས་གཅིག་ཏུ་མཛོ་དང་། འབྲི་གཡག་དྲུག་ཅུ་ལྷག་ཅིག་སློག་བླུ་གནང་ནས་དེ་དག་གི་ཚེ་སྲོག་ཡུན་དུ་བསྲིངས་པའི་དགེ་ཚོགས་རླབས་པོ་ཆེ་ཞིག་བསྒྲུབས་པའི་གནས་ཚུལ་ཐོན་ཡོད། འདི་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་ཡུན་ནས་ཡུན་དུ་གནས་པའི་འཚེ་མེད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕྱག་ཏུ་བཞེས་པའི་རྣམ་པ་ཞིག་ཡིན་ལ། སྒོས་སུ་རང་ཅག་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེས་གསང་གསུམ་གྱི་མཛད་པ་ཞིང་འདིར་བསྐྱངས་ནས་དགུང་གྲངས་དགུ་བཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་མཆོད་འབུལ་ལམ་སྐུ་ཚེའི་ཞབས་བརྟན་ཞིག་ཡིན་ལ། དེ་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོའི་གསང་གསུམ་གྱི་མཛད་པ་ཡུན་དུ་བརྟན་ཞིང་མི་མཐུན་པའི་མཚན་མ་རྡུལ་ཙམ་ཡང་མི་འབྱུང་བའི་རྐྱེན་སེལ་རིམ་གྲོ་ཞིག་ཀྱང་ཡིན། མདོར་ན་དགེ་ཚོགས་འདིས་མཁན་སློབ་གཤེན་གསུམ་གཙོས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་སྤྱི་དང་། དད་ལྡན་འགྲོ་བ་ཀུན་གྱི་འགལ་རྐྱེན་བར་ཆོད་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རུ་འགྱུར་བའི་སྨོན་ལམ་དང་མཚམས་སྦྱོར་ཞུས་པའོ། །

333.jpg222.jpg

      དེ་ཡང་སྲོག་བླུ་བ་ནི་ཚེ་ཐར་གཏོང་བ་ཡིན་ཞིང་འདི་ལ་ལར་ཤས་ཀྱིས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་རྐྱང་བཤད་དུ་བྱས་པ་འདུག་ཀྱང་། དོན་དུ་བོད་དུ་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཆོས་ལུགས་དར་བ་དང་མཉམ་དུ་དགེ་བཅུའི་སྲོལ་བཟང་ཚུགས་པ་ཡིན་སྟབས་དགེ་བཅུའི་དང་པོ་སེམས་ཅན་གྱི་སྲོག་མི་གཅོད་པ་དང་། གཅོད་པ་སྤོང་བར་བྱེད་པའི་དགེ་བ་དེ་ཡིན། དེ་ནི་རྣམ་འདྲེན་བརྒྱད་པ་སངས་རྒྱས་གཤེན་རབ་མི་བོས་སྐུ་ཡི་དགུང་གྲངས་ཉི་ཤུའི་སྟེང་བོད་གངས་ཅན་ཞིང་དུ་ཞབས་བཅག་ནས་དགེ་སྡིག་སྤང་བླང་གི་རྣམ་བཞག་བསྟན་པ་དང་། འཚེ་བ་ཆོས་སུ་བྱེད་པའི་ལུགས་སྲོལ་གཙང་བཀག་གནང་ཞིང་གདམས་ངག་བསྟན་པ་ནས་བཟུང་བོད་དུ་སེམས་ཅན་གྱི་སྲོག་བླུ་བའི་སྲོལ་བཟང་འདི་དར་ཁྱབ་བྱུང་བ་ཞིག་ཡིན། དེ་ཡང་མདོ་གཟེར་མིག་ལས། "ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་། །" ཞེས་དང་། "སྡོམ་པ་སྣ་གཅིག་མ་བསྲུང་བར། །སྟོན་པ་ང་ཡི་འཁོར་དུ་མི་གཏོགས་སོ། །" ཞེས་པ་སོགས་ཀྱི་སྡོམ་ཚིག་ལ་བརྟེན་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཕལ་ཆེར་བོན་ཆོས་དང་ཁ་བྲལ་ཐབས་མེད་པར་ཤ་ཁུ་སྣུམ་གྱིས་ཟོས་པ་བཞིན་ཆགས་ཡོད་པ་ལས་སྲོག་བླུ་བ་འདི་ནི་དེ་དག་གི་ཆ་ཤས་ཙམ་དུ་ངོས་འཛིན་ཞུས་པའོ། །

111.jpg666.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།