མདོ་སྨད་རྟོགས་ལྡན་དགོན་གྱི་དུས་མཆོད་ཆེན་མོ།

[ཟླ་ཚེས། 2015-02-17 14:30:31][རྩོམ་པ་པོ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

23.jpg

ཨེ་མ་ཧོ།

འགྱུར་མེད་གཡུ༵ང་དྲུ༵ང་གཏམ་པའི་བྲག་ཐོག་ཏུ།།
སྡོམ་གསུམ་ཚུ༵ལ་ཁྲི༵མས་བསྟན་པའི་རྒྱལ་མཚན་ནི།།
དུས་གསུམ་ནུབ་པ་མེད་པར་འཛུགས་མཛད་པ།།
གཡུང་དྲུང་ཚུལ་ཁྲིམས་ཞབས་ལ་གསོལ་བ་འདེབས།།

རམ་འབྱམས་རྒྱལ་བའི་གསང་གསུམ་སྒྱུ་འཕྲུལ་གར།།
གཡུ༵ང་དྲུ༵ང་བསྟན་པ་འཛིན་ཅིང་སྤེལ་བའི་གཉེན།།
ཚུ༵ལ་ཁྲི༵མས་གསུམ་སོགས་ལུང་རྟོགས་ཡོན་ཏན་ལ།།
དབང་འབྱོར་རྒྱལ་སྲས་དམ་པར་གསོལ་བ་འདེབས།།

2.jpg

   མདོ་སྨད་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་ཉི་ཤུའི་དུས་མཆོད་ཆེན་མོ་ནི། རྟོགས་ལྡན་དགོན་གྱི་བླ་རབས་དང་པོའམ་སྔོན་གྱི་དགོན་སྡེ་འདུལ་དགོན་ལ་གསར་བསྒྱུར་གནང་མཁན་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་འདས་མཆོད་དུས་ཆེན་ལོ་རེ་བཞིན་དུ་སྒྲུབ་བཞིན་ཡོད་པ་ཞིག་ཡིན་ལ། རྟོགས་ལྡན་བླ་རབས་དང་པོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་མཆོག་ནི། ད་ལྟའི་རྔ་བ་རྫོང་བར་མ་ཡུལ་ཚོ་སྟག་ཚང་རུ་ཁག་གསུམ་པའི་རྨེའུ་གོང་ཚང་དུ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི། སྤྱི་ལོ1646ལོར་སྐུ་འཁྲུངས། སྤྱི་ལོ1666ལོར་སྔོན་གྱི་དགོན་པར་གཙང་དགོན་དུ་བསྒྱུར་ནས་འདུལ་དགོན་གསར་དུ་བཙུགས། སྐྱབས་མཆོག་གང་གི་རྣམ་ཐར་རྒྱས་པ་《རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་འདོད་འབྱུང་དབང་གི་རྒྱལ་པོ་》དང་《རྟོགས་ལྡན་བླ་བརྒྱུད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྡུས་སུ་བཀོད་པ་ཨུཏྤལ་དཀར་པོའི་ཕྲེང་བ་》དང་《རྟོགས་ལྡན་དགོན་གྱི་ལོ་རྒྱུས་མདོར་བསྡུས། 》《རྟོགས་དགོན་ལོ་རྒྱུས་རིག་གནས་མདོ་ཙམ་གླེང་བ་》སོགས་སུ་རྒྱས་པར་གསལ། རྣམ་ཐར་དེ་ལས་སྤྱི་ལོར་1714ལོའི་བོད་ཟླ་༡༢ཚེས་༢༠ཉིན་ལ། སྐྱབས་རྗེ་རིན་པོ་ཆེ་མཆོག་ནས། ༼ད་ཕ་ནོར་བུ་ལ་སྤྲོད་དགོས་ཅེས་གསུང་ནས་རྔ་ཡུལ་བློན་ཚང་སྡེ་བ་ཨཀྐའི་ཐང་བ་ཚང་དུ་སྐུ་འཁྲུངས་བའི་རྟོགས་ལྡན་བླ་རབས་གཉིས་པ་རྟོགས་ལྡན་བསོད་ནམས་ཕུན་ཚོགས་མཆོག་དང་ཨཀྐའི་ཞི་གདུགས་ཚང་དུ་འཁྲུངས་པའི་ཚུལ་ཆེན་སྐུ་འཕྲེང་དང་པོ་རྟོགས་ལྡན་བླ་རབས་གསུམ་པ་རྟོགས་ལྡན་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེ་སོགས་ལ་བསྟན་པ་གཏད། ད་བདག་གིས་ཚེ་གཅིག་ལ་བསྒྲུབ་པའི་འབྲས་བུ་དེ་རིང་སྨིན་པའི་འགོ་ཤར་བ་རེད། ད་བདག་འགྲོ་རན་ལེ་རེད་༽གསུངས་ནས་གཤེན་གླུད་འདོད་ཡོན་ལྔ་ལྡན་ཞིག་བསྔོས་ན་རང་གཞན་ཀུན་ཀྱི་ཚེ་བདུད་སྲོག་གཤེད་སོགས་ལ་ཕན་ཐོག་ཆེན་པོ་ཡོད་གསུངས་ནས། གླུད་ཀྱི་བསྔོ་བྱང་ལྟར་དུ་གནང་། ད་འུ་ཅག་དཔོན་སློབ་ཀུན་གྱིས་རྫོགས་ཆེན་གསོལ་འདེབས་སྒྲ་དག་ཚིག་གསལ་ངང་ནས་ཐོན་དང་། རྩ་བའི་བླ་མའི་དབུ་ལ་བརྒྱུད་པའི་བླ་མས་བརྒྱན་ཟེར་བ་དེ་ཡིན་གསུངས་ཏེ། ཀུན་གྱིས་གསུངས་པའི་མཇུག་མ་རྫོགས་གོང་དུ་དཀའ་ཚེག་མེད་པ་དགོངས་པ་མཁའ་སྤྱོད་དུ་གཤེགས་སོ། དེ་ནས་ཟླ་བ་གཉིས་ལ་བུ་སློབ་ཀུན་ཀྱིས་གདུང་མཆོད་རྒྱས་པ་ཕུལ། སྐུ་གདུང་གྲུ་གང་ཙམ་ལས་མ་ལྷག་པས་འཇའ་ལུས་གཤེགས་ནས་སྤྲུལ་སྐུ་འཁྲུངས་རྒྱུ་མེད་ལ། འདས་པའི་དུས་བཟང་སོགས་ལ་མཁའ་སྤྱོད་ནས་བྱ་རྒོད་དུ་སྤྲུལ་ནས་ཕེབས་པར་ཞལ་བཞེས་ཡོད་པ་བཞིན། ཕྱི་ནས་སློབ་མ་རྣམས་ཀྱིས་བླ་མའི་མཆོད་པ་དང་ཚོགས་འཁོར་ཕུལ་བའི་དུས་བཟང་རྣམས་སུ་གཞའ་འོད་དང་བྱ་རྒོད་རྟག་ཏུ་མཇལ་རྒྱུ་ཡོད་པ་མངོན་གསལ་ལྟར་ལགས་ལ།

5.jpg

   བདག་ཅག་གི་བླ་མ་དམ་པ་འདི་ནི་སངས་རྒྱས་ཀྱི་སྤྱི་གཟུགས། རྒྱལ་བའི་སྐུ་ཚབ། བདེ་བར་གཤེགས་པའི་རྣམ་སྤྲུལ་གང་ཟག་ཐ་མལ་བར་སྤྲུལ་ནས་ཕེབས་པ་རིག་ནས་བླ་མ་ཁྱད་པར་ཅན་གཤེགས་པའི་དུས་དང་ཉི་ཟླ་གཟའ་འཛིན་གྱི་དུས་སུ་དགེ་བ་གང་བྱས་བྱེ་བ་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ཁྱད་པར་ཅན་འདི་སྤྱི་ལོར1714ལོར་ནས་བཟུངས་ད་ལྟའི་བར་རྒྱུན་མ་ཆད་པར་ཚོགས་བཞིན་པ་དེའོ།།

14.jpg

   1714ལོ་ནས་2015བར་སྐུ་གཤེགས་ནས་301བྱིན། དུས་མཆོད་ཉིན་འདིར་སེམས་དཔའ་འདུས་སྡེ་རྒྱ་མཚོས་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་ཉིན་གཉིས་ལ་གསུངས་ཤིང་ཉིན་རྗེས་མའི་ཉིན་རྟོགས་ལྡན་བླ་རྒྱུད་མཆོད་པ་སྐྱབས་མཆོག་གང་གི་གསང་རྣམ་དང་མནྜལ་བསྔོ་འབྲེལ་སྨོན་ལམ་བཅས་གསུངས་ཏེ་བླ་གྲྭ་ཀུན་སེར་འཕྲེང་ནོར་བུ་དགའ་འཁྱིལ་བྱ། གསང་རྒྱུད་ཆོ་ཀའི་འཕྲིན་ལས་ཀྱི་སྒོ་ནས་ཞི་རྒྱས་དབང་དྲག་གི་གར་གྱི་མཆོད་པ་ལེའུ་ཚན་བཅུ་གསུམ་འབུལ་བ་དང་བསྟན་སྦྱིན་ལྷ་འབངས་ཡོངས་ཀྱི་བསྟན་སྲུང་མ་མཆོག་སྲིད་པ་རྒྱལ་མོར་སྙན་དར་ཕུལ་ཞིང་བསང་མཆོད་གཏོང་བ་དང་། རྗེས་སུ་ལྷ་རྒྱལ་བཀྲ་ཤིས་རིང་མོ་སོགས་གྱིས་བརྒྱན་ཏེ་ཡངས་བའི་རྒྱལ་ཁམས་བདེ་ཞིང་སྐྱིད་པ་དང་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་ཞིང་བསྟན་པ་རྒྱས་པའི་ཐུགས་སྨོན་མཉམ་དུ་གནང་བ་བཅས་ཚོགས་བསགས་དགེ་བསྔོའི་དུས་མཆོད་ཁྱད་པར་ཅན་ཞིག་ཏུ་བརྩི་སྲོལ་ཡོད་པ་བཞིན་ནོ།།

26.jpg

རྒྱུད་གསུམ་མཛོད་འཛིན་དགེ་བའི་བཤེས་གཉེན་དང་།།
རིག་གྲོལ་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས།།
རྩེ་གཅིག་དད་པའི་གསོལ་བ་བཏབ་པའི་མཐུས།།
སྲིད་མཚོར་བྱིང་བའི་ཉམ་ཐག་འགྲོ་བ་རྣམས།།
འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ།།
ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག།
རིང་མིན་མྱུར་དུ་འཐོབ་པའི་བསྔོ་སྨོན་དང་།།
འདི་སྤྱི་དགེ་བའི་སྐྱབས་སྨོན་ཡང་དག་ཞུ།།
ཉག་སྤྲུལ་བསོད་ནམས་རྒྱ་མཚོས་སྤེལ།

གནས་ཚུལ་གྱི་འདྲ་པར་ཆ་ཚང་གཟིགས་འདོད་ན་གཤམ་གྱི་དྲ་གནས་སུ་ཕེབས།

http://mp.weixin.qq.com/s?__biz=MzA3MTkxMjkwNQ==&mid=208250164&idx=1&sn=260bff0f9d380c1b42249747b64a603b&scene=0#rd

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།