ངག་དབང་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་།

[ཟླ་ཚེས། 2014-12-18 11:00:03][རྩོམ་པ་པོ། རིན་སྤུངས་པས་བསྡུས།][རྩོམ་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ།][ཀློག་གྲངས། ]

ངག་དབང་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་དུ་“ཏུན་ཧོང་ཡིག་རྙིང་ལས་བོན་གྱི་ཡིག་ཆ་ཞིབ་འཇུག” ཅེས་པ་
བརྗོད་དོན་དུ་བཟུང་ནས་རིག་གཞུང་འཆད་ཁྲིད་གནང་བ།
998.jpg

   ངག་དབང་རྒྱ་མཚོ་ལགས་ནི ༡༩༧༠ ལོའི་ཟླ ༦ པར་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་ནས་སྐུ་འཁྲུངས། ད་ལྟ་ལན་ཀྲུ་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་གཞོན་པ་དང་། མཚན་ཉིད་རིག་པའི་འབུམ་རམས་པ་ཡིན་ལ། ཐེ་ཝན་ཧྥུ་ཀོང་སློབ་གྲྭ་ཆེན་མོའི་མགྲོན་ཞུས་སློབ་དཔོན་གྱི་འགན་བཞེས་ཡོད། ༢༠༡༡ ལོར་སི་ཁྲོན་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པ་མཐར་ཕྱིན་པ་དང་། ༢༠༡༢ ལོའི་ཟླ ༡༠ བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རབ་འབྱམས་གོང་མའི་ཞིབ་འཇུག་བགྱིས། ༡༩༩༧ ལོའི་ཟླ ༨ པ་ནས ༢༠༡༣ ལོའི་ཟླ ༣ པའི་བར་དུ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་བོད་ཡིག་སྡེ་ཁག་ཏུ་ལས་བསྒྲུབ་མཛད་པ་དང་། ༢༠༡༣ ལོར་ལན་ཀྲུ་སློབ་གྲྭ་ཆེན་མོའི་ནུབ་བྱང་གི་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་སུ་ལས་བསྒྲུབ་མཛད་ཅིང་། ཞིབ་འཇུག་བྱེད་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གནས་དང་ལོ་རྒྱུས། བོན་ཆོས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཡིན། ཁོང་གིས་སྔ་གཞུག་ཏུ 《བོད་ལྗོངས་ཞིབ་འཇུག》དང 《ཆོས་ལུགས་རིག་པ་ཞིབ་འཇུག》བཅས་ཀྱི་དུས་དེབ་ཏུ་རྒྱ་ཡིག་དང་བོད་ཡིག་གི་དཔྱད་རྩོམ་བཅུ་ཕྲག་ཅིག་དང་། ཆེད་སྒྲིག་པོད་གཉིས། སྒྲིག་རྩོམ་པོད་གཉིས་དང་། རྩོམ་སྒྲིག་པོད་གཉིས་ཀྱི་ལས་ནང་ཞུགས།

7h.jpg

  ༢༠༡༣ ལོའི་ཟླ ༡༢ པའི་ཚེས ༡༥ ཉིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་རྩ་འཛུགས་གནང་ལ། སྲིད་འཛིན་གླིང་གཙོ་གཞོན་པ་རྟ་མགྲིན་ཚེ་རིང་ལགས་ཀྱིས་མདོ་འཛིན་མཛད་ནས་རང་སློབ་གྲྭའི་སྣ་འཛོམས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ། ངག་དབང་རྒྱ་མཚོ་ལགས་ཀྱིས “ཏུན་ཧོང་ཡིག་རྙིང་ལས་བོན་གྱི་ཡིག་ཆ་ཞིབ་འཇུག” ཅེས་པ་བརྗོད་དོན་དུ་བཟུང་ནས་ཕྱི་དྲོའི་དུས་ཚོད ༤ དང་སྐར་མ ༡༠ ནས ༦ བར་རིག་གཞུང་འཆད་ཁྲིད་གནང་ལ། ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ། ཆེད་སྦྱོང་སློབ་མ། སྤྱི་ཚོགས་སྟེང་གི་མི་སྣ་སོགས་མི་གྲངས་སུམ་བརྒྱ་ལྷག་ཞུགས་ཏེ་ཚོགས་ར་གང་བར་བྱས་ཡོད།

hb.jpg

   ཁོང་གིས་ལོ་ངོ་ཉི་ཤུའི་རིང་ལ་བོན་པོའི་རིག་གནས་ལ་ཞིབ་འཇུག་བྱས་ལ། ཐེངས་འདིའི་འཆད་ཁྲིད་དུ་གཙོ་བོར་བོད་བཙན་པོའི་སྐབས་བོན་ཡོད་མེད་དང་། བོན་ཆོས་ལ་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་དང་དེར་ཞིབ་འཇུག་ཇི་ལྟར་བྱ་བ། ད་དུང་དེང་རབས་ཀྱི་ཞིབ་འཇུག་ཐབས་ལམ་འགའ་ངོ་སྤྲོད་བྱས། འཆད་ཁྲིད་ཀྱི་ནང་དོན་ནི་དོན་ཚན་བཞི་རུ་བགོས་ཡོད་དེ། དོན་ཚན་དང་པོ། ཏུན་ཧོང་ཡིག་རྙིང་ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་མཐའ་དཔྱོད། དེ་ལ ༡ ཏུན་ཧོང་ཡིག་རྙིང་ལས་བོན་ཞེས་པའི་ཐ་སྙད་འདི་ཆོས་ལུགས་ཆོ་ག་སྤེལ་བའི་གང་ཟག་ལ་འཇུག་པའི་སྐོར་བཤད་། ༢ བོན་ཞེས་པའི་ཐ་སྙད་འདི་བོན་ཆོས་སམ་ཆོ་ག་ལ་འཇུག ༣ བོན་འདི་བཤད་པའམ་འདོན་པའི་དོན་ལ་འཇུག་པའི་སྐོར་བཅས་གསུམ་ཡོད། དོན་ཚན་གཉིས་པ། ཏུན་ཧོང་ཡིག་རྙིང་ལས་བོན་གཤེན་དག་གི་ལས་མཛད། དེ་ལ ༡ བོན་གཤེན་དག་གི་ལས་མཛད་གཙོ་བོ་གཏོ་དཔྱད་ཡིན་པའི་སྐོར་བཤད་པ། ༢ མོ་འདེབས་ཕྱཱ་ཀློག་གི་སྐོར། ༣ ཤི་བ་དུར་འཇུག་གི་སྐོར། ༤ ལྷ་གསོལ་འདྲེ་གནོན་གྱི་སྐོར། ༥ བླ་འབོད་གཡང་འབོད་ཀྱི་སྐོར། ༦ བོན་པོ་རྣམས་ཀྱིས་སྐབས་དེའི་སྤྱི་ཚོགས་ལ་ཐོན་པའི་ནུས་པ་བཤད་པ་བཅས་དྲུག་ཡོད། དོན་ཚན་གསུམ་པ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གཤེན་རབ་མྱི་བོ་སྐོར་གྱི་མཐའ་དཔྱོད། དེ་ལ ༡ ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གཤེན་རབ་མྱི་བོ་སྐོར་བཤད་པ། ༢ གཤེན་བར་མྱི་བོས་ཟིན་པའི་སྤྱི་ཚོགས་གོ་གནས། ༣ གཏམ་ཤུལ་དགའ་ཐང་བུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་དཔེ་ནང་གི་གཤེན་རབ་མྱི་བོ་སྐོར་དང་བསྡུར་ཏེ་དཔྱད་པ། ༤ བོན་གཞུང་དུ་བྱུང་བའི་གཤེན་བར་མི་བོ་བཅས་བཞི་ཡོད། དོན་ཚན་བཞི་བ། བོན་གཞུང་དུ་བྱུང་བའི་གཤེན་རབ་མི་བོ། དེ་ལ ༡ ཏུན་ཧོང་ཡིག་རྙིང་ལས་བོན་ལ་ངན་སྨྲས་ཀྱི་སྐོར་བཤད་པ། ༢ བོན་ལ་ངན་སྨྲས་ཀྱི་རྒྱུ་མཚན་ལ་བཤད་པ་བཅས་གཉིས་ཡོད། དེ་མ་ཟད། འཆད་ཁྲིད་རྗེས། སློབ་མ་རྣམས་ཀྱིས་ངག་དབང་རྒྱ་མཚོ་ལགས་ལ་དྲི་བའང་བཏོན་ལ། ཁོང་གིས་དྲི་བར་དྲིས་ལན་གསལ་བོར་བཏབ་ནས་སློབ་མ་རྣམས་ཀྱི་དོགས་གཞི་སེལ་བར་བྱས། འཆད་ཁྲིད་བརྒྱུད་དེ་སློབ་མ་རྣམས་ཀྱིས་བོན་ཆོས་ཐད་སྔར་ལས་ལྷག་པར་རྒྱུས་ལོན་བྱུང་བ་དང་། བཙན་པོའི་རྒྱལ་རབས་སྐབས་ཀྱི་བོན་ལ་ཞིབ་འཇུག་བྱ་དགོས་ན། ཡོངས་གྲགས་བོན་གྱི་ཡིག་ཚང་དག་གཞིར་བྱས་ཏེ། ངེས་པར་དུ་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་ལས་བོན་དང་འབྲེལ་བའི་ཡིག་ཆར་ཞིབ་འཇུག་བྱེད་དགོས་པ་བཅས་གསུངས་ནས་འཆད་ཁྲིད་ཀྱི་མཇུག་བསྡུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།