སྨོན་རྒྱལ་བླ་བྲང་གི་སྒྲུབ་ཐོན་རྟེན་འབྲེལ་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2014-08-14 00:23:38][རྩོམ་པ་པོ། སྒྲུབ་ཐོན་མཛད་སྒོ་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔལ་ལྡན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་སྐབས་དང་པོའི་གཤེན་གྱི་སྒྲུབ་ཐོན་པ་དང་སྒོམ་ཐོན་པ་བཅད་བརྒྱའི་དུས་མཚམས་ལོ་གསུམ་ཟིན་པའི་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་ངང་སྤེལ་བ།
0 (4).jpg0 (3).jpg

   སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་འདུས་སྤྱིའི་དབུ་འཛིན་རྣམ་པས་གོ་སྒྲིག་ལྟར་སྒྲུབ་གྲྭ་དང་སྒོམ་སྡེས་བདག་ཅག་གི་ ༧ སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༡༨༠༣༡ འཁོར་བའི་དུས་ཁྱད་པར་ཅན་བོད་ཤིང་རྟ་ལོ། སྤྱི་ལོ་༢༠༡༤ལོའི་བོད་ཟླ་༥། ༡༠ ནས་དབུ་བཟུང་ཐོག དཔལ་ལྡན་རྒྱལ་བ་༧སྨན་རི་བའི་འདོན་སྒྲིག་ལྟར་དབྱར་དུས་ཀྱི་དུས་ཆེན་དཀའ་ཐུབ་འཚོགས་ཤིང་བླ་སློབ་ལྷན་རྒྱས་ཀྱིས་རྨད་བྱུང་གཤེན་གྱི་དགེ་སྤྱོད་མཛད་རིམ་ཁག་ཇི་བཞིན་དབུ་ཕབ་པ་སྟེ།

0 (7).jpg0 (2).jpg

   དེ་ཡང་རང་རེའི་བསོད་སྐལ་དུ་མཇལ་ཡུལ་གྱུར་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པའི་ཐབས་ལམ་དམ་པ་འཕྲུལ་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་ཐུགས་ཉམས་སུ་བསྟར་བཞིན་པའི་འདས་མ་ད་གསུམ་གྱི་བོན་གྱི་འདུལ་སྔགས་རྫོགས་གསུམ་ལ་གཞོལ་བའི་རྗེས་འབྲང་པ་དག་བོན་གཞུང་ལ་ཚུལ་བཞིན་དུ་འབད་བརྩོན་གནང་བའི་ལག་རྗེས་ལ་བརྟེན་ནས་གྲུབ་ཐོབ་རིགས་འཛིན་རྨད་བྱུང་འདུལ་འཛིན་པ་གང་མང་ཞིག་ཕེབས་དང་ཕེབ་བཞིན་ཡོད་པ་ཤེས་ཤེས་གསལ་གསལ་དུ་ལགས།

   0 (5).jpg0 (6).jpg

   དེ་དག་ཉམས་སུ་ལེན་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ཏེ་ཚུལ་བཞིན་དུ་ཉམས་ལེན་གནང་བའི་བཤད་པའི་སྡེ་དང་། དད་འདུན་མོས་གུས་ཀྱི་ཀུན་ནས་སློང་ཏེ་འཁོར་བ་ལ་སྐྱོ་ཤས་དང་ཐར་པ་ལ་ངེས་འབྱུང་སྐྱེ་བའི་སྒོ་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་ཏེ་སྒྲུབ་པའི་སྡེ་གཉིས་སུ་བྱུང་བ་བཞིན། ད་ལན་དེའི་ཁོང་གཏོག་སྒྲུབ་སྡེའི་སྲོལ་འཛིན་གྲུབ་དབང་འཇའ་ལུས་པ་ཆེན་མོ་ཀུན་མཁྱེན་ཤར་རྫ་བཀྲིས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་གསུང་འབུམ་གཞི་བཟུང་གི་ཐོག་ནས་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ལ་སློབ་གཉེར་འབད་བརྩོན་ཚུལ་མཐུན་བགྱིས་པའི་གཤེན་གྱི་སྒྲུབ་ཐོན་པ་བཅུ་གཅིག་དང་སྒོམ་ཐོན་པ་གཉིས་བཅས་ཀྱི་རྟེན་འབྲེལ་མཛད་སྒོའི་རིམ་པ་ནི།

0 (8).jpg0 (10).jpg

   མཛད་རིམ་ཉིན་དང་པོ་སྟེ། འདི་ཟླའི་བོད་ཚེས་བཅུ་གསུམ་ཉིན། བླ་བྲང་གི་འགན་འཛིན་རྣམ་པས་གོ་སྒྲིག་ལྟར་གཏམ་སྨད་བེ་དགོན་བསམ་གཏན་གླིང་གི་སེར་ཁྱིམ་སྔགས་འཆང་བ་རྣམས་ནས་གཤེན་གྱི་གར་འཆམས་ཆེན་མོ་ཀུན་བཟང་རྒྱལ་བ་མཉེས་པའི་མཆོད་སྤྲིན་ཀྱི་དོད་དུ་བླ་སློབ་གཤེན་བཙུན་ལྷན་རྒྱས་དང་དད་ལྡན་སེར་སྐྱ་མི་མང་ཀུན་ལ་གཟི་མདངས་སྤྲོ་བའི་ངང་ནས་གཟིགས་འབུལ་སྤྱན་བསྟར་ཞུས།

0 (9).jpg0 (11).jpg

   མཛད་རིམ་ཉིན་གཉིས་པ་སྟེ། བོད་ཚེས་བཅུ་བཞི་ཉིན། ཞོགས་པ་གཙུག་ལག་ཁང་སྟེང་ནས་མཆོད་དཔོན་གྱིས་རྒྱལ་རྔ་བརྡུང་དང་དུང་བརྡ་གཏོང་སྟེ། ཐོག་མར་བླ་བྲང་གི་གཟིམས་ཆུང་ཁང་ནས་དཔོན་གསས་མཁན་སློབ་དབུས་པས་སྒྲུབ་ཐོན་དང་སྒོམ་ཐོན་རྣམས་སྤོས་མེ་མདའ་དར་རྒྱ་གླིང་གིས་མདུན་བསུས་ནས་གསེར་གདུང་སྣང་སྲིད་དཔལ་འབར་གྱི་མདུན་དུ་གདན་འདྲེན་ཞུས་ཏེ་དཔོན་གསས་མཁན་སློབ་རྣམས་བཞུགས་ཁྲིར་འཁོད་རྗེས་མཎྡལ་སྐུ་གསུང་ཐུགས་གསུམ་གྱི་མཚན་ལྡན་བླ་མ་མཆོད་སྤྲིན་གྱེར་ནས་དགུ་ཚན་གྱི་རིམ་པ་བསྟར་ཕྲེང་ཕུལ།

0 (12).jpg0 (13).jpg

   དེ་ནས་འདུས་སྤྱི་ལྷན་རྒྱས་འཚོགས་གྲལ་བཞུགས་ནས་ཚོགས་འདོན་དང་སྐྱབས་མཆོག་དམ་པ་སོགས་གྱེར་མཚམས།གཤེན་གྱི་སྒྲུབ་ཐོན་པ་ཐུན་མོང་ནས་འདུས་པ་ཡོངས་ལ་གྲོ་མ་འབྲས་སིལ་དང་སིལ་ཏོག་བསྟར་ཕྲེང་བསྒྲིགས་ནས་མང་ཇ་སྐུ་འགྱེད་ཕུལ།

0 (22).jpg

   དེ་རྗེས་སྒྲུབ་མཁན་རིན་པོ་ཆེ་བཞེངས་ནས་བཤད་གཞུང་མཆོད་བརྗོད་གསུངས་པ་དང་། སྒྲུབ་ཐོན་སྒོམ་ཐོན་པ་ལྷན་ནས་བཤད་གཞུང་རབས་བདུན་བསྟོད་པ་ནོར་ཕྲེང་སྔོན་འགྲོའི་བཤད་པའི་དོད་དུ་གྱེར་དབྱངས་གནང་།

0 (18).jpg0 (20).jpg

   དེ་ནས། སྒྲུབ་ཐོན་བ་ཨ་ཞ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་དང་། སྒྲུབ་ཐོན་མཁར་སར་དྲང་སྲོང་བསྟན་འཛིན་ཉི་མ་གཉིས་ནས་སྡེ་སྣོད་མཛོད་ཀྱི་རྩ་གཞུང་ངག་རྒྱུགས་ཕུལ་བ་བཅས་སྔ་དྲོའི་མཛད་རིམ་ལེགས་པར་གྲུབ།།
 

0 (19).jpg0 (17).jpg

   ཕྱི་དྲོ་དཔོན་གསས་མཁན་སློབ་རྣམས་གདན་ཞུས་རྗེས་གཤེན་སྡེ་འདུས་ཚོགས་རྣམས་དང་དད་ལྡན་མང་ཚོགས་ཀྱི་དབུས་སུ་སྒྲུབ་ཐོན་བ་སྨོན་སྲས་གདུང་འཛིན་ཚེ་དབང་ནམ་མཁའ་མཆོག་ནས་གླིང་འདིའི་ངོ་སྤྲོད་དང་སྒྲུབ་གྲྭ་བ་རྣམས་ལོ་ངོ་གསུམ་གྱི་སྦྱང་བྱ་ཁག་གསལ་འགྲེལ་གྱི་ངོ་སྤྲོད་སྐོར་ནས་འཆད་རྒྱུགས་ཕུལ།

0 (21).jpg0 (23).jpg

   དེ་རྗེས་སྒྲུབ་ཐོན་དྲང་སྲོང་ལུང་རྟོགས་ཟླ་བ་རྒྱལ་མཚན་ནས་ལས་འབྲས་ལ་བརྩི་བསྲུང་དང་དགེ་བཅུའི་སྲུང་ཁྲིམས་དང་དུ་ལེན་དགོས་པའི་ལམ་སྟོན་འཆད་རྒྱུགས་གནད་སྨིན་ཕུལ། དེ་ནས་སྒྲུབ་ཐོན་སྨོན་སྲས་ནམ་མཁའ་མཐོང་གྲོལ་ནས་གཡུང་དྲུང་བོན་གྱི་མཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་ཀྱི་འཆད་རྒྱུགས་ཕུལ། དེ་རྗེས་སྒྲུབ་མཁན་རིན་པོ་ཆེ་ནས་མཚན་བཏགས་ཀྱི་མཆོད་བརྗོད་གནང་མཐར། ཁྲི་འཛིན་དཔོན་གསས་སྨོན་གཤེན་གདུང་འཛིན་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ནས་སྒྲུབ་ཐོན་དང་སྒོམ་ཐོན་བ་རྣམས་ལ་དུས་མཚམས་ཀྱི་བཅད་བརྒྱ་ཟིན་པ་ལ་རྟེན་འབྲེལ་ཞུས་པ་དང་མ་འོངས་པར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་དུས་འདའ་དགོས་པའི་གདམས་ངག་ལྷུག་རྩོལ་གནང་ཏེ་ཆེ་རྟགས་ཕྱགས་ཁྱེར་དང་བྱིན་མདུད་བཅས་ཀྱི་བཀའ་དྲིན་བསྩལ།

0 (24).jpg0 (25).jpg

   དེ་ནས་སྒྲུབ་ཐོན་པ་བཞི་ཡི་ཚིག་བཀྲའི་དོད་དུ་སྨོན་ཚིག་ཡིད་བཞིན་ཀུན་འགྲུབ་གྱེར་བཞིན་འབྲུ་དང་མེ་ཏོག་སོགས་གཏོར་ཏེ་མཆོད་སྤྲིན་རྒྱས་འབུལ་ཞུས། རྟེན་འབྲེལ་ཤིས་བརྗོད་བཅས་ལེགས་པར་གྲུབ་རྗེས་སྒྲུབ་ཐོན་སྒོམ་ཐོན་སྒྲུབ་གྲྭ་བ་སེར་ཁྱིམ་པ་བཅས་བརྒྱ་ཕྲག་ལ་ཉེ་བ་དང་ལྷན་དུ་དུ་ཏྲི་སུའི་སྙན་དབྱངས་གྱེར་བཞིན་གླིང་སྐོར་ལ་ཕེབས། གཙུག་ལག་ཁང་གི་མདུན་དུ་འཁོར་བ་དང་། ༧དཔོན་གསས་སྨོན་རྒྱལ་ཀུན་གྲོལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་མཆོག་ནས་སྒྲུབ་ཐོན་སྒོམ་ཐོན་པ་རྣམས་ལ་སྐལ་པ་བཟང་ཞེས་ལན་གསུམ་གསུངས་མཐར་ཀུན་ནས་རྗེས་ཟློས་ཀྱི་མཐུན་འགྱུར་གྱི་སྐལ་པ་བཟང་ཞེས་སྙན་དབྱངས་ཀྱི་ཁྱབ་ནས་འབྲུ་དང་བུ་རམ་མེ་ཏོག་བཅས་གཏོར་བ་བཅས་ཀྱི་མཛད་རིམ་དག་ལེགས་པར་གྲུབ།

0 (14).jpg0 (15).jpg

   མཛད་རིམ་ཉིན་གསུམ་པ་སྟེ། བོད་ཚེས་བཅོ་ལྔ་ཉིན། ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རི་བོ་རྩེ་དྲུག་གླིང་གི་ཁྲི་འཛིན་དཔོན་གསས་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་གླིང་འདིར་བཀའ་དབང་གི་མགོན་དུ་ཆིབས་བསྒྱུར་ཞུས་པའི་གདན་ས་འདིར་ཞབས་སོར་འཁོད་རྗེས་སེར་ཕྲེང་བརྒྱ་རྩའི་གྲལ་བསྒྲིགས་ནས་གདན་འདྲེན་ཞུས་རྗེས་གསེར་གདུང་གི་མདུན་དུ་བཞུགས་ཁྲིར་འཁོད་རྗེས་མཎྡལ་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་བཤམས། དེ་རྗེས་སེར་སྐྱ་མང་ཚོགས་ལ་རྟ་ཕྱག་ཁྱུང་གསུམ་དང་སྨོན་ལམ་མཐའ་ཡས་གཉིས་ཀྱི་བཀའ་དབང་བསྐུར་བའི་དབུ་བརྩམས། དབང་གྲལ་དུ་བཞུགས་མཁན་ནི། དཔོན་གསས་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་དང་། སྨོན་གཤེན་གདུང་འཛིན་ནམ་མཁའ་དབང་ལྡན་རིན་པོ་ཆེ། སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན། དེ་བཞིན་ཁྱུང་སེར་སྒར་ཁང་གཡུང་དྲུང་མགོན་པོ། སྒྲུབ་མཁན་ཚུལ་ཁྲིམས་རྒྱལ་མཚན། སྨོན་སྲས་སྒྲུབ་ཐོན་བ་ནམ་མཁའ་མཐོང་གྲོལ། ཁྱུང་པོ་ནམ་མཁའ་གཡུང་དྲུང་། བཅས་དབུ་བཞུགས་གནང་ནས་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མ་ལ་དབང་དམ་བསླབ་བྱ་བཅས་ཀྱི་ཞལ་ཏ་གནང་ནས་སྨིན་གྲོལ་གྱི་གདུལ་བྱ་ལམ་ལ་འགོད་པར་བྱས།

0 (27).jpg0 (26).jpg

   དེ་རྗེས་སྤོས་མེ་མདའ་དར་དང་རྒྱ་གླིང་གི་མདུན་བསུས་ནས་སྒྲུབ་ཐོན་པ་བཅུ་གཅིག་དང་སྒོམ་ཐོན་གཉིས་དང་། ལྷག་པར་དུ་དད་ལྡན་མང་ཚོགས་དུ་མས་རེ་ལྟོས་བཞིན་སྨོན་སྲས་ནམ་མཁའ་མཐོང་གྲོལ་རིན་པོ་ཆེ་ཁྲི་བཞེངས་གནང་བ་དང་། དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་དང་ཟླ་བ་ལུང་རྟོགས་རྒྱལ་མཚན་རྣམ་གཉིས་མཁན་པོར་མངའ་གསོལ་གྱི་ཆེ་རྟགས་བསྩལ་རྗེས།

0 (28).jpg0 (16).jpg

   གཤེན་སྡེ་འདུས་པ་ཡོངས་དང་དད་ལྡན་ལྷ་སྡེ་རྣམས་ལ་མཇལ་ཁ་བཏང་སྟེ་རྟེན་འབྲེལ་གྱི་ལྷ་དར་སོགས་མཎྡལ་ཀྱི་དོད་དུ་དངོས་འབྱོར་ཀྱི་མཆོད་སྤྲིན་ཟབ་རྒྱས་བཤམས་ཐོག་སྐལ་པ་བཟང་པོས་སྨོན་ཚིགས་ཀྱི་འུར་དིར་དབྱངས་བཞིན་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་སྐབས་དང་པོའི་སྒྲུབ་ཐོན་གྱི་མཛད་སྒོ་ཆ་ཚང་ཡོངས་སུ་ལེགས་པར་གྲུབ་པ་བཅས་ཀྱི་བསོད་ནམས་དང་ཡེ་ཤེས་བསྡུས་པའི་ཚོགས་ཆེན་གྱི་བྱིན་མཐུ་ལ་བརྟེན་ནས་འཛམ་གླིང་བོན་གྱི་གཙུག་རྒྱན་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་གཙོས་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་ཕྱོགས་བརྒྱར་ཁྱབ་པ་དང་། འབྲེལ་ཐོགས་ཀྱི་སྦྱིན་པའི་བདག་པོ་གཙོས་པའི་མ་གྱུར་འགྲོ་རྣམས་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ནོ།། སརྦ་མངྒ་ལམ།།

སྨོན་རྒྱལ་བླ་བྲང་གི་ཐེངས་དང་པོའི་སྒྲུབ་ཐོན་མཛད་སྒོ་ཚོགས་ཆུང་ནས། ༢༠༡༤།༨།༡༣

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།