ལི་ཝེར་རི་ཁྲོད་ཀྱི་གཡུང་དྲུང་བོན་གྱི་རྡོ་བརྐོས་རི་མོའི་རིགས་སྒྲུབ་ཚོགས་འདུ་ཆུ་ཆེན་རྫོང་དུ་འཚོགས།

[ཟླ་ཚེས། 2014-11-15 18:57:21][རྩོམ་པ་པོ། ལྕགས་མོ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.gif

ལི་ཝེར་རི་ཁྲོད་ཀྱི་གཡུང་དྲུང་བོན་གྱི་རྡོ་བརྐོས་རི་མོའི་རིགས་སྒྲུབ་ཚོགས་འདུ་ཆུ་ཆེན་རྫོང་དུ་འཚོགས།

      ༢༠༡༤ལོའི་ཟླ༡༡པའི་ཚེས༨ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་སྲིད་གཞུང་གི་གདན་ཞུས་ལྟར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་སློབ་དཔོན་ཆེན་མོ་ཚེ་རིང་ཐར་སོགས་མི་བཞིས་གྲུབ་པའི་རྟོག་ཞིབ་རུ་ཁག་ཆུ་ཆེན་རྫོང་དུ་རྟོག་ཞིབ་ཏུ་བསྐྱོད་པ་དང་། ས་གནས་དེ་གའི་རིག་གནས་སྡེ་ཁག་གི་ལས་བྱེད་མི་སྣའི་རམ་འདེགས་འོག རྟོག་ཞིབ་རུ་ཁག་གིས་ཆུ་ཆེན་རྫོང་ལི་ཝེར་ཞང་ལི་ཝེར་རི་ཁྲོད་(གནས་འདིར་ཀ་ལིང་ཀ་རི་ཁྲོད་ཅེས་ཀྱང་འབོད)ནས་རྙེད་པའི་བོན་པོའི་རྡོ་བརྐོས་རི་མོའི་ཚོགས་དང་དེའི་མཐའ་འཁོར་གྱི་བོན་པོའི་ཤུལ་བཞག་རིག་གནས་ལ་ཉིན་གཉིས་རིང་གི་རྟོག་དཔྱོད་བྱས་པར་མ་ཟད། ས་གནས་དེ་གའི་ཆེད་མཁས་མི་སྣ་དང་བསམ་བློ་བརྗེ་རེས་ཀྱི་གླེང་མོལ་བྱས། ཐེངས་འདིའི་རྟོག་ཞིབ་ཁྲོད་དུ། རྟོག་ཞིབ་རུ་ཁག་གིས་བོན་པོའི་རྡོ་བརྐོས་རི་མོ་དེ་དག་གི་ནང་དོན་དང་། བརྐོས་ལུགས། ཐིག་ཚད། བོད་ཡིག་གི་ཡིག་གཟུགས་སོགས་ཟུར་ཕྱོགས་མང་པོའི་ཐད་ནས་ཞིབ་འཇུག་བྱས་པ་དང་། དུས་མཚུངས་སུ་རྒྱལ་རོང་ས་ཁུལ་གྱི་བོན་པོའི་རིག་གནས་ཀྱི་འཕེལ་རིམ་ལོ་རྒྱུས་ཡོངས་དང་འབྲེལ་ནས་རྡོ་བརྐོས་རི་མོའི་ཚོགས་ལ་ཅུང་ཡང་དག་པའི་སྒོ་ནས་ངོས་འཛིན་བྱས།

11.gif

      ༢༠༡༤ལོའི་ཟླ༡༡པའི་ཚེས༡༠ཉིན། རྟོག་ཞིབ་རུ་ཁག་ཆུ་ཆེན་རྫོང་སྲིད་གཞུང་གིས་བསྡུས་པའི“གཡུང་དྲུང་བོན་གྱི་ལི་ཝེར་རི་ཁྲོད་ཀྱི་རྡོ་བརྐོས་རི་མོའི་རིགས་སྒྲུབ་ཚོགས་འདུར”ཞུགས་པ་དང་། ཚོགས་འདུ་དེ་ཆུ་ཆེན་རྫོང་གི་རྫོང་དཔོན་ཀྲིན་ཀང་གིས་མདོ་འཛིན་གནང་། ཚོགས་ཞུགས་མི་སྣར་ད་རུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། བོན་ཆོས་ཞིབ་འཇུག་གི་ཆེད་མཁས་པ་སློབ་དཔོན་ཆེན་མོ་ཚེ་རིང་ཐར་དང་། ཆུ་ཆེན་རྫོང་གི་རྫོང་དཔོན་ཀྲིན་ཀང་། ཆུ་ཆེན་རྫོང་གི་རྫོང་ཨུའི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧྲིན་ཧུང་ཞཱ། རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་པ་སངས། ཆུ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཤུ་སྤྲུལ་སྐུ། རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཆོས་ལུགས་མི་དོན་ཅུས་ཀྱི་སྔར་གྱི་ཅུས་ཀྲང་ལིས་མའོ་སོགས་ཞུགས།

      ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་ཚེ་རིང་ཐར་གྱིས་རྟོག་ཞིབ་ཀྱི་སྙན་ཞུ་ཆ་ཚང་བྱས་པ་དང་། ཁོང་གིས་ས་གནས་དངོས་སུ་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག རང་ཉིད་ཀྱིས་མི་ལོ་ཉི་ཤུའི་རིང་བོན་པོའི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་པའི་མྱོང་བ་དང་སྦྲགས་ཏེ། ལི་ཝེར་རི་ཁྲོད་ནས་རྙེད་པའི་བོན་པོའི་རྡོ་བརྐོས་རི་མོའི་ནང་དོན་དང་། དུས་ཚོད། དེའི་རིན་ཐང་སོགས་ལ་རིག་གཞུང་དཔྱད་འཇོག་ཞིབ་ཚགས་བགྱིས་པ་སྟེ། གཅིག རྡོ་བརྐོས་རི་མོ་དེ་དག་གི་ནང་དོན་ནི་མདོ་དབུས་མཐོ་སྒང་གི་རང་ས་རང་ཡུལ་ནས་སྐྱེས་པའི་བོན་པོའི་ནང་དོན་དངོས་ཡིན་པ་དང་། གཉིས། རྡོ་བརྐོས་རི་མོ་དེ་དག་ནི་དུས་རབས༡༡པ་ནས་དུས་རབས༡༦བར་དུ་བྱུང་བ། གསུམ། རྡོ་བརྐོས་རི་མོ་དེ་དག་གི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཤུགས་རྐྱེན་ཆེན་པོ་བྱུང་མྱོང་བའི་ལོ་རྒྱུས་ཀྱི་གྲགས་ཆེན་མི་སྣ་སྐོར་ཞིག་བྱུང་ཡོད་པ་དང་། སྐྱེས་ཆེན་དེ་དག་ནི་མདོ་དབུས་མཐོ་སྒང་གི་རིག་གནས་ཁྲོད་ཀྱི་དུས་སྔ་མའི་རྫོགས་ཆེན་གྱི་རི་ཁྲོད་པ་སྐོར་ཞིག་ཡིན་ཞིང་། ཁོང་ཚོ་ནི་གནའ་རབས་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པས། འདིས་རྒྱལ་རོང་རིག་གནས་སུ་རྣམ་པ་གསར་བ་ཞིག་གི་ཁ་བསྣན་པར་མ་ཟད། རྒྱལ་རོང་བོད་རིགས་ཀྱི་རིག་གནས་སྤྱིའི་རིན་ཐང་དེ་བས་མཐོ་རུ་བཏང་ཡོད།

33.gif

      སློབ་དཔོན་ཆེན་མོ་ཚེ་རིང་ཐར་ལྟར་ན། རྡོ་བརྐོས་རི་མོའི་ཚོགས་འདི་དག་ནི་གཡུང་དྲུང་བོན་གྱི་རྣལ་འབྱོར་བས་བརྐོས་པའི་བྲག་བརྐོས་རི་མོའི་ཚོགས་ཤིག་ཡིན་ཞིང་། དེའི་ནང་དོན་གཙོ་བོ་ནི་བོན་གྱི་མ་རྒྱུད་གསང་སྔགས་ཁྲོད་ཀྱི་སྲུང་མའི་ཚོ་བརྒྱད་དང་། བོད་ཀྱི་ལོ་རྒྱུས་ཐོག་གི་གསང་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་འགའ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། འདི་དང་དུས་རབས༡༡པ་ནས་དུས་རབས༡༦པའི་བར་རྒྱལ་རོང་ས་ཁུལ་དུ་འཁྲུངས་པའི་བོན་པོའི་རྣལ་འབྱོར་བ་ཆེན་མོའི་སྒོམ་རྒྱག་དང་འབྲེལ་བ་ཡོད་པ་བསྟན་ལ། ཁོང་གིས་ད་རུང་རིག་གནས་སྐྱེ་ཁམས་རིག་པའི་ངོས་ཐད་ནས་རྡོ་བརྐོས་རི་མོ་འདི་དག་གི་རིན་ཐང་དང་སྲུང་སྐྱོབ་ཐད་ལ་བསམ་འཆར་འགངས་ཆེན་བཏོན།
      ཚོགས་ཐོག་ཏུ་ཆུ་ཆེན་རྫོང་གི་རྫོང་དཔོན་ཀྲིན་ཀང་དང་། རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཆོས་དོན་ཅུས་ཀྱི་སྔར་གྱི་ཅུས་ཀྲང་ལིས་མའོ། ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་པ་སངས། ཆུ་ཆེན་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲིན་ཧུང་ཞཱ་སོགས་ཚོགས་ཞུགས་མི་སྣས་རྟོག་ཞིབ་རུ་ཁག་གིས་རྡོ་བརྐོས་རི་མོ་ཚོགས་ཀྱི་དུས་མཚམས་ཕྱེས་པར་མཐའ་གཅིག་ཏུ་མོས་མཐུན་བྱུང་བའི་ལྟ་བ་བཏོན་པར་མ་ཟད། ལི་ཝེར་རི་ཁྲོད་ཀྱི་རྡོ་བརྐོས་རི་མོའི་ཚོགས་ཀྱི་དུས་མཚམས་ཕྱེས་པ་དེས་རྡོ་བརྐོས་རི་མོ་འདི་དག་གི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཡང་དག་པའི་སྒོ་ནས་དཔྱད་འཇོག་བྱ་བར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་པ་དང་། རྒྱལ་རོང་ས་ཁུལ་གྱི་རིག་གནས་ཀྱི་རང་རློམ་རང་བཞིན་མཐོར་འདེགས་དང་། རྒྱལ་རོང་གི་ལོ་རྒྱུས་རིག་གནས་ཀློག་འགྲེལ་དང་། འགྲེལ་བཤད། རྒྱལ་རོང་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཐུབ་པར་ལོ་རྒྱུས་རིག་གནས་ཀྱི་ཁུངས་ལུང་གལ་ཆེན་ཞིག་མཁོ་འདོན་བྱས་པ་བསྟན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།