དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་(སྤ་ཚང་དགོན)གི་བྱུང་བརྗོད་ཀུན་གསལ་མེ་ལོང་།

[ཟླ་ཚེས། 2022-06-28 16:18:41][རྩོམ་པ་པོ། ཁྲི་ཤེས་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་(སྤ་ཚང་དགོན)གི་བྱུང་བརྗོད་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།
རྨད་བྱུང་མཚན་དཔེ་འབར་བའི་སྐུ་མངའ་ཞིང་།།
ཚངས་དབྱངས་ཡན་ལག་དྲུག་ཅུའི་སྙན་འཇེབས་གསུང་།།
ཟབ་རྒྱས་བོན་ཀུན་མཁྱེན་པའི་ཡེ་ཤེས་ཐུགས།།
རྣམ་འདྲེན་རྫོགས་སངས་རྒྱས་དེས་དགེ་ལེགས་སྩོལ།།
རྨད་བྱུང་མཁྱེན་རབ་གཡུང་དྲུང་ཁང་བཟང་རྩེར།།
རྒྱལ་གསུང་སྡེ་སྣོད་ཐེག་དགུའི་སྤྲིན་དཀར་གཏིབ།།
ལུང་རིགས་བཤད་སྒྲུབ་བསྟན་པའི་སྤྲིན་རྔ་གྲགས།།
མཁས་ཀུན་གཙུག་རྒྱན་བླ་མས་བྱིན་རློབས་ཤིག།
གཤེན་བསྟན་རིན་ཆེན་གཡུང་དྲུང་ལུ་གུ་རྒྱུད།།
རབ་འབྱམས་དཔག་བསམ་ཡོངས་འདུ་རྩ་བ་བརྟན།།
བཤད་སྒྲུབ་འདུས་སྡེ་རྒྱ་མཚོའི་གླིང་དེ་རུ།།
བྱུང་བརྗོད་དཀར་ཆག་ཀུན་གསལ་མེ་ལོང་བསྟན།།

     ཞེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའི་ཚིག་ཕྲེང་མེ་ཏོག་རབ་མཛེས་ཀྱིས་མདུན་བསུས་ཏེ་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བྱུང་བརྗོད་ཀུན་གསལ་མེ་ལོང་བསྟན་པར་བྱེད་པ་ལ་གཉིས་ཏེ། སྤྱིར་སངས་རྒྱས་བསྟན་པའི་བྱུང་བ་བརྗོད་པ་དང་། བྱེ་བྲག་གྲུབ་ཐོབ་སྤ་ཡི་མཆེད་ཁུངས་བརྗོད་པ་དང་དེའི་གདུལ་བྱ་སྐྱོང་ཚུལ་ལོ། དང་པོ་བསིལ་ལྡན་ལྗོངས་འདིར་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་ནམ་ཞིག་དར་ཞེ་ན་བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འབྱུང་ལྡན་ཞེས་པ་ཤིང་ཕོ་བྱི་བའི་ལོར་རྟག་གཟིགས་ཤམ་བྷ་ལ་ཡངས་པ་ཅན་གྱི་གྲོང་ཁྱེར་ཕོ་བྲང་བལ་པོ་སོ་བརྒྱད་དུ་སྐུ་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནས་རྒྱལ་བའི་མཛད་ཆེན་ཉི་མའི་གྲངས་ལྡན་རྣམས་རིམ་པར་སྐྱོང་བའི་སྐབས་སུ་འབྱུང་ལྡན་སུམ་ཅུའི་ནང་ཚན་གཤེན་ལོ་བཅོ་བརྒྱད་སྐོར་གངས་ཅན་བོད་ལ་ཞབས་ཀྱིས་བཅག་པའི་དུས་སུ་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ། འདྲེ་བཀར། ཡུད་ཕུད། ཡས་སྟག་ལུང་དུ་གནང་བ་སོགས་རྒྱུ་ཡི་བོན་ཅུང་ཟད་དར་བ་དང་། ནམ་ཞིག་ཐེག་པ་དགུ་ལ་སྤྱོད་པའི་སྨོན་ལམ་གཏབ་པ་དང་འབྲེལ། དེ་ནས་འབྱུང་ལྡན་གཉིས་བརྒྱ་ཞེ་དགུའི་ཐོག་མ་སྤྱི་ལོའི་སྔོན་གྱི་དུས་རབས་གཅིག་སྟོང་གཅིག་བརྒྱ་སུམ་ཅུ་སོ་དྲུག་གི་མཚམས་སུ་བོད་རྗེ་སྔ་བ་གཉའ་ཁྲི་བཙན་པོ་མཚན་གསོལ་ནས་སྐུ་གཤེན་མཚེ་ཅོ་ཡ་ངལ་གཤེན་གསུམ་དང་ནམ་མཁའ་སྣང་བ་མདོག་ཅན་སོགས་ཀྱིས་སྔར་སྟོན་པས་བཞག་པའི་རྒྱུ་བོན་ཕྲན་ཚེགས་དང་། ཞང་ཞུང་ནས་དར་བའི་འདུལ་བ་སྡེ་གཉིས་བཅས་སྔར་ཡོད་ཀྱི་སྟེང་དུ་རྒྱུ་བོན་སྒོ་བཞི་ཤེས་པ་ཅན་བཅུ་གཉིས་རབ་ཏུ་དར་བ་དང་སྔགས་སེམས་ཀྱི་བོན་སྡེ་རྣམས་ཀྱང་རིམ་པར་དར་བའི་ལོ་རྒྱུས་ནི་བོན་གྱི་བསྟན་འབྱུང་རྒྱས་པ་ལས་གསལ་བར་ཤེས་སོ། གཉིས་པ་ལ་གཉིས་ཏེ། གྲུབ་ཐོབ་སྤ་ཡི་མཆེད་ཁུངས་དང་དེའི་གདུལ་བྱ་མཛད་ཚུལ་དང་གཉིས་སོ།།

  དང་པོ་གྲུབ་ཐོབ་སྤ་ཡི་མཆེད་ཁུངས་ནི། ཐོག་མར་འོད་གསལ་ལྷ་ཡི་གནས་སུ་ཡབ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ཀྱི་སྲས་ལྷ་བུ་སྤ་ལ་རབ་ཏུ་མཛེས་པ་ཞིག་འཁྲུངས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་བབས། མཚན་ལྷ་བུ་སྤ་བ་སྤ་ཐོག་ཏུ་གྲགས། དེའི་རྗེས་མི་ཡུལ་དུ་འགྲོ་བ་འདུལ་བར་དགོངས་ཏེ་ཏིང་འཛིན་གྱིས་གདུལ་བྱ་གཟིགས་པས་ལྷོ་འཛམ་བུ་གླིང་དུ་ཞང་ཞུང་ཕུག་པའི་ཡུལ་དུ་འགྲོ་འདུལ་མཁྱེན་ཏེ་ལྷ་ཡུལ་ནས་ཞང་ཞུང་རྣམ་རྒྱལ་ལྷ་རྩེ་ལ་བབས་ནས་སྤྲུལ་པ་དུ་མ་བསྟན་ཞིང་ཞང་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་ཏེ་སྲུང་མར་བསྐོས། དེ་སྐབས་འབྱུང་ལྡན་ཉིས་བརྒྱ་ཞེ་དགུའི་ནང་ཚན་དང་སྤྱི་ལོ་སྔོན་གྱི་དུས་རབས་གཅིག་སྟོང་གཅིག་བརྒྱ་ལྔ་བཅུའི་ཡས་མས་ཞིག་ཡིན་པ་དང་། ད་ལྟ་འབྱུང་ལྡན་སུམ་བརྒྱ་རྩ་གཅིག་གི་ནང་ཚན་ལྕགས་ཕོ་འབྲུག་ལོ་ཡན། (སྤྱི་ལོ་༢༠༠༠)ལ་མི་ལོ་སུམ་སྟོང་གཅིག་བརྒྱ་ལྔ་བཅུའི་སྐོར་འདས་པ་དང་དེ་ནས་ཏེ་སི་གངས་ཀྱི་ཕུག་པར་ཞང་ཞུང་གི་ལྷ་མཆོག་དབལ་ཆེན་གསང་བ་དྲག་པོའི་སྒྲུབ་པ་ལོ་གསུམ་མཛད། དེ་ནས་གསང་གསུམ་གྲུབ་པ་བརྙེས་ཏེ་མཚན་ལ་རིག་འཛིན་ཆེན་པོ་ཁྲི་མན་ལྕགས་ཀྱི་བྱ་རུ་ཅན་དུ་གྲགས་ཤིང་དེ་ཚེ་ཞང་ཞུང་རྒྱལ་རབས་བཞི་བཅུའི་ནང་ཚན་རྒྱལ་པོ་སྟག་སྣའི་མཆོད་གནས་མཛད་ཅིང་བཞུགས། དེ་ནས་ལྷ་བུ་སྤ་བ་སྤ་ཐོག་གི་གདུང་རྒྱུད་ཀུན་ལ་མིང་སྤ་ཚང་དུ་གྲགས་སོ།།

  དེ་ནས་རིམ་པས་གདུང་རྒྱུད་ཀྱི་སྲས་ཁ་ཡལ་ལྕེ་ཕུད། ཐིས་པ་ལྷ་ལེགས། ཞོ་ནེ། ནེ་རོག ནེ་ར། གཙུག་ཕུད་རྣམ་རྒྱལ། དབང་གི་རྒྱལ་མཚན། རིང་སེ། ཁྲོམ་ཁྲོམ་ཟེ། དཔལ་ཙེ། བཙན་རྒྱལ། བཙན་གྲགས། རྨ་ལོ་སོགས་ཀྱིས་ཞང་ཞུང་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་མཛད་པ་དང་མཐར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། ཞང་ཞུང་རྒྱལ་པོ་ལི་མི་རྐྱ་གཉིས་ཀྱི་དུས་སྐབས་སུ་སྤ་གྱི་ཁྲོམ་དཀར་པོ་ཞེས་པ་དེ་ཉིད་བོད་རྗེའི་མཆོད་གནས་སུ་མཛད་ཅིང་བཞུགས། སྐབས་དེ་གྱེར་བསྟན་བསྣུབ་ཅིང་ཆོས་བསྟན་སྤེལ་བའི་སྐབས་དེར་ས་བདག་དང་མགུལ་ལྷ་འཁྲུགས་ཤིང་བསམ་ཡས་གཙུག་ལག་ཁང་ཆགས་སུ་མ་སྟེར་བས། འབྱུང་ལྡན་གཉིས་བརྒྱ་བརྒྱད་བཅུའི་ནང་ཚན་ས་ཕོ་སྟག་གི་ལོར་མཁན་པོ་བྷོ་ཏི་ས་ཏོས་བོན་གཤེན་མཐུ་བོ་ཆེ་ཞིག་གི་དབུ་ཐོད་རྨིང་དུ་སྦས་དགོས་ཞེས་ལུང་བསྟན་པ་ལྟར་རྒྱལ་པོས་བང་ཆེན་མངག་སྟེ་སྤ་བོན་གྱི་དབུ་ཐོད་ཞུས་པས་སྤ་བོན་གྱིས་རྩྭ་འཇག་མའི་ཚད་དུ་བསལ་ནས་ལིང་གིས་སྤར་ཏེ་གནང་བའོ། དེ་བསམ་ཡས་གཙུག་ལག་ཁང་གི་རྨིང་དུ་སྦས་ཞེས་པ་འདི་ཡན་སྔར་ཞང་བོད་བསྟན་པ་མཉམ་ཆགས་ཀྱི་སྐབས་སུ་བྱུང་བའི་ལོ་རྒྱུས་སོ། བསྟན་པ་ཕྱི་དར་གྱི་སྐབས་སུ་གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་ཆེན་ཨ་བོ་ཀླུ་དགས་འགྲིག་མཚམས་བྲག་ནས་ཟབ་གཏེར་བཞེས་ཤིང་བོན་བསྟན་སྤེལ་བའི་སྐབས་སུ་གཏེར་སློབ་བུ་ཆེན་བཞི་ཡི་ནང་ཚན་གསང་སྔགས་སྤྱི་སྤུངས་སྐོར་གྱི་བཀའ་བབ་ནི་སྤ་སྟོན་དཔལ་མཆོག་རྒྱལ་བ་ཡིན་ཞིང་ཁོང་ནི་འབྱུང་ལྡན་གཉིས་བརྒྱ་གྱ་བཞིའི་ནང་ཚན་ཤིང་སྟག་ལོ(སྤྱི་ལོ་༡༠༡༤)གཙང་ལ་སྟོད་ཕྱོགས་ལ་སྐུ་འཁྲུངས་ཤིང་ད་ལྟ་ལྕགས་འབྲུག་ཡན(སྤྱི་ལོ་༢༠༠༠ལོ)མི་ལོ་༩༨༥འདས་ཞིང་བླ་མ་དེ་ཉིད་ནི་གྲུབ་གཉིས་མངོན་པར་བརྙེས་པའི་གསང་སྔགས་ཀྱི་རྣལ་འབྱོར་ཆེན་པོ་ཡིན་པ་དང་རྗེས་སུ་རབ་བྱུང་མཛད་དེ་དབུ་སྐྲའི་གཙུག་ཕུད་ཕུལ་བས་མ་སྲིང་དབལ་མོ་མ་མཉེས་པར་དོན་དུ་རབ་བྱུང་དབུ་སྐྲ་ལྡན་པ་བཞུགས། དེ་རྗེས་གདུང་རབ་གཅིག་ལ་སྤ་དར་མ་རྒྱལ་མཚན་དང་འོད་གསལ་རྒྱལ་མཚན་ཞེས་པ་གཉིས་འཁྲུངས། བསྟན་པ་ཕྱི་དར་གྱི་སྐབས་སུ་གྲུབ་ཐོབ་སྤ་ཡི་གདུང་ལ་འདུལ་རྒྱུད་ཐོག་མར་བྱུང་བའི་མཁན་པོ་གང་ཡིན་ཞེ་ན། ཇི་སྐད་དུ། གཙུག་གཤེན་རྒྱལ་བའི་སྤྲུལ་པ་ལས། སྤ་ཡི་གདུང་ལ་འོད་གསལ་མཚན་ཅན་འབྱུང་། ཞེས་པ་དེ་ཉིད་ཡར་མེ་བ་ལས་འདུལ་ཁྲིམས་རྫོགས་པར་བཞེས་ཤིང་འདུལ་བའི་མཁན་པོ་མཛད། སྤ་དར་མ་རྒྱལ་མཚན་གྱི་སྲས་གྲུབ་ཆེན་ཁྱུང་འབར། ཁྲོ་འབར། ཀུན་ཚེ། ཇོ་རྒྱལ་དང་བཞིའོ། དེའི་སྲས་ཤེས་རྒྱལ། དྲང་སྲོང་། ཡོན་ཏན་རྒྱལ་མཚན། མདོ་སྡེ་རྒྱལ་མཚན། བསོད་ནམས་དཔལ་ལྡན། རྒྱལ་བ་བློ་གྲོས་དང་(གཅིག་མ་ཚང་བ་འདྲ)བདུན་ནོ། དེ་རྗེས་སྤ་ཡོན་ཏན་རྒྱལ་མཚན་ནི་སྟོད་མངའ་རིས་ཀྱི་ས་ཡི་ཆར་སྤ་གྲུབ་ཆེན་ཁྱུང་འབར་གྱི་སྲས་སུ་འཁྲུངས་ཞིང་ཡབ་ཀྱི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་རྫོགས་པར་གསན་ནས་མཐར་གཤེན་སྟོན་ནམ་མཁའི་མདུན་ནས་རབ་བྱུང་དྲང་སྲོང་གི་ཁྲིམས་རྫོགས་པར་བཞེས། སྤ་མདོ་སྡེ་རྒྱལ་མཚན་ནི། ཇི་སྐད་དུ་ཚེ་དབང་རིག་འཛིན་སྤྲུལ་པ་ལས། སྤ་ལ་མདོ་སྡེའི་མཚན་ཅན་འབྱུང་། སྐུ་ཤ་སྨུག་ལ་བྱིན་ཆགས་པས། སྤྱན་དང་ནུ་མ་གཡོ་བ་འབྱུང་ཞེས་དང་། དེའི་མཁན་བུ་སྤ་བསོད་ནམས་དཔལ་ལྡན་དང་། དེའི་མཁན་བུ་སྐུ་མཆེད་ཟུང་སྟེ། བསོད་ནམས་སེང་གེ་ནི་དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་བོན་བདག་དུ་གྱུར། གཅུང་པོ་རྒྱལ་བ་བློ་གྲོས་ནི་མདོ་སྔགས་སེམས་གསུམ་དང་རྒྱུད་སྡེ་ཀུན་ལ་མཁས་ཤིང་གྲུབ་པའི་མཆོག་གྱུར་ཆེན་པོ་དེ་ཉིད་རབ་བྱུང་ཁྲིམས་རྫོགས་བཞེས་སོ།།

  དེ་རྗེས་སྤ་སྟོན་རྒྱལ་བ་ཤེས་རབ་ཅེས་པའི་སྔགས་འཆང་ཆེན་པོ་དང་སྤ་དོན་འགྲུབ་འབུམ་བཟང་། དེ་རྗེས་དཔལ་ལྡན་བཟང་པོ་གསུམ་གྱི་གོང་འོག་ཏུ་འབྱུང་ལྡན་གཉིས་བརྒྱ་བརྒྱ་བཅུ་གྱ་བརྒྱད་ཀྱི་ནང་སྐོར་ལ་གདན་ས་ཆེན་པོ་ལྷ་སྲིན་འཐབ་པའི་གནས་ཚབ་མཁྲོས་ཕག་གདོང་མའི་གནས་ས་ལ་སྟོད་ལྷོ་ཡི་ཕྱོགས་ལ་སྤ་ལ་ཕུག་བདེ་ཆེན་སྒང་ཕྱག་བཏབ་པ་འདྲ། (ལུང་ཁ་ཅིག་གིས་དཔལ་ལྡན་བཟང་པོས་ཕྱག་བཏབ་ཅེས་པ་སྣང་)དེ་ནས་འཆད་ཉན་སྒོམ་སྒྲུབ་བྱེད་པའི་གྲུབ་ཐོབ་སྤ་ཡི་གདན་ས་ཆེན་པོ་ཡིན་ཞིང་སྐུ་གསུང་ཐུགས་རྟེན་གྱི་རྩ་ཆེའི་རིག་དངོས་མང་པོ་ཡོད་པར་གྲགས། གོང་གི་སྤ་བླ་དོན་འགྲུབ་འབུམ་བཟང་ནས་རིམ་པས་བཟང་པོ་བཅུ་གསུམ་དུ་བྱོན་པའི་གདན་ས་ཁྱད་པར་ཅན་ནོ།

  དེ་ནས་སྤ་སྟོན་དཔལ་ལྡན་བཟང་པོ་རབ་བྱུང་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་བླང་སྟེ་ཇི་སྐད་དུ། ལི་ཤི་སྟག་རིང་སྤྲུལ་པ་ལས། སྤ་ལ་དཔལ་ལྡན་བཟང་ཞེས་འབྱུང་། ཕྱི་མ་རིག་འཛིན་ས་ལ་སླེབས། ཞེས་དང་། སུམ་ལྡན་གྱི་སློབ་དཔོན་ཆེན་པོ་གྱུར་ནས་གཟའ་བདུད་དམ་ལ་བཏགས་ཤིང་ལ་ཕུག་སྤ་ཡི་གདན་སར་བཞུགས་སོ།།

  དེའི་སློབ་སྤ་ཉི་དཔལ་བཟང་པོ་དང་། དེ་ནས་རིམ་བཞིན་ཟླ་རྒྱལ་བཟང་པོ། སྟོབས་ཆེན་བཟང་པོ། བསྟན་རྒྱལ་བཟང་པོ། དཔལ་མཆོག་བཟང་པོ། དཔལ་འབར་བཟང་པོ། ལྷུན་གྲུབ་དཔལ་བཟང་། ནམ་མཁའ་བཟང་པོ། དཔལ་ཆེན་བཟང་པོ། རིན་ཆེན་དཔལ་བཟང་། གཡུང་དྲུང་བཟང་པོ་སོགས་ཡུལ་ཞང་ཞུང་གི་བྱང་ཤར་ལ་ཕུག་སྤ་ཡི་གདན་ས་ཆེན་པོ། དེ་ལ་སྤ་བཟང་པོ་བཅུ་གསུམ་དུ་གྲགས། དེ་ནས་གདུང་རབས་ལྔ་པའི་མཚམས་སུ་ལྷུན་གྲུབ་དཔལ་བཟང་གི་སྐུ་མཆེད་རིན་ཆེན་རྣམ་རྒྱལ་གྱི་སྲས་རྒྱུད་སྤ་སྟོན་ས་ལེ་འོད་དཀར་ཞེས་པ་དེ་ཉིད་སྲིད་པ་རྒྱལ་མོའི་ལུང་བསྟན་བཞིན་མདོ་སྨད་རྒྱ་རོང་གི་ཡུལ་ཕྱོགས་ལྕོག་རྩེ་རྒྱལ་པོའི་མངའ་རིས་སུ་ཕེབས་ཏེ་འཇིགས་རྔམས་བྲག་དཀར་གྱི་གནས་སུ་ལས་ལྡན་གྱི་ལྕམ་བཞེས་ཤིང་བཞུགས། གསང་སྒྲུབ་ཀྱི་ལྷ་ཞལ་དུ་མ་གཟིགས་པ་སོགས་གྲུབ་པ་རང་དབང་མངོན་འཕགས་ཀྱི་རྟགས་ཁྱད་པར་ཅན་ནོ། དེ་སྲས་གདུང་རྒྱུད་ཁག་གཉིས་སུ་གྱེས་ནས་ལྕོག་རྩེ་རྒྱལ་པོ་དང་གླིང་དགུ་རྒྱལ་པོ་གཉིས་ཀྱི་མངའ་རིས་སུ་བླ་བྲང་ཁག་གཉིས་སུ་མཛད་ནས་བཞུགས་པའི་སྐབས་སུ་གླིང་དགུའི་བླ་མཆོད་གདུང་རབས་གསུམ་པའི་མཚམས་སུ་སྤ་གཡུང་དྲུང་རྒྱལ་པོ་སྐུ་འཁྲུངས་ཤིང་། དེ་ཉིད་ནི་སྔོན་གྱི་སྨོན་ལམ་དང་གདུལ་བྱ་དུས་བབས་སུ་དགོངས་ནས་སྟོད་ཕྱོགས་སུ་ཕེབས་སྐབས་ཨར་སྐྱོ་ཞེས་པའི་ཐ་སྙད་དུ་མཛད་ནས་འབྱོན་ཡོང་བའི་དུས་དེར་ཡིས་ཐ་སྨད་དུ་སླེབས་སྐབས་རྐང་པ་སྐྲང་ཞིང་། འགྲོ་བར་མ་ནུས་པས་གསང་མདའི་གེ་ལྕག་ཚང་ཟེར་བའི་མི་ཚང་ཆེ་ཙམ་ཡོད་པ་དེ་གར་མི་ཤི་བདུན་ཚིག་བཟུང་དུས་སུ་ཐུག་སྟེ་མ་ནུས་པའི་ཨར་སྐྱོ་ལ་བྱམས་སེམས་ཀྱིས་ལྟོ་ཟས་སྤྲད་པ་དང་མཐར་ཡོས་འཐག་ཏུ་བཅུག་སྟེ་མཚན་མོ་ཁྱིམ་སྨད་ལ་ཉལ་དུ་བཅུག དེ་ཚང་ལ་ཉམས་རྟོགས་ལྡན་པའི་ཨ་མཆོད་དགེ་སློང་ཞིག་ཡོད་པ་དེའི་རྣལ་ལམ་དུ་ཨར་སྐྱོ་ཉལ་སའི་མལ་དུ་ཡི་གེ་པོ་ཏི་མང་པོ་བརྩེགས་པའམ་སྐབས་འགར་ཡིག་འབྲུ་གྲངས་མེད་ཀྱི་གང་ཞིང་གཏམས་པར་སྣང་ཞེས་གསུངས་སོ། དེ་ནས་ཉིན་ཞིག་ཨར་སྐྱོ་ལ་ཁྱེད་གང་ནས་ཡིན་མིན་དྲིས་པས། ཨར་སྐྱོས་ང་གཞན་ཡུལ་ས་འདབས་ལ་སླེབས་དུས་ཆེ་རབས་བཤད་ན་མི་འོས་མོད། འོན་ཀྱང་ང་རྒྱ་རོང་གླིང་དགུ་རྒྱལ་པོའི་བླ་མཆོད་སྤ་ཚང་བླ་མ་ཚང་གི་བུ་ཞིག་ཡིན་ཞེས་གསུངས་པར་གྲགས། དེ་ནས་བཟུང་དེ་ཚང་གིས་མཐོང་ཆེན་དུ་བརྩིས་ཏེ་གཟིམས་མལ་གཙང་སར་སྤོས་ཏེ་གུས་ཞབས་ཀྱིས་གནས་སུ་གྱུར་ཅེས་རྒན་རབས་སེར་སྐྱ་ཕོ་མོ་མང་པོའི་ངག་རྒྱུན་ལས་ཐོས་མྱོང་ཡོད། དེ་ནས་ཡུམ་གེབ་བཟའ་བྷ་ཀི་མ་ཞེས་པ་གྲོགས་མོ་བཞེས་ཤིང་གདན་ས་ཕྱག་བཏབ་མཛད་དེ། "མདོ་ཁམས་རྔུལ་རྫའི་སྒང་སྟོད། པུར་རྒྱལ་གནས་ཀྱི་ནུབ་ཕྱོགས། སེ་ཆེན་རྒྱལ་པོའི་མངའ་རིས། ཡིས་གཞུང་གི་ཐ་གྲུ་རི་གླང་ཆེན་འདྲ་བའི་ཞོལ། གདན་ཁྲི་སུམ་བརྩེགས་བཀོད་པ་ལྟ་བུའི་དཀྱིལ་དུ་གདན་ས་ཕྱག་བཏབ"ཅེས་པ་དེ་ནི་ད་ལྟའི་དགོས་གནས་འདི་ཡིན་ཞེས་སོ། དེ་ནས་ཁོང་སྟངས་དབྱལ་གཉིས་ལ་སྲས་ཨི་ཟི། དགྲ་འདུལ། བསྟན་རྒྱལ། བསོད་ནམས་དབང་དྲག སྔོ་ནག་སོགས་སྲས་བདུན་ཡོད་པར་གྲགས། (གཉིས་ཀྱི་མཚན་གསལ་ཆ་མི་འདུག)དེ་ནས་སྲས་ཆུང་བ་དགྲ་འདུལ་ནི་གཟིམ་གཞིས་ལོགས་སུ་བཅས་ནས་དེའི་སྲས་གཡུང་དྲུང་ནམ་བཟང་། ལྷུན་གྲུབ་གྲགས་པ། ཤེས་རབ་གྲགས་པ། ག་གཙུག་དང་བཞི། ཡབ་ཀྱི་གཞིས་འཛིན་སྲས་ཆེ་བ་ཨི་ཟིའི་སྲས་ཡོན་ཏན། བྱིས་དགའ། ཕྱག་དྲུག་དང་གསུམ། སྤ་ཡོན་ཏན་གྱི་དུས་སུ་བྲིས་རྒྱང་པད་བྲག་དམར་པོའི་ཞོལ་འདབས་སུ་ཆགས་བཏབ་སྟེ་དེའི་སྲས་ནམ་མཁའ་ཏིང་འཛིན་དང་ཁྱུང་གི་རྒྱལ་པོ་གཉིས་འཁྲུངས། སྤ་ནམ་མཁའ་ཏིང་འཛིན་དང་ཡུམ་གྷར་བཟའ་མཚོ་སྨན་གཉིས་གྱི་སྲས་ནམ་མཁའ་གཡུང་དྲུང་། ནམ་མཁའ་སྒྲོན་གསལ། ཉི་མ་འབུམ་གསལ། བསོད་ནམས་བསྟན་པ། ཁྱུང་གྲགས་བཅས་སྲས་ལྔ་འཁྲུངས། ཁྱུང་གྲགས་ནི་ཡུན་རིང་མ་འཚོ་བར་སྐུ་གཤེགས་ཀྱང་སླར་ཡང་ཁྱུང་གི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ནས་མཚན་དུ་རྨེའུ་གཡུང་དྲུང་གཙུག་ཕུད་ཀྱིས་གཡུང་དྲུང་ཕུན་ཚོགས་སུ་མཚན་གསོལ་ཏེ་དེ་ནི་གྲུབ་ཐོབ་སྤ་ཡི་གདུང་རྒྱུད་གཙོ་བོ་འཛིན་པའི་སྐྱེས་བུ་ཆེན་པོ་ཡིན་གསུངས་སོ། མཆོག་ཆེན་དེ་ཉིད་ཀྱིས་སྒང་བཟའ་ནོར་བུ་མཚོ་དཔལ་ཞེས་པ་ལྕམ་བཞེས་ཏེ་དེ་ལ་སྲས་འཆི་མེད་ཚེ་དབང་ཞེས་པ་གཅིག་འཁྲུངས་ནས། དེ་ནས་ཡབ་ཆེན་གཡུང་དྲུང་ཕུན་ཚོགས་གེ་བཟའ་དང་འགྲོགས་ཏེ་བླ་མ་ཡབ་ཚང་ཞེས་ཁྱིམ་གཞིས་གཞན་དུ་བཅས་ཞིང་དེ་ལ་སྲས་གཡུང་དྲུང་འབྲུག་གྲགས། དབང་རྒྱལ་པོ། ཀུན་རྒྱལ་པོ། འཆི་མེད་རྣམ་རྒྱལ། ཡེ་ཤེས་དཔལ་བཟང་། ཀུན་བཟང་། ཡེ་ཤེས་གཡུང་དྲུང་སོགས་སྲས་པོ་བདུན་ཡོད། གོང་གི་གཡུང་དྲུང་ཕུན་ཚོགས་ཀྱི་སྲས་དང་པོ་འཆི་མེད་ཚེ་དབང་ཡོད་སར་བླ་མ་སྦྲ་ནག་ཚང་ཞེས་པ་ལ་སྲས་ལྷུན་རྒྱལ། རྒྱོག་དགའ། ནམ་མཁའ་དབང་འགྲུབ། ཚེ་དབང་ནམ་མཁའ། སྤ་སྤྲུལ་བསྟན་པ་རྒྱལ་མཚན། ཟླ་རྒྱལ། མཆོག་སྲས་བཅས་སྲས་བདུན་ཡོད། དེའི་འོག་ནམ་མཁའ་དབང་འགྲུབ་དང་། ཚེ་དབང་ནམ་མཁའ་གཉིས་ཀྱི་སྲས་མཆོག་སྤྲུལ་བསྟན་པ་འབྲུག་གྲགས་དང་ཕུན་ཚོགས་ཀུན་ཁྱབ་གཉིས་ཡོད། བླ་མ་ཡབ་ཚང་གི་ཁྱིམ་དུ་སྲས་མེད་ནའང་། གཞན་ཡང་ཡེ་ཤེས་དཔལ་བཟང་གི་སྲས་ནམ་མཁའ་བཟང་པོ་དེའི་སྲས་ནམ་མཁའ་རྒྱལ་མཚན་དང་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཡོད། (བློན་པོའི་སྤ་ཚང་བླ་མ་ཚང་ཞེས་སོ)ཡང་བླ་མ་ཡེ་དཔལ་གྱི་སྲས་ནམ་མཁའ་ལྷུན་གྲུབ་དང་འཆི་མེད་རིག་འཛིན་གཉིས། འཆི་མེད་རིག་འཛིན་གྱི་སྲས་ལ་བསྟན་པ་ཉི་མ་དང་བླ་མ་ག་ཡུ། ལྷག་པ་བཅས་གསུམ། ཡང་བྱ་བཟའ་གཡང་མོ་ལ་ཡེ་ཤེས་གཡུང་དྲུང་གི་སྲས་ཚེ་དབང་ཐོག་མེད། དེའི་སྲས་ཚེ་དབང་ཉི་མ་དང་བཅས་སོ། ཡེ་གཞུང་སྤ་ཚང་བླ་མ་ནི། དགྲ་འདུལ་གྱི་སྲས་ལྷུན་གྲུབ་གྲགས་པ་དེའི་སྲས་ལ་ལའི་བླ་མ་ཀུན་གསལ་ཞེས། གཞིས་ཆགས་ས་ལ་ལ་ཕུ་ལ་ཡོད། དེའི་སྲས་གཡུང་དྲུང་ཉི་རྒྱལ(སྲས་མེད)དང་། ནམ་མཁའ་རྒྱལ་མཚན་གཉིས། ནམ་མཁའ་རྒྱལ་མཚན་གྱི་སྲས་ལ་ཀུན་བཟང་ནམ་མཁའ། ཉི་མ་སེང་གེ། ཟླ་བ་རྒྱལ་མཚན། བསོད་ནམས་རྒྱལ་མཚན་སོགས་སྲས་བཞི་ཡོད། (འདམ་རའི་བླ་མ་ཚང་ཟེར)

  གཉིས་པ་གདུལ་བྱ་སྐྱོང་ཚུལ་གཉིས་ཏེ། དགོན་པ་ཕྱག་བཏབ་མཛད་དེ་བསྟན་བཞེངས་རིམ་པས་མཛད་ཚུལ་དང་། བསྟན་པ་རྗེས་བཞག་མཛད་པའི་སྐུ་གསུངས་ཐུགས་རྟེན་རྣམས་སོ། །དང་པོ་ལ་གྲུབ་པ་རང་དབང་མངོན་པར་ཆུབ་པའི་སྤ་གཡུང་དྲུང་ནམ་མཁའ་བཟང་པོ་ཞེས་པ་འདུལ་ཁྲིམས་གཙང་མར་བཞེངས་པའི་བླ་མ་དེ་ཉིད་ལ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་རབ་ལེགས་གཡུང་དྲུང་གླིང་གི་དགོན་སྡེ་ཕྱག་བཏབ་མཛད་པ་དང་འབྲེལ་དེ་ནས་དྲང་ངེས་བོན་གྱི་ཁྲིད་ཀ་ཀུན་གྱིས་བཤད་པར་བསྐུལ་ཞིང་། འཁར་རྔ་གཅིག་དང་། གཤང་ཆེན་གཅིག མཎྜལ་གཅིག་བཅས་གནང་སྦྱིན་མཛད་ནས་བསྟན་འགྲོའི་དོན་དུ་དགོན་གནས་གསར་འདེབས་དགོས་པའི་བཀའ་ལུང་ཡང་ཡང་བསྩལ་བར་བརྟེན། འབྱུང་ལྡན་གཉིས་བརྒྱ་གོ་བརྒྱད་ཀྱི་ནང་ཚན་མེ་མོ་ལུག་ལོ(སྤྱི་ལོ་༡༨༤༧)ཟླ་ཚེས་བཟང་པོ་ལ་སྤ་བླ་མ་གཡུང་དྲུང་ནམ་བཟང་དང་ཧོར་ཡིས་ཐ་བེ་ཧུ་རྒྱ་བྱིན་དབང་པོ་བླ་དཔོན་ཡོན་མཆོད་ཟུང་འབྲེལ་གྱི་བསྟན་འགྲོ་སྤྱི་ཡི་བདེ་ཕན་དང་རྒྱ་བོད་བླ་དཔོན་གྱི་ཞབས་རིམ་ལྷག་པར་དུ་ཡིས་ཐ་དཔོན་སྡེའི་ལྷ་སྐལ་དུ་དམིགས་ནས་རིག་འཛིན་གོང་མའི་གསང་ལུང་དང་ལྷ་བླའི་བརྟག་བབས་དང་བསྟུན་ཏེ་དགོན་ས་གང་ལེགས་དཔྱད་གཞི་མཛད་པའི་སྐབས་དེར། ཤར་གྲོགས་གུར་རྒྱ་སྟག་ཁྲ་བོ། བྱང་འཁེལ་འགོ་རུ་སྦལ་རྒྱ་བོ། ནུབ་ནེའུ་ཁྱིམ་བྱ་དམར་བྱུར་རྫོང་། ལྷོ་ངང་ཚང་གཡུ་འབྲུག་སྔོན་མོ་དང་བཞི་ནི་སྲུང་བཞི་དང་། རྒྱབ་རི་གླང་ཆེན་འགྱིང་འདྲ། གཡས་རི་པད་མ་སྤུངས་འདྲ། གཡོན་རི་གདུགས་དཀར་ཕུབ་འདྲ། མདུན་རི་བཀྲ་ཤིས་རྟགས་བརྒྱད་བཅས་ཚང་བའི་ས་མཆོག་འདི་ནི་བླ་མའི་དབུ་འཕང་མཐོ་ཞིང་ཤེས་རབ་ལོ་འདབ་རྒྱས་ས། ཡོན་ཏན་རིགས་རྒྱུད་བཟང་ཞིང་ལེགས་བཤད་འབྲས་བུ་སྨིན་ས། གཡང་གི་དཔལ་ཁ་བསྐྱེད་ཅིང་ཟས་ནོར་ཕུན་ཚོགས་འབྱུང་ས་སོགས་ཡོན་ཏན་གྱི་ཆར་དུ་མ་ལྡན་པའི་དབུས་སུ། གཙང་ཆུ་གཡུ་འབྲུག་གསེར་གཞུང་གི་འཁྱིལ་ཁུག གདན་ཁྲི་བང་རིམ་སུམ་བརྩེགས་ཀྱི་ཡང་སྟེང་། ས་མཐུ་བོན་འབྱུང་གྲུ་གསུམ་གྱི་ལྟེ་བར། ས་གནད་སྲིན་མོ་གན་རྐྱལ་དུ་གནས་པ་སོགས་ལ་དཔྱད་དེ་དགོན་ས་གཏན་ལ་ཕབ་པའི་ནུབ་མོར་སྤ་བླ་མ་གཡུང་དྲུང་ནམ་བཟང་གི་དགོངས་ལམ་དུ་ཡུལ་བདག་ཞིང་སྐྱོང་ཀླུ་མོ་ཞིག་གིས་ལྡེ་མིག་ཐུ་བ་གང་ཁྱེར་ནས་འདི་ཡི་བདག་པོ་ཁྱོད་ཡིན་ཟེར་ནས་ཁོང་ལ་ཕུལ་བ་རྨིས། དེ་ནས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་དུ་བླ་དཔོན་ཡོན་མཆོད་ཟུང་འབྲེལ་གཙོ་བོ་གནང་ནས་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་ཞེས་པའི་དགོན་པ་ཕྱག་བཏབ་མཛད་དེ་གཡུང་དྲུང་སེམས་དཔའི་འདུས་སྡེ་བཤད་སྒྲུབ་རྒྱ་མཚོའི་བསྟི་གནས་འགྲོ་བ་ཐུན་མོང་ལྷ་སྐལ་དུ་དམིགས་ཏེ་བསྟན་པ་རྗེས་བཞག་མཛད་རྒྱུའི་འགོ་བརྩམས་ཏེ། དང་པོ་སྤ་གཡུང་དྲུང་ནམ་བཟང་གི་ཡབ་ཀྱི་གཞིས་མཚེར་གཟིམས་སྦྲ་དེ་གནས་གཞན་དུ་སྤོས་ནས་དགོན་པའི་ཆགས་ཐིག་གདབ་པ་འབྲེལ་རྗེས་ཀྱི་དགོན་པའི་ཇ་མཛོད་ཁང་དེ་སྤ་ཚང་བླ་མའི་གཟིམས་སྦྲའི་ས་མལ་དངོས་སུ་རེད་ཟེར་རྒན་རབས་མང་པོའི་ངག་རྒྱུན་བཤད་སྲོལ་འདུག དེའི་གཡས་ཟུར་འདུ་ཁང་ཀ་བ་དྲུག་གི་ས་མལ་དང་དེའི་ནང་རྟེན་སྨན་སྐུ་ལས་བཟོས་པའི་སྟོན་པ་ཁྲི་གཙུག་རྒྱལ་བ་དང་སྐུ་ཤིང་ལས་བཟོས་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་ལྡེབས་རིས་ལ་གཡས་ལོགས་སུ་བདེར་གཤེགས་གཙོ་བཞི། གཡོན་ངོས་སུ་ཡི་དམ་ཞི་ཁྲོའི་ལྷ་འཁོར་དང་སྟག་ལའི་སྐུ་བརྙན་བཅས་ཡོད། དེའི་གཡོན་ངོས་སུ་སྒྲུབ་ཁང་ཀ་བཞིའི་ས་མལ་ཐོག་ཁང་དང་བཅས་ནང་དུ་ཡི་དམ་སྲས་མཁར་མཆོག་ལྔ་བོན་སྐྱོང་སྲུང་མ་རྣམས་ཀྱི་བརྙན་རིས་དང་མ་བདུད་བཙན་རྒྱལ་བཞིའི་སྐུ་གསོབ་དང་རྟེན་མདུང་དང་རྟེན་རྫས་གྲྭ་ཁང་བཅས་གསར་བཞེངས་དང་དེ་ནས་འདུ་ཚོགས་དུས་མཆོད། སྐུ་གསུང་ཐུགས་རྟེན། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་སྒོམ་གསུམ་སོགས་ལོ་རིམ་པ་བཞིན་འཕེལ་རྒྱས་ཕྱིན་པ་དང་འབྲེལ་རྒྱ་སྡེ་སོ་དགུའི་སྤྱི་ཁྱབ་ཙུང་ཆེ་ཧུ་ཚེ་དབང་ལྷ་རྒྱལ་གྱིས་ཤིང་ཁྱི་ལོར(སྤྱི་ལོ་༡༨༦༤ལོ)བསྩལ་བའི་བཀའ་རྟེན་ལས"ཨ་ལུང་ཡར་གྱི་ས་མདོ་རུ། ས་གནད་རྣམ་པ་བཅུ་གསུམ་ལ། དམིགས་སུ་གཉེར་བའི་བོན་གྱི་སྡེ། གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུགས"ཞེས་པའི་ལུང་གི་དགོངས་དོན་དང་འཚམ་པས། ཧོར་ཚོ་སོ་དགུའི་དགོན་སྡེ་སོ་བརྒྱད་ཀྱི་ནང་ཚན་བོན་དགོན་ཨང་གཉིས་པ་ཡིན་པའི་བཀའ་རྟེན་བསྩལ་ཞིང་བསྟན་འགྲོ་སྤྱི་དང་ཁྱད་པར་རྒྱ་བོད་བླ་དཔོན་གྱི་ཞབས་རིམ་དུ་དམིགས་པའི་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་ཞེས་པའི་བཀའ་རྟེན་ལ་བོད་བཞུགས་ཨམ་བན་ཆེན་མོས་གོང་ཐམ་ཡང་གནང་བ་སོགས་རང་གིས་མཐོང་མྱོང་ཡོད། དགོན་པའི་རྒྱ་ཁྱོན་གང་ཞིག་ཡོད་ཅེ་ན་སྐབས་དེ་དུས་ཀྱི་བླ་མས་ས་འདུལ་དང་། ས་འབེབས་མཛད་དེ་ཐོ་མཚམས་ཞེས་ཕྱོགས་བཞིར་རྒྱལ་ཐོ་ཞེས་པ། ནང་རྒྱུད་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་བཅུག་པའི་མཁར་ཐབ་བཞི་དང་ལས་བཞིའི་ཧུམ་གདན་བཅས་བཟོ་སྐྲུན་བྱས་པ་ལ་གཡོ་འགུལ་གཏོང་སྲོལ་མེད། དེང་སྐབས་དེའི་ནུབ་དང་། ལྷོ་གཉིས་ལ་ཚད་གཞལ་ཏེ་རྨིད་ངོས་སྙོམས་གྲུ་བཞི་མ་གང་ཡོད་བལྟ་སྐབས་དེའི་ཕྱོགས་གཉིས་ལ་རྨིད་གཉིས་བརྒྱ་ཉི་ཤུ་རེར་ཡོད་པ་དེའི་རྒྱ་ཁྱོན་ནི་རྨིད་ངོས་སྙོམས་གྲུ་བཞི་མ་རྨིད་220X220=48400བཞི་ཁྲི་བརྒྱད་སྟོང་བཞི་བརྒྱ་ཡོད།

  འབྱུང་ལྡན་གཉིས་བརྒྱ་གོ་དགུའི་ནང་ཚན་ལྕགས་ཕོ་རྟའི་ལོར(སྤྱི་ལོ་༡༨༧༠ལོ)སྤ་ཉི་མ་འབུམ་གསལ་གྱིས་འདུ་ཁང་ཀ་རིང་གཉིས་དང་ཀ་ཐུང་བཅུ་ཐོག་འཁོར་སྒོ་མཆོར་གློ་འབུར་རང་འགྲིག་དང་དེའི་སྦུག་མཇལ་ཁང་ཀ་བ་དགུ་དང་སྒོ་མཆོར་རང་འགྲིག་བཅས་གསར་བཞེངས་མཛད་དེ་ནང་རྟེན་ལ། རྣམ་པར་རྒྱལ་བ། བྱམས་མ་སྟོན་པ་ཁྲི་གཙུག་རྒྱལ་བ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རྣམས་ཟངས་གསེར་ལས་བཟོས་པ་མཐོ་ཚད་གྲུ་དྲུག་ཡོད་པ(ཀུང་ཁྲེ་གཉིས་དང་སྐར་༥༠)ཡོད་པ་དང་། ལྡེབས་རིས་ནི་སྦུག་མཇལ་ཁང་ནང་གི་ལྷོ་བྱང་གཉིས་ནི་བཀའ་བསྟན་བཤམ་ཡུལ་དྲྭ་མིག་དང་། ཤར་གྱི་སྒོ་ལོགས་གཡས་གཡོན་དུ་གཏེར་གསར་སྲུང་མ་སྡེ་བཞི་ནི་མ་གཤིན་བཙན་རྒྱལ་བཞིའི་སྐུ་བརྙན་བྱིན་ཆེན་ཟེར་བ་དང་། ཁྱད་པར་བསྟན་སྲུང་ཨ་བསེ་རྒྱལ་བའི་སྐུ་བརྙན་དེ་ནི་དགོན་གྱི་ནང་རྟེན་དངོས་པོ་རྐུ་ཁྱེར་དུས་སུ་གསུང་དངོས་སུ་བྱོན་ནས་རྟགས་ཁྱད་པར་ཅན་སྟོན་པ་རེད་ཟེར་སྲོལ་འདུག དེའི་སྒོ་མཆོར་ཁང་དུ་རྣམ་རྒྱལ་བཀའ་སྲུང་གཅན་ལྷ་གཙོ་འཁོར་ལྔ་དང་མགོན་ཆེན་བརྒྱད་པོ་གཙོ་འཁོར་བཅུ་གསུམ་རེ་ཡོད་པའི་བརྙན་རིས་དང་། འདུ་ཁང་ནང་གི་ལྡེབས་རིས་ནི་གཡས་ལོགས་ལ་ཕྱི་རྒྱུད་ཆོ་ག་བཅུ་གཉིས་དང་། གཡོན་ལོགས་ལ་ཡི་དམ་སྲས་མཁར་མཆོག་ལྔ་དང་། མ་རྒྱུད་ཐུགས་རྗེ་ཉི་མ། མདུན་གྱི་གཡས་ངོས་ལ་མི་བདུད་གཙོ་བོ་བྱས་པའི་བོན་སྐྱོང་ཕོ་རྒྱུད་ཀྱི་སྡེ། གཡོན་ངོས་ལ་དྲིལ་ནག་གཙོས་པའི་མོ་རྒྱུད་ཀྱི་སྡེ། རྒྱབ་ཀྱི་སྦུག་ལ་ལྷ་ཁྲི་དང་གཏོར་སྒམ། དྲྭ་མིག་བཅས་ཡོད། སྒོ་མཆོར་ནང་དུ་ཕྱི་རྒྱུད་མདོ་ལུགས་ཀྱི་རྒྱལ་ཆེན་སྡེ་བཞི་དང་གཙོ་འཁོར་དང་། སྲིད་པ་འཁོར་ལོ། ཏི་པོམ་ཐང་གསུམ་སོགས་ཡུལ་སྐྱོང་ཟོ་དོར་བཅས་ཀྱི་བརྙན་རིས་དང་། འདུ་ཁང་སྟེང་དང་སྦུག་མཇལ་གྱི་དབུ་རྩེ་ལ་གསེར་འཕྲུ་རེ་དང་མདུན་ཟུར་གཡས་གཡོན་གྱི་སྟེང་དུ་ཟངས་གསེར་གྱི་རྒྱལ་མཚན། འདུ་ཁང་དང་སྦུག་མཇལ་ཁང་ཕྱི་ནང་བཅས་མཐར་ཕྱིན་གསར་བཞེངས་མཛད་པའོ། དེ་ནས་རིམ་བཞིན་དགོན་གྱི་ཇ་ཁང་ཀ་བ་དགུ་དང་ཐོག་འཁོར་རང་འགྲིག མཛོད་ཁང་ཀ་བ་གཉིས་བཅས་གསར་དུ་བསྐྲུན་ཞིང་མཛོད་ཁང་ནང་ལ་དགོན་པས་རྣམ་རྒྱལ་གཡང་སྡུད་སྐབས་སུ་ནོར་བུམ་འབུལ་ཡུལ་གཡང་ཁང་ཞིག་ཡོད་པ་དེའི་དཀྱིལ་དུ་ནོར་བུའི་གཡང་རྡོ་ཞེས་པ་ཕ་བོང་མཐིང་སྨུག་རྡོ་གཞན་ལས་ལྷག་པའི་ཁྱད་ཆོས་ལྡན་པ། ཆེ་ཚད་མི་གཟུགས་ཙམ་ཡོད་པ་རེད། ཤིང་བྱ་ལོ(སྤྱི་ལོ་༡༨༨༤)སྤ་ཉི་མ་འབུམ་གསལ་གྱིས་བྲིས་རྒྱང་པད་བྲག་ལྷ་རྩེའི་ཡང་དབེན་དུ་བཀའ་སྟེགས་བདེ་ལྡན་གསང་བ་ཁྲོད་ཅེས་པའི་རི་ཁྲོད་དེ་རྨིང་འདིང་ཞིང་མཐར་ཕྱིན་པར་མཛད། རི་ཁྲོད་དེར་རྒྱ་ཁྱོན་གང་ཞིག་ཡོད་ཅེ་ན། སྤ་གསལ་བ་རྣམ་གཉིས་ཀྱི་གཟིམས་ཁང་གདུང་ལྕམ་རེ་དང་གསུང་རབས་བྲིས་བཞེངས་ཁང་ཀ་བ་གཉིས། ཇ་ཁང་ཀ་བ་བཞི། མཛོད་ཁང་ཀ་བ་གཅིག ཡང་འགྲུལ་ཁང་ཀ་བ་གཅིག་དང་ཉི་རྭ་བཅས་ཡོད་པ་དང་། གོང་གི་གཟིམས་ཁང་ནང་དུ་ཡི་དམ་ཞི་ཁྲོ་སྲུང་མ་ཡུལ་སྐྱོང་ཟོ་དོར་བཅས་ཀྱི་བརྙན་རིས་ཡོད་པ་རེད། མེ་ཁྱི་ལོ(སྤྱི་ལོ་༡༨༨༦)རྨེའུ་གཏེར་ཆེན་ཨོ་རྒྱན་བདེ་ཆེན་གླིང་པ་མཆོག་ནི་ཡིས་ཐ་བེ་ཧུའི་རྒྱལ་གཞིས་སུ་གདན་ཞུ་བྱས་ནས་དུས་བབས་གནད་ཀྱི་རིམ་འགྲོ་ནི་གཏེར་ཆེན་མཆོག་གི་གཏེར་ཁ་ཕུར་པ་འབར་ནག་གི་སྒྲུབ་ཆེན་དེ་ཡིས་ཐ་དཔོན་ཚང་གིས་རྒྱུན་འཛུགས་དགོས་པའི་བཀའ་ལུང་བསྩལ་དོན་བཞིན་ཧོར་རྗེ་ནོར་བུ་ལྷ་མཁར་ནས་ཞལ་བཞེས་གནང་བ་དང་སྦྲགས་ཨ་ལུང་ཡར་གྱི་ས་གནད་ལ་མཆོད་རྟེན་བཞེངས་དགོས་པའི་བཀའ་ལུང་ལྟར། གཏེར་ཆེན་མཆོག་དང་། སྤ་ཉི་མ་འབུམ་གསལ་རྣམ་གཉིས་ཀྱིས་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལྟར་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ནང་ཚན"ནུབ་ཕྱོགས་ཟླ་བའི་ཟེར་ལྡན་པའི། བཀྲ་ཤིས་འོད་འབར་མཆོད་པའི་རྟེན"ཞེས་པ་ལྟར་ལྗགས་བཀོད་གནང་སྟེ་དམིགས་བསལ་དུ་དབལ་གཤེན་སྟག་ལའི་སྐུ་བརྙན་སོགས་བདེ་བར་གཤེགས་པའི་སྐུ་འདྲ་འབུམ་གཅིག་ཟུང་བཞུག་ཏུ་ཕུལ་ཏེ་སྐུ་འབུམ་བཀྲ་ཤིས་འོད་འབར་ཞེས་མཚན་དུ་གསོལ་ཞིང་བདེ་ཆེན་གླིང་པའམ་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པས་དབུས་ཕུག་གསང་བ་ཡང་རྫོང་ནས་གཏེར་དུ་སྤྱན་དྲང་བའི་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་འཕེལ་གདུང་སྲན་མ་ཙམ་ཏོག་གི་རྩེ་མོར་བཀོད་པའོ། དེ་བཞིན་གདོང་ཆེན་ཡན་དགེ་བཅུ་སོགས་རྣམ་བྱང་གི་བོན་དང་སྦྱར་ཏེ་སྐུ་གསུངས་ཐུགས་རྟེན་གྱི་བྱིན་རྫས་ཇི་སྙེད་དང་། རྨང་གཞི་ནས་གདོང་ཆེན་མན་ཕུང་པོ་ལྔ་སོགས་འཁོར་བའི་བོན་དང་སྦྱར་དགོས་ཏེ། གནོད་སྦྱིན་གྱི་རྟེན་འཁོར། གཏེར་བུམ། གཏེར་རྫས། གསེར་དངུལ། རིན་ཆེན་ཕྲེང་ཞགས། བཀྲ་ཤིས་རྫས་བརྒྱད། ཇ་འབྲུ་མེ་ཏོག་སོགས་གང་ལ་གང་དགོས་ཀྱི་དངོས་པོ་རྣམས་འཚོགས་པར་བསགས་ཤིང་ཕུལ་ཏེ། མཐར་སྤ་ཉི་མ་འབུམ་གསལ་སོགས་བླ་གྲྭ་རྣམས་ཀྱིས་རབ་གནས་བཀྲ་ཤིས་སྨོན་ལམ་དགའ་སྟོན་རྟེན་འབྲེལ་གྱིས་མཐར་ཕྱུང་ངོ་། མེ་ཕག་ལོ(སྤྱི་ལོ་༡༨༨༧)སྤ་ཉི་མ་འབུམ་གསལ་གྱིས་རྒྱལ་བའི་བཀའ་རྟེན་ཆེན་མོ་འབྲི་བཞེངས་མཛད་རྒྱུའི་འགོ་བརྩམས་ཏེ་ཡིག་བྲིས་སུམ་ཅུའི་སྐོར་གྱིས་ལོ་བཞི་རྒྱུན་མཐུད་དུ་བྲིས་པས་མཐར་ཕྱིན་རྗེས་བཀའ་རྟེན་གྱི་དབུ་གསེར་རྣམས་སྤ་གསལ་བ་རྣམ་གཉིས་ཀྱིས་ཕྱག་བྲིས་གནང་བ་འབའ་ཞིག་དང་དེ་བཞིན་གདོང་དར་གླེགས་ཤིང་པད་ཆིག་བཅས་ལེགས་པར་གྲུབ་རྗེས་ཧོར་སྤྱི་ཚེ་དབང་ལྷ་རྒྱལ་གྱི་བཀའ་ཡིས་ཉེ་བར་བསྐུལ་བ་དང་འབྲེལ་སྤ་ཉི་མ་འབུམ་གསལ་གྱིས་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བདེན་ཚིག་བསྟན་འབར་ཨུད་དཔལ་གཞོན་ནུའི་ཚལ་ཞེས་པ་ལྗགས་བརྩོམས་གནང་ཞིང་ཤིང་ལུག་ཟླ་ཚེས་བཟང་པོར(སྤྱི་ལོ་༡༨༩༥)རྒྱལ་བའི་བཀའ་རྟེན་རྣམས་བྲིས་རྒྱང་རི་ཁྲོད་ནས་སྤ་ཚང་དགོན་ལ་སྤྱན་དྲངས་ཏེ་ཁྲི་བཀོད་རབ་གནས་བཀྲ་ཤིས་སྨོན་ལམ་གྱིས་རྒྱས་གྲུབ་མཛད་དོ། ཕྱི་ལོ་མེ་སྤྲེལ་ལོ(སྤྱི་ལོ་༡༨༩༦)སྤ་ཉི་འབུམ་རིན་པོ་ཆེས་བྲིས་རྒྱང་གསང་ཆེན་དུར་ཁྲོད་ཕྱག་བཏབ་སྟེ་གསང་ཆེན་རོལ་པའི་སྒྲུབ་པ་བདུན་ཕྲག་གཅིག་གིས་ས་འདུལ་མཛད་ནས་དུར་ཁྲོད་འདི་ཡི་ནང་དུ་ཤ་རུས་འཐོར་བ་ནི་ང་ཡི་འདུལ་སྐལ་ཡིན་གསུང་སོ། དེའི་རྒྱ་ཁྱོན་ཀ་བ་བཞི་ཡི་ས་མལ་དང་ལྡེབས་རིས་ནི་ཞི་ཁྲོ་དང་གསང་ཆེན་རོལ་པའི་ལྷ་འཁོར་དང་འོག་ཏུ་གསང་ཆེན་རོལ་པའི་དཀྱིལ་འཁོར་དང་རྟེན་རྫས་དང་མཆོད་རྫས་སོགས་བཀོད་ཡོད། ཆུ་ཡོས་ལོ(སྤྱི་ལོ་༡༩༠༢)གཏེར་སྲས་ཚེ་དབང་འགྱུར་མེད་ཀྱིས་སྐལ་ངན་དུས་ཀྱི་རྒུད་པ་སེལ་བའི་སླད་དུ་སྐུ་གསུམ་དགོངས་པ་འདུས་པའི་རྒྱུད་ལས་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་དེ་སྤ་ཚང་དགོན་དུ་རྒྱུན་འཛུགས་དགོས་པའི་བཀའ་ལུང་བསྩལ་དོན་བཞིན་སྤ་གསལ་བ་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་བོད་ཟླ་གསུམ་པའི་ནང་སྨན་སྒྲུབ་བདུན་ཕྲག་གཉིས་འཚོགས་རྒྱུའི་རྟེན་རྩ་རྒྱུན་འཛུགས་གནང་བ་དང་ལོ་དེར་གཡུང་དྲུང་བཀོད་ལེགས། བདུད་འདུལ་སྒྲ་སྒྲོགས། རྣམ་རྒྱལ་མཆོད་རྟེན་གསུམ་བཞེངས་རྒྱུའི་འགོ་འཛུགས་ཏེ(རེ་རེའི་མཐོ་ཚད་གྲུ་བརྒྱད་ཡོད)སླར་ས་སྤྲེལ་ལོ(སྤྱི་ལོ་༡༩༠༨)སྤ་ནམ་མཁའ་སྒྲོན་གསལ་དགོངས་པ་བོན་དབྱིངས་སུ་གཤེགས་པའི་དགོངས་རྫོགས་མཆོད་སྤྲིན་གྱི་མཐར་གོང་གི་སྐུ་གདུང་རྣམ་གཉིས(རྣམ་རྒྱལ་མཆོད་རྟེན། བདུད་འདུལ་སྒྲ་སྒྲོགས)སྤ་ཚང་དགོན་དུ་ཁྲི་བཀོད་རབ་གནས་བཀྲ་ཤིས་སྨོན་ལམ་གྱིས་རྒྱས་གདབ་བོ། ལོ་དེར་ཉི་འབུམ་རིན་པོ་ཆེ་བྲིས་རྒྱང་རི་ཁྲོད་ནས་སྤ་ཚང་དགོན་དུ་བཞུགས་གནས་སྤོ་བར་བརྩམས་ཏེ་སྔར་བཞུགས་པའི་རི་ཁྲོད་ཀྱི་ནང་དུ་གཡུང་དཀར་རྟོགས་ལྡན་ཡེ་ཤེས་ཉི་མ་རྒྱུན་མཚམས་བསྐོས་བཞག་གནང་ཞིང་ཆིབས་བསྐྱོད་གྲུབ། དེ་ནས་སྤ་ཚང་བླ་བྲང་གི་མཁར་ཁང་རྣམས་གསར་བསྐྲུན་དགོས་ཏེ། དགོན་གྱི་གླིང་སྟོད་དུ་དང་པོ་ཉི་མ་འབུམ་གསལ་གྱི་གཟིམས་ཁང་གཡུང་དྲུང་གསལ་བ་འོད་ཁང་སོགས་དང་། ཡང་རྩེར་གཡུང་དྲུང་འབྲུག་གྲགས་ཀྱི་གཟིམས་ཁང་གཞལ་མེད་གཡུང་དྲུང་འོད་གསལ་ཁང་སོགས་དང་ཡང་ཐོག་ལ་རྒྱུན་མཚམས་ཁང་བླ་མའི་གཟིམ་ཁང་། གཞན་བླ་མའི་སྤྲོ་བདེ་ཁང་སོགས་མཁར་ཁང་ཉི་ཤུའི་སྐོར་དང་། གཞན་ཡང་ཇ་མཛོད་ཁང་དང་འབྲུ་ཁང་། ལས་གྲྭ་ཁང་སོགས་ཁང་པ་ཆེ་ཆུང་ཉི་ཤུ་རྩ་གྲངས་དང་ཡོངས་བསྡོམས་མཁར་ཁང་བཞི་བཅུའི་སྐོར་ཡོད། བླ་བྲང་གི་བླ་མ་དང་མི་སྣའི་གྲུབ་ཚུལ་སྐོར་ལ། མཁན་པོ་གང་ཡིན་ཕུད། གཞན་ཡང་བླ་མ་སྦྲ་ནག་དང་ཡབ་ཚང་གཉིས་ཀྱི་སྲས་ཁྲི་པ་ཞེས་དགོན་པའི་ནང་དུ་ཞུགས་ན་དེ་ནི་བླ་བྲང་གི་བླ་མའི་གྲལ་དུ་འཇོག་སྲོལ་ཡོད། གཞན་གྱི་བླ་མ་ནི་བླ་བྲང་གི་བླ་མའི་གྲལ་དུ་འཇོག་སྲོལ་མེད། བླ་བྲང་ལ་རྒྱུན་མཚམས་གཅིག མཁན་པོའི་གསོལ་དཔོན་ནམ་གཟིམས་དཔོན། བླ་མའི་ཕྱག་མཛོད། གཉེར་པ། མ་བྱན། ཆུ་ལེན། ཡོས་འཐག་སོགས་ནང་བཟན་གཡོག་པོ་བཅས་སོ། གཉིས་པ་སྐུ་གསུང་ཐུགས་རྟེན་གྱི་སྐོར། དང་པོ་རྩ་ཆེའི་རྟེན་ཁྱད་འཕགས་ནི། གཤེན་གཏེར་གཙོ་མཆོག་སྐུ་རྟེན། འཕར་ཆེན་ལ་ཡི་གེ་བ་གསེར་མདོག་རང་བྱོན། སྟོང་རྒྱུང་གི་ཕྱག་བཟོ་ཙན་དན་སྐུ། གཤེན་སྐུ་བཀྲ་ཤིས་འོད་འབར། གསང་བ་འདུས་པའི་རིང་བསྲེལ། དབལ་གཤེན་སྟག་ལའི་ལས་ཕུར། སྤ་གཏེར་རདྣ་གླིང་པའི་ཚེམས་ལས་བྱུང་བའི་ཀུན་བཟང་གི་སྐུ་རང་བྱོན། རྨེའུ་བསོད་ནམས་གཡུང་དྲུང་གི་དབུ་ཐོད་ལ་རིང་སྲེལ་ཅོ་གའི་སྒོ་ང་ཙམ་ཡོད་པ། ཉི་མ་འབུམ་གསལ་དབུ་ཐོད་ལ་ཁྲོ་རྒྱལ་བརྒྱ་བཅུ་གྱ་དྲུག་རང་བྱོན་ཡོད་པ། སྤ་གཡུང་དྲུང་འབྲུག་གྲགས་ཀྱི་དབུ་ཐོད་ལ་སྨྲ་སེང་དང་དྲིལ་དམར་རང་བྱོན་ཡོད་པ། སྤ་བསོད་ནམས་ཕུན་ཚོགས་ཀྱི་ཐུགས་མེ་སྡུག་ལ་ཞི་ལྷ་བཞི་བཅུ་རྩ་ལྔའི་རྟེན་རིང་བསྲེལ་ཡོད་པ་སོགས་རྟེན་ཁྱད་འཕགས་ཀྱི་རིགས་དང་(བླ་མ་སྦྲ་ནག་དང་ཡབ་ཚང་གཉིས་ཀྱི་རྟེན་གསུམ་འདིར་ཚུད་མེད)གཞན་ཡང་སྐུ་རྟེན་གྱི་རིགས་ནི་ཉི་འབུམ་གྱི་གཟིམས་ཁང་ནང་ལ་སྐྱབས་རྗེ་ཉི་འབུམ་རིན་པོ་ཆེའི་འདྲ་སྐུ་སོགས་ཟངས་གསེར་གྱི་སྐུ་བརྙན་ཆེ་ཆུང་ཉི་ཤུའི་སྐོར་དང་གསུང་རབ་པོད་བཞི་བཅུའི་སྐོར་བཅས་དང་། ཡང་རྩེ་མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱི་གཟིམས་ཁང་ནང་ལ། མཉམ་མེད་འདྲ་སྐུ། རྣམ་རྒྱལ་མ་ཏྲི་ནམ་མཁའི་རྒྱལ་པོ། དྲིལ་དམར་སོགས་ཟངས་གསེར་གྱི་སྐུ་འདྲ་ཆེ་ཆུང་ལྔ་བཅུའི་སྐོར་དང་། གཉིས་པ་གསུང་རབ་པོད་བཞི་ཅུའི་སྐོར་དང་། དེ་བཞིན་གསོལ་ཁ་ཁང་སོགས་ཀྱི་ནང་དུ་གཟུངས་བཞུགས་པར་ཤིང་དང་ཀློང་རྒྱས་སོགས་པར་ཤིང་འགའ་དང་ཡིག་པོད་བརྒྱ་དང་ཉི་ཤུའི་སྐོར་བཅས་ཁྱོན་བསྡོམས་སྤ་ཚང་བླ་བྲང་ལ་མདོ་སྔགས་སེམས་གསུམ། བཀའ་གསར་རྙིང་། རིག་གནས་ཡིག་ཚགས་བཅས་པོད་ཉིས་བརྒྱ་ལྷག་ཙམ་ཡོད། གསུམ་པ་མཆོད་ཆས་རོལ་མོའི་སྐོར། དང་པོ་དངུལ་གཏོར་བུམ་པ། ཁྲུས་བུམ། མཎྜལ། རྐོང་བུ། འབྲུ་ཕོར། དངུལ་གླིང་སོགས་དངུལ་ཆས་ཀྱི་རིགས་དང་། གཤང་ཆེན། སྦུབ་ཆུལ། དུང་གླིང་། རྒྱ་རྔ། དུང་ཆེན་སོགས་རོལ་མོའི་རིགས་གང་ལ་གང་དགོས་ཡོད། བཞི་པ་ལོ་ཟླའི་དུས་མཆོད་སྐོར་ལ། དང་པོ་རྒྱུན་མཚམས་དྲན་པ་ཚེ་སྒྲུབ་དང་། ལོ་རེའི་དཔྱིད་སྟོན་གཉིས་ཀྱི་འབྲིང་པོའི་ཚེས་བརྒྱད་ནས་དབང་ལྡན་ཞུ་ཡི་རིང་ལུགས་ཀྱི་བོན་སྐྱོང་སྐང་གསོལ་རྒྱས་སྒྲུབ་དང་། དབྱར་ཉི་ལྡོག་དུས་ལ་གཡང་སྒྲུབ(གསེར་འོད་ནོར་བུ་མཆོག་རྒྱལ)དྲིལ་དམར་བསྐང་མདོས། དགུན་ཉི་ལྡོག་ལ་སྟག་ལ། དགུ་གཏོར་ལ་བརྩོད་ཟློག་ལས་མཐའ། ཟླ་བ་རེ་རེའི་ཉ་མཆོད་ནི་ཚེས་བཅུ་ལ། དགོངས་འདུས། རིག་འཛིན་འདུས་པ། དྲན་པ་དབང་སྒྲུབ། ཡབ་སྲས་དྲིལ་སྒྲུབ་བཅས་ཀྱི་ཚོགས་མཆོད། ཚེས་བཅོ་ལྔ་དང་བཅུ་དྲུག་ལ། ཞི་ཁྲོ། གསང་ཆེན་རོལ་པ། ཐབས་ཆེན་མཁའ་རྒྱུད་ཀྱི་རིག་འཛིན་འདུས་པ། གཤེན་དྲིལ། བྱང་ངུ་ཉི་ཟེར་ཞགས་པ་བཅས་སྦྲགས་སྲོལ་ཡོད། གནམ་གང་ལ་དབལ་གསས། བརྩོད་ཟློག་གི་ཚོགས་མཆོད་བཅས་ལོ་ཟླའི་དུས་མཆོད་དེ་རྣམས་སྔར་བྲིས་རྒྱང་རི་ཁྲོད་ཕྱག་བཏབ་མཛད་ནས་བཟུང་ཆག་མེད་དུ་འདོན་སྲོལ་ཡོད་པ་རེད། ལྔ་པ་ས་འཐོབ་དང་འབྲོག་རའི་རྒྱ་ཁྱོན་སྐོར། རྒྱབ་ཀྱི་མཛོ་རོལ་ཉིན་སྲིབ། མདུན་གྱི་ངང་ཚང་ཤར་ཆེན། སྤ་སུལ། དབྱར་ས་བྲིས་རྒྱང་དབྱར་མཚེར་གོང་བཅས་རེད། འབྲོག་རའི་རྒྱ་ཁྱོན་ནི་འབྲི་ཁལ་ཉིས་བརྒྱའི་ནང་ཚུད་ཀྱི་ནོར་དང་། རྟ་དྲིའུ་ཉི་ཤུའི་སྐོར་བཅས་ཡོད། ཕྱུག་རྫི་ནི་འབྲོག་རའི་འགན་ཁུར་ཤེ་དཔོན་དང་འབྲོག་ལས་བྱེད་མཁན་གྱི་ཕྱུག་རྫི་རྣམས་ལ་ཟླ་རེའི་ཟས་ཕོག་དང་། ལོ་རེའི་གླ་ཕོགས་བཅས་བླ་བྲང་གཉེར་པས་རྒྱག་སྲོལ་ཡོད། ཡང་མེ་སྤྲུལ་ལོ(སྤྱི་ལོ་༡༩༡༠)དགོན་གནས་ཀྱི་ཤར་སྟོད་སྟག་གི་ཕྱོགས་སུ་སྤ་ཉི་འབུམ་རིན་པོ་ཆེས་ཆུ་གཏེར་བཞེས་ཏེ། གཏེར་ཆུ་ཞེས་པའི་ཆུ་འགོ་དེ་ནི་དགོན་པའི་ཇ་ཆུ་ལྡང་ངེས་ཀྱི་རྫ་ཆུ་ལུ་མ་སྤུས་གཙང་ཞིག་ཡོད། དེ་གར་ཀླུ་ཁང་ཀླུ་ལྕམ་དྲལ་སྐུ་བརྙན་རྡོ་བསྐོས་ཡོད་པ་དང་། ཆུ་གཏེར་བཞེས་ནས་བཟུང་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་དང་། ཡི་དམ་ཁྲོ་ཕུར་གྱི་སྒྲུབ་ཆེན་གང་བསྒྲུབ་ཀྱི་དཀྱིལ་འཁོར་ས་ལེན་དང་ཀླུ་གཏོར་དང་གཏེར་བུམ་འབུལ་ཡུལ་གྱི་གནས་ཡིན། ད་ལྟ་ཡང་ཆུ་འགོ་རྒྱུན་མ་ཆད་ཙམ་ཡོད། ལོ་དེར་སྐུ་གདུང་ཁང་ཞེས་པའི་ཀ་བ་བཅུ་གཉིས་ཀྱི་ས་མལ་དང་དེའི་སྦུག་མཇལ་ནི་གསས་མཁར་མཆོག་ལྔའི་ལྷ་ཁང་ཞེས་པ་ཀ་བ་བཞི་དང་ཁྱོན་བསྡོམས་ཀ་བ་བཅུ་དྲུག་གི་ས་མལ་གསར་བཞེངས་མཛད་དེ། གོང་གི་སྐུ་གདུང་རྣམ་གསུམ་དེ་ཀ་བ་བཞིའི་དཀྱིལ་དུ་ཁྲི་བཀོད་མཛད། དེའི་ནང་གི་ལྡེབ་རིས་ནི་རྣམ་དག་པད་མ་ཀློང་ཆེན་གྱི་ལྷ་འཁོར་དང་། ཡར་ནང་གསས་མཁར་མཆོག་ལྔའི་ལྷ་ཁང་ནང་ལ་གསས་མཁར་མཆོག་ལྔའི་ལྷ་འཁོར་ཆ་ཚང་གི་བརྙན་རིས་དང་། ལྷ་ཁང་དེའི་གཡས་ངོས་སུ་ཟངས་གསེར་ལས་བཟོས་པའི་དབལ་གཤེན་སྟག་ལའི་སྐུ་བྱིན་ཆེན(རབ་གནས་སྐབས་སུ་ཟིལ་ཐིག་བབས་པའི་རྟགས་མངོན་གསལ་ཡོད་པ)དང་། དེ་བཞིན་ཁྲོ་བོ་གཙོ་མཆོག ཕུར་པ་འབྲུག་གསས། གཤེན་ལྷ་འོད་དཀར། རྗེ་མཉམ་མེད་ཆེན་པོའི་སྐུ་བཅས་རེ་རེར་མཐོ་ཚད་ལ་གྲུ་བརྒྱད་ཡོད་པ་རྣམས་གཟུངས་བཞུགས་བྱིན་རྫས་སོགས་མཐར་ཕྱིན་པར་མཛད་དེ་མངའ་གསོལ་ཁྲི་བཀོད་སྨོན་ལམ་རྒྱས་གྲུབ་ཟིན་པས་དགེ་བའི་པྲ་ལྟས་བཟང་པོ་ཤར་རོ། ཞེས་སོ། ལྷ་ཁང་དེ་གཉིས་ཁ་དོག་དམར་པོ་དང་། སེར་པོ་ཡིན་ཞིང་མཁར་རྩེར་གསེར་འཕྲུ་ནི་གྲུ་བཞི་རེ་ཡོད་པ་གོང་འོག་གཉིས་སོ། ས་ལུག་ལོ(སྤྱི་ལོ་༡༩༡༩)སྤ་གཡུང་དྲུང་འབྲུག་གྲགས་དགུང་གྲངས་ཉེར་བརྒྱད་ཐོག་ཉི་མ་འབུམ་གསལ་གྱིས་ཞབས་བརྟན་བདེ་ཚིག་བསྟན་འབར་གནང་བ་དང་སྦྲགས་ཁྱེད་རྒྱལ་བ་སྨན་རི་བ། རབ་ལེགས་གཡུང་དྲུང་གླིང་སོགས་རྩ་ཆེའི་གདན་ས་ཁག་ལ་རབ་བྱུང་ཁྲི་བཞེངས་དང་ལས་པའི་སྦྱིན་བདག་བཅས་ཀྱི་འབུལ་འབྲེལ་འདི་ལོར་ཕེབས་དགོས་པ་ལས་བདག་ནི་འཇིག་རྟེན་མི་ཡུལ་དུ་རིང་པོར་མི་འཚོ་ཞེས་གསུང་ནས་དངུལ་ཊམ་ཉིས་ཁྲི་དང་དངོས་པོ་གྱ་ནོམ་མང་དུ་བསྐུར་གནང་མཛད་དེ་དབུས་གཙང་དུ་ཕེབས་སོ། དང་པོ་རྒྱལ་བ་སྨན་རི་བ་གཙང་ཐུབ་རྒྱལ་དགོན་ལ་ལས་པ་དང་། མཁན་པོའི་སྦྱིན་བདག་འབུལ་བ། རབ་བྱུང་ཁྲི་བཞེངས་འབུལ་བཅས་དངུལ་ཊམ་བདུན་སྟོང་གཅིག་བརྒྱ་བཅུ་དང་ཇ་དར་དངོས་པོ་བཅས་ཕུལ། གཡས་རི་མཁར་སྣ་ལ་བཀའ་འགྱུར་བརྟེན་དང་ལས་དོད་འབུལ་བ་བཅས་དངུལ་ཊམ་གཉིས་སྟོང་བདུན་བརྒྱ་བཞི་བཅུ་དང་། གཡུང་དྲུང་གླིང་ལ་ལས་དོད་འབུལ་བ། ཁང་ཚན་སོ་སོའི་ཞལ་འདེབས་བཅས་དངུལ་ཊམ་ལྔ་སྟོང་གཉིས་བརྒྱ་དང་ཇ་དར་དངོས་པོ་ཕུལ་ནས་སྐབས་དེར་གཡུང་དྲུང་གླིང་གི་བཤད་གྲའི་རྩོད་གྲལ་དུ་ཡོངས་འཛིན་ཚ་རོང་བ་ཤེས་རབ་ཡེ་ཤེས་བསྟན་འཛིན་ལ་བསྟེན་ནས་ཤེར་ཕྱིན་སོགས་གཞུང་ཀ་པོད་ལྔ་ཡི་དོན་ཕྱོགས་ཙམ་གསན་བཞེས་གནང་བ་དང་། དེ་ནས་གཤེན་རི་རྒྱལ་དགོན་ལ་འགྱེད་དང་། ཞལ་འདེབས་བསྡོམས་དངུལ་ཊམ་ལྔ་བརྒྱ་ལྷག་ཙམ་ཕུལ་ནས་ཕྱིར་ཕེབས་མཛད། དེ་ནས་སྤ་ཉི་མ་འབུམ་གསལ་རིན་པོ་ཆེ་ནི་སྔར་འབྱུང་ལྡན་༢༩༨ནང་ཚན་ཤིང་ཕོ་སྟག་གི་ལོ(སྤྱི་ལོ་༡༨༥༤)སྐུ་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནས་བཟུང་སྤྱིར་སངས་རྒྱས་རྒྱལ་བ་གཤེན་གྱི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་དང་། གདུལ་བྱའི་སེམས་ཅན་གྱི་རེ་བ་དོན་ཡོད་དུ་མཛད་པ་དང་དེ་བཞིན་དྲང་ངེས་བོན་གྱི་ཆར་གཏོགས་པའི་དགོང་གཏེར་སྙན་རྒྱུད་སོགས་ཀྱི་དོན་མཐར་ཕྱིན་ཞིག་གྲུབ་པར་ངེས་ཏེ། དྲན་པའི་ཞལ་བྱང་ལས། སྤ་ཚང་ཉི་མ་འབུམ་གསལ་ཞེས་བྱ་བ། ཐུགས་གཏེར་རྫོགས་ཆེན་ཚེ་དབང་གདམ་པ་སོགས། ཟབ་མོའི་བོན་སྡེ་རེ་འགའི་གཏེར་ལས་དབང་། ཞེས་གསུངས་སོ། སླར་རྟག་འཛིན་ཅན་རྣམས་མི་རྟག་སུན་འབྱིན་གྱི་ཕྱིར་དུ་སྐུ་མྱ་ངན་འདས་ཚུལ་བསྟན་ཏེ་ལྕགས་ཕོ་སྤྲེལ་གྱི་ལོ(༡༩༢༠)མཆོག་གི་དགུང་གྲངས་དྲུག་ཅུ་རེ་བདུན་གྱི་ཐོག་བོད་ཟླ་བདུན་པའི་ཚེས་བཅུ་བཞིའི་ཐོ་རེངས་སུ་གཟུགས་སྐུ་བོན་དབྱིངས་སུ་བསྡུ་བའི་ཚུལ་བསྟན། དགོན་པའི་མཁན་པོའི་གདུང་མཆོད་འབུལ་བའི་གོ་རིམ་གྱི་ལུགས་སྲོལ་ནི་འདི་ལྟར་ཏེ། དང་པོ་བླ་གྲྭ་དམ་གཙང་བཅུས་མ་རྒྱུད་ཚོགས་མཆོད། བླ་གྲ་ལྔ་ཡིས་ཞི་ཁྲོ། དགོན་གྱི་བླ་གྲྭ་ཐུན་མོང་ཡོད་ཅོག་གི་མེ་ཏོག་མཆོད་པ་བཅས་བདུན་ཚིག་ཞེ་དགུའི་བར་དུ་སྒྲུབ། ཀུན་རིགས་ལས་བཞི་རྒྱུན་ལྔ་བཅུ་སྐོར་ལུགས་ཆ་གསུམ་དང་གཞན་ཡང་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་། ལུང་དཀར་གཤེན་བསྟན་རིན་ཆེན་གླིང་། ཕུར་དགོན་གཡུང་འོད་ཚལ་གླིང་། བྲག་དམར་མཐོང་གྲོལ་རི་ཁྲོད། ཀོང་པོ་སྟག་རྩེ་གཡུང་དྲུང་གླིང་སོགས་ལ། མེ་ཏོག་མཆོད་པ། ཁྲོ་བོ་འདོན་མཆོད། མ་ཏྲི་བུམ་སྒྲུབ་བཅས་ཀྱི་མཆོད་སྤྲིན་རྒྱ་ཆེན་ཕུལ་བ་དང་། གཞན་ཡང་། སོག་འཕེལ་རྒྱས་གླིང་། ཅུང་པ་ཆོས་འཁོར་དགོན་གཉིས་ལ་དུང་ཡོན་འབུལ་བ་དང་། ཆགས་རི་ཉི་གྲགས་དགོན། སྟག་ཕུ་རི་ཕུག་སོགས་བན་བོན་གྱི་རི་དགོན་ཁག་སུམ་བཅུའི་སྐོར་ལ་དགོངས་རྫོགས་ཀྱི་མཆོད་འབུལ་བསྔོ་སྨོན་སོགས་གདུལ་བྱའི་སེམས་ཅན་གྱི་རེ་བ་དོན་ཡོད་གྲུབ་པར་བགྱིས་སོ། དེ་ནས་བཟུང་བོད་ཟླ་༧པའི་ཚེས་༡༣-༡༤ལ་བླ་གྲྭ་ལྔ་ཡིས་སྤ་ཉི་འབུམ་གྱི་འདས་མཆོད་མ་རྒྱུད་ཐུགས་རྗེ་ཉི་མའི་ཚོགས་མཆོད་འབུལ་སྲོལ་ཡོད། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་། གསར་བཞེངས་རྗེ་ཉིད་ཀྱི་འདྲ་སྐུ་ཟངས་གསེར་ལས་བཟོས་པའི་གྲུ་བརྒྱད་ཡོད་པ་དང་། ཡང་སྐུ་གདུང་ཆ་བརྒྱད་གྲུ་དོ་རེ་ཡོད་པ་བཅས་ཀྱི་གཟུངས་བཞུགས་ལ་དམ་པ་ཉིད་ཀྱི་རིང་སྲིལ་ཤ་རི་རམ་དང་གདུང་རུས་བཅས་ཕུལ་ཡོད། སྤ་ཉི་འབུམ་གྱི་འདྲ་སྐུ་དེ་སྔར་གསས་མཁར་མཆོག་ལྔའི་གཡོན་ངོས་རྗེ་མཉམ་མེད་ཆེན་པོའི་འདྲ་སྐུའི་ཕྱི་ཟུར་དུ་ཁྲི་བཀོད་གནང་བ་དང་། གཡས་ངོས་སུ་དྲ་མིག་གོང་འོག་གཉིས་སུ་དབྱེ་བའི་དབལ་གཤེན་སྟག་ལའི་སྐུ་ཡི་ཕྱི་ཟུར་དུ་སྐུ་གདུང་ཆ་བརྒྱད་བཀོད་ཡོད། སྐུ་གདུང་ཁང་གི་དཀྱིལ་དུ་ཁྲི་བཀོད་མཛད་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དེ་ཉི་འབུམ་རིན་པོ་ཆེའི་སྐུ་གདུང་གི་རྟེན་དུ་ཁྲིར་བཀོད་པའོ། དེ་ནས་འབྱུང་ལྡན་གསུམ་བརྒྱའི་ཐོག་མར་ཤིང་ཁྱི་ལོ(སྤྱི་ལོ་༡༩༢༤)དགོན་གྱི་སྒྲུབ་ཁང་ལྷ་མཆོད་འབྲི་གུང་བསྟན་པ་དབང་རྒྱལ་གྱིས་ལྷ་ཁང་ཀ་རིང་བརྒྱད་ཡོད་པ་དང་དེའི་ནང་རྟེན་སྨན་སྐུ་ལས་བཟོས་པའི་བདེར་གཤེགས་གཙོ་བཞི་དང་སྨན་ལྷ་མཆེད་བརྒྱད་བཅས་སྐུ་བརྙན་དང་ལྡེབས་རིས་སྤན་བརྒྱན་གསེར་འཕྲུ་བཅས་གྲུབ་པར་བགྱིས་སོ། ལོ་དེར་ངོ་ཆེ་དགེ་རྒན་ཤེས་རབ་དབང་ལྡན་ཁོང་ནི་ཧོར་ཡེ་ཐ་བསྟན་སྲིད་ཐུན་མོང་གི་ཆེད་དུ་བླ་དཔོན་ཟུང་གིས་བཀའ་མངག་གནང་བ་ལྟར་དབུས་སུ་གོང་ས་རྒྱལ་དབང་བཅུ་གསུམ་པས་བསྩལ་པའི་ཤེ་བམ་དེ་ཉིད་གདན་འདྲེན་པར་སོང་ཞིང་སླར་ལོ་གཅིག་ཕྱེད་ཀའི་ནང་གོང་གི་ཤེ་བམ་དགོན་སར་འབྱོར་ཏེ་དགོན་གྱི་མིང་ལ་དཔག་བསམ་གཡུང་དྲུང་རབ་བརྟན་གླིང་ཞེས་འཁོད་ཡོད་པར་མ་ཟད་གུ་རུའི་གསང་ལུང་དང་སྦྲགས་ཏེ་ས་གནད་ཀྱི་མེ་བཙས་གཟིར་བའི་གཡུང་དྲུང་བོན་གྱི་དགོན་སྡེ་ཞིག་ཡིན་ཞེས་འཁོད་ཡོད། དེ་དང་འབྲེལ་མེ་སྟག་ལོ(སྤྱི་ལོ་༡༩༢༦)རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱ་ཁྱབ་རྫོང་གཞིས་ཁག་ལ་བསྩལ་བའི་རྩ་ཚིག་ལས་གྲུབ་མཐའ་ཁག་སོ་སོའི་དགོན་སྡེ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་བཤད་སྒྲུབ་ཀྱི་མཆད་ཉན་སོགས་དང་ཡུལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་ནད་མུག་འཁྲུག་རྩོད་སོགས་སྙིགས་དུས་རྒུད་པ་སེལ་བའི་སླད་དུ་སངས་རྒྱས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་། ལྷ་ཁང་ཉམས་གསོ། གཙུག་ལག་ཁང་གསར་བཞེངས་སོགས་རིམ་འགྲོ་གནད་སྨིན་བཅས་ཡུལ་གྲུ་ཆེ་ཆུང་གི་བབས་དང་བསྟུན་པའི་ལོ་ཟླ་རིམ་བཞིན་ཆགས་མེད་འབད་སྒྲུབ་དགོས་པའི་བཀའ་ལྕིད་སྤྱི་བོར་ཕེབས་པར་བརྟེན་སྤ་བླ་མ་གཡུང་དྲུང་བསྟན་པའི་འབྲུག་གྲགས་དང་། ཡིས་ཐ་དཔོན་བསོད་ནམས་ནོར་བུ་ཟུང་གིས་བསྟན་འགྲོ་སྤྱི་ཡི་བདེ་ཕན་ལ་དམིགས་ནས་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བཀྲ་ཤིས་པའི་གཙུག་ལག་ཁང་ཆེན་དེ་འབྱུང་ལྡན་སུམ་བརྒྱའི་ནང་ཚན་མེ་ཡོས་ལོ(སྤྱི་ལོ་༡༩༢༧)ནས་འཛུགས་སྐྲུན་བྱེད་རྒྱུའི་འགོ་བརྩོམས་ཏེ་དེ་ཡི་རྒྱ་ཁྱོན་ནི་ཀ་བ་བརྒྱ་དང་སུམ་ཅུ་སོ་གཉིས་ཡོད་པའི་ནང་ནས་གསེར་གདུང་བདུད་འདུལ་སྒྲ་སྒྲོག་གི་མཚམས་བཞི་ལ་ཀ་རིང་བཞི་དང་དེ་མིན་ཀ་རིང་སུམ་ཅུ་སོ་དྲུག་དང་། ཀ་ཐུང་བཅུ་གཉིས། ཕྱི་ཁྱམས་བར་བསྐོར་ལ་ཀ་བ་སུམ་ཅུ་སོ་བཞི། སྒོ་ཁྱམས་གཡས་གཡོན་ལ་ཀ་བ་དྲུག་དང་ཀ་བ་རིང་ཐུང་བསྡོམས་པའི་གྲངས་དགུ་བཅུ་གོ་གཉིས་བརྩེགས་པ་ཀ་བའི་ཚབ་སོང་བ་བཞི་བཅུ་ཐམ་པ་བཅས་ཡོད་པའི་ཁང་ཆེན་དེ་ལྕགས་རྟ་ཡན་ལོ་བཞིའི་རིང་རྩ་བའི་ཆ་ནས་ལེགས་པར་གྲུབ། གསར་བཞེངས་ཟིན་པའི་གཙུག་ལག་ཁང་གི་ནང་རྟེན་དུ་དཀྱིལ་དབུས་ཀྱི་དབུ་རྩེ་ཁང་ལ་གསེར་གདུང་བདུད་འདུལ་སྒྲ་སྒྲོག་གི་མཆོད་རྟེན(མཐོ་ཚད་གཞུང་འདོམ་ལྔ་ཡོད་པ)གཡས་སུ་གཤེན་རབ་རྣམ་པར་རྒྱལ་བ། གཡོན་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུ(དེ་གཉིས་ལ་མཐོ་ཚད་གཞུང་འདོམ་བཞི)དེ་གཉིས་ཀྱི་གཡས་གཡོན་དྲྭ་མིག་ནང་དུ་གསེར་སྐུ་གྱང་ངོས་ལོགས་རེ་ལ་སྟོན་སྐུ་ཉི་བརྒྱ་ལྔ་བཅུ་ང་གཉིས་རེ་ཡོད་པ་ལིང་བཞི་ལ་སྟོང་རྩ་བརྒྱད་དུ་ཚང་བར་མཛད་དོ། འདུ་ཁང་དེའི་སྟོད་ཆར་ཤར་ནུབ་གཉིས་ཀྱི་ངོས་སུ་དང་པོ་གཡས་ཤར་དུ་ལྟུང་བཤགས་ལྷ་འཁོར་དང་། གཡོན་ནུབ་ཏུ་ཡི་དམ་དང་སྲུང་མའི་སྐུ་བརྙན་རྣམས་སྨན་སྐུ་ལས་བཟོས་པ་གྲུ་ཚད་རེ་ཡོད་པ་དང་། སྒོ་ཡི་གཡས་གཡོན་ནས་ཀ་ཐུང་བཅུ་གཉིས་ཀྱི་འོག་འཁོར་དུ་ལྷ་ཁྲིའི་སྟེང་དུ་དྲྭ་མིག་གོང་འོག་གཉིས་རེ་དབྱེ་བའི་ནང་དུ་ཙན་དན་གྱི་མཆོད་རྟེན་གྲུ་གང་རེ་ཡོད་པ་བརྒྱ་དང་དྲུག་ཅུ་དང་། སྟེང་གི་དྲལ་ལྕམ་ལ་བོན་སྒོ་ཕྱི་ནང་གསང་གསུམ་དཀྱིལ་འཁོར་མར་དབུབ་དང་བཅས་ནང་གི་བཀོད་པ་དེ་ལྟར་རོ། ཐོག་འཁོར་གྱི་གློ་འབུར་གཡས་གཡོན་དུ་སྐལ་བཟང་སྟོང་སྐུའི་གྱང་རིས་དང་། ཕྱི་ཁྱམས་བར་སྐོར་གྱི་ནང་ཕྱོགས་ལ་རྒྱལ་བའི་མཛད་ཆེན་སུམ་བརྒྱ་དྲུག་བཅུའི་བརྙན་རིས་རྒྱས་པ་རྟོག་བརྗོད་རང་འགྲིག་དང་། ཕྱི་ཕྱོགས་རབ་གསལ་གྱི་བར་དུ་ནུབ་སྒོ་ནས་སྐལ་བཟང་སྟོང་སྐུ། བདེར་གཤེགས་སྟོང་སྐུ། ཟངས་མདོག་དཔལ་རིའི་ཆགས་ཚུལ། རྒྱལ་བའི་མཛད་ཆེན་བཅུ་གཉིས་ཀྱི་རྟོག་བརྗོད་ཀུན་འཁོར་རེའུ་མིག་རྒྱས་པ་དང་། སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལྟར་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་དཔེ་རིས་ཁ་བྱང་རང་འགྲིག་དང་བཅས་ཤར་སྒོའི་བར་དུ་རྒྱས་པར་བཀོད་ཡོད། དེ་ནས་ཁྱབ་བདག་བླ་མ་དམ་པ་མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱིས་ཆུ་སྤྲེལ་ལོ(སྤྱི་ལོ་༡༩༣༢)རྒྱལ་བསྟན་འཕེལ་རྒྱས་འགྲོ་བའི་ཆེད་དུ་བཤད་སྒྲུབ་གསར་འཛུགས་མཛད་དེ་རབ་ལེགས་གཡུང་དྲུང་གླིང་གི་དཔོན་སློབ་ཤེས་རབ་གྲགས་པ་འདིར་ཕེབས་སྐབས་མཚན་ཉིད་ཀྱི་སྒྲིག་ལམ་དང་འབྲེལ་བའི་ཐུན་མོང་སྡུད་གྲྭའི་རྣམ་གཞག་རིགས་ལམ་ཆུང་བའི་གཞུང་ལུགས་གསར་འཛུགས་གནང་བ་དང་། བཀྲ་ཤིས་པའི་གཙུགས་ལག་ཁང་ཆེན་བཞེངས་གྲུབ་ཟིན་པ་འདི་གཉིས་ཕྱི་སྣོད་དང་ནང་བཅུད་ལྟ་བུའི་རྒྱལ་བསྟན་འཕེལ་རྒྱས་འགྲོ་བའི་བརྡ་རྟགས་སུ་ངེས་པའོ། དེ་ནས་མཚན་ཉིད་དགེ་བཤེས་བླ་གྲྭ་མང་པོ་ཐོན་ཞིང་། དང་པོ་མེ་གླང་ལོ(སྤྱི་ལོ་༡༩༣༤)ནས་གཡུང་དྲུང་བློ་ལྡན(རང་ལོ་༢༦)དང་འབྲོང་པ་བསྟན་འཛིན་དབང་གྲགས(རང་ལོ་༡༦)ཟུང་ནི་རབ་འབྱམས་ཁྲི་བཞེངས་མཛད་དེ། གཡུང་དྲུང་བློ་ལྡན་ནི་མཚན་ཉིད་དཔོན་སློབ་ལ་བཀོད་བཞག་གནང་བ(མེ་གླང་ལོ་ནས་ས་ཕག་ལོ་ཡན་ལོ་ཉེར་གསུམ་རིང་ཡོངས་འཛིན་ལས་ཐོགས་ཡིན་ཞིང་བརྗེ་འཐེན་བྱེད་མྱོང་མེད)དང་དེ་ནས་བཟུང་ས་ཡོས་ལོ་དང་ལྕགས་སྦྲུལ་ལོ་སོགས་ལོ་རེས་མོས་སུ་གྲྭ་གཉིས་རེ་དགེ་བཤེས་གསར་བཞེངས་རྒྱུན་འཐུད་མཛད་དེ། སྐྱ་ཕྱུག་གཡུང་དྲུང་དབང་དྲག མགོ་པ་ཕུན་ཚོགས་རྒྱལ་མཚན། ཞུ་ཚང་ཀུན་བཟང་ཚེ་གྲགས། འཁོར་ལྡན་ཡེ་ཤེས་རྣམ་རྒྱལ། བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ། ཁ་འོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས། སྤ་བླ་མ་ཟླ་བ་རྒྱལ་མཚན། སྐྱ་ཕྱུག་བཀྲ་ཤིས་རྣམ་དག རུ་འབྲོང་སངས་རྒྱས་དཔལ་ལྡན། ཨར་ཆུང་སྐལ་བཟང་རྣམ་རྒྱལ། སྐལ་བཟང་དབང་དྲག གཡུང་དྲུང་འགྱུར་མེད། བསྟན་འཛིན་གཙུགས་ཕུད། ཚེ་དབང་ཕུན་ཚོགས་བཅས་ས་སྟག་ལོ་ནས(༡༩༣༨)ས་ཕག་ལོ་ཡན(༡༩༥༩)བླ་གྲྭ་བཅུ་བཞི་དགེ་བཤེས་ཁྲི་བཞེངས་མཛད་པ་རེད། ལྕགས་སྦྲུལ་ལོ(སྤྱི་ལོ་༡༩༤༡)སྤ་བླ་མ་གཡུང་དྲུང་འབྲུག་གྲགས་ཀྱིས་གསེར་གདུང་བཀྲ་ཤིས་སྒོ་མང་གི་ཕྱི་སྣོད་ལྷ་ཁང་ཀ་བ་ཉི་ཤུ་རྩ་གཉིས་ཀྱི་ས་མལ་དང་སྒོ་ར་རང་འགྲིག་བཅས་རྨིང་ཐིག་བཏབ་སྟེ་དེའི་བཀོད་དབྱིབས་ནི། དང་པོ་བཀྲ་ཤིས་སྒོ་མང་གི་མཚམས་བཞིར་ཀ་རིང་བཞི་དང་རྒྱ་ཁྱོན་ལ་ཀ་རིང་བཅོ་བརྒྱད་ཡོད། ནང་རྟེན་ལ་གསེར་གདུང་བཀྲ་ཤིས་སྒོ་མང་དང་ཀུན་བཟང་རྒྱལ་བ་རྒྱ་མཚོ་གཉིས་ཀྱི་མཐོ་ཚད་ལ། དང་པོར་གཞུང་འདོམ་ལྔ་དང་(ཀུང་ཁྲེ་བརྒྱད)གཉིས་པ་ལ་གཞུང་འདོམ་བཞི་དང་ཕྱེད(ཀུང་ཁྲེ་བདུན་དང་སྐར་ཉི་ཤུ)ཡོད་པའི་གསེར་གདུང་དང་། ལྡེབ་རིས་ནི་སྒོ་ཡི་གཡས་ལོགས་སུ་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་ཉི་ཤུ། གཡོན་ལོགས་ལ་བྱམས་མ་སྟོང་སྐུ་བཅས་བྲིས་ཡོད་པ་དང་ནང་གི་ཤིང་ཚོན་བཅས་མེ་ཁྱི་ལོ་ཡན(སྤྱི་ལོ་༡༩༤༦)ཕྱི་ནང་གཉིས་ཀ་བཞེངས་གྲུབ་ཟིན་པ་རེད། ལོ་དེར་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་འདིར་ཕེབས་པའི་སྐབས་དང་བསྟུན་ཏེ་གྲུབ་དབང་ཤར་རྫ་རིན་པོ་ཆེའི་མཛོད་ཆེན་ལྔ་སོགས་མན་ངག་རྫོགས་པ་ཆེན་པོའི་ཁྲིད་ལུང་དབང་བཞི་རྣམས་འཆད་ཉན་གྲུབ་མཚམས་སྤ་ཚང་དགོན་དུ་གྲུབ་བརྒྱའི་དཔལ་བརྙེས་ཀུན་མཁྱེན་ཤར་རྫ་བའི་དགོངས་དོན་བཞིན་སྒྲུབ་གྲ་གསར་འཛུགས(རྟོགས་ལྡན་ཤེས་རབ་ཕུན་ཚོགས་སོགས་བླ་གྲྭ་ལྔ)བགྱིས་པ་དང་འབྲེལ་ལྷ་ཁང་བཀྲ་ཤིས་སྒོ་མང་གི་ཕྱི་ནང་དང་རྫོགས་ཆེན་སྒྲུབ་གྲ་འཛུགས་གཉེར་ཟིན་པ་དེ་གཉིས་ནི་ཕྱིའི་སྣོད་དང་ནང་གི་བཅུད་ལྟ་བུའི་བོན་བསྟན་དར་རྒྱས་འགྲོ་བའི་བརྡ་རྟགས་སུ་ཞེས་སོ།།

  ལྕགས་སྟག་ལོ(༡༩༥༠)སྔར་སྒྲུབ་ཁང་རྙིང་པ་ཀ་བ་བཞི་ཡོད་པ་དེ་ཉིད་སླར་གསོ་མཛད། ཀ་བ་དྲུག་གི་ས་མལ་ཐོག་ཁང་རང་འགྲིག་བསྐྱར་དུ་བསྐྲུན་ཞིང་ནང་ལྷ་རིས་ནི་ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་ཕོ་རྒྱུད་མོ་རྒྱུད་བཅས་བྲིས་ཟིན་ཏོ། མཁས་གྲུབ་སྤ་འབྲུག་རིན་པོ་ཆེས་མེ་ཁྱི་ལོ་ནས་སྒྲུབ་གྲྭའི་མཁན་པོའི་ཐུགས་འགན་བཞེས་ཤིང་མཐར་ལྕགས་སྟག་ལོ་སྒྲུབ་གྲྭ་གསར་སྣོན་བླ་གྲྭ་ལྔ་དང་བཅས་སླད་ཕྱིན་གྲུབ་དབང་ཤར་རྫ་བའི་རྫོགས་ཆེན་སྒྲུབ་གྲྭའི་ཁྲིད་ལུང་མན་ངག་སོགས་ཚང་མ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་ཀྱིས་གནང་དགོས་ཞེས་བཀའ་ཡིས་གནང་བ་བགྱིས་ཤིང་། བསྒྲུབ་གྲྭའི་མཁན་པོར་རྗེས་བཞག་གནང་ནས་སྔར་འབྱུང་ལྡན་ཉིས་བརྒྱ་གོ་དགུའི་ནང་ཚན་ཆུ་འབྲུག་ལོ(སྤྱི་ལོ་༡༨༩༢)བོད་ཟླ་གསུམ་པའི་ཚེས་བཅུ་ལ་སྐུ་མཚན་དཔེའི་དཀྱིལ་འཁོར་བཞད་པ་ནས་བཟུང་གཡུང་དྲུང་བོན་གྱི་སྟོན་པ་རྣམ་འདྲེན་བརྒྱད་པ་དམུ་རྒྱལ་སྲས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ལུང་རྟོགས་ཀྱི་བསྡུས་པའི་བསྟན་པ་འདི་ཉིད་ཀྱི་རིང་ལུགས་དྲི་མ་མེད་པ་བསྐྱངས་ཤིང་སྐུ་ཚེ་གང་གི་རིང་ལ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་སོགས་གྲངས་མང་བཞེངས་ཤིང་གནས་པར་མ་ཟད་སྙིགས་དུས་ཀྱི་རྒུད་པ་སེལ་བའི་སླད་དུ་ཡི་དམ་ཁྲོ་ཕུར་ཞང་གསུམ་དང་བཀའ་གསར་རྙིང་སྒྲུབ་ཆེན་དུས་མཆོད་སོགས་ཉམས་མེད་མཛད་པ་དང་། དྲན་པའི་ཞལ་ལུང་ལས། དེ་རྗེས་སྤ་ཚང་གདུང་ལས་སྤྲུལ་བའི་སྐུ། སྤ་རིགས་བསྟན་པ་འབྲུག་གྲགས་མཚན་འཛིན་པ། ཐུགས་གཏེར་སྙིང་པོ་ཟབ་རྒྱས་བོན་གྱི་སྡེ། ཕྱི་ནང་གསང་བའི་རྒྱུད་དང་གྲུབ་སྐོར་དབང་། ཞེས་གསུང་པ་ལྟར་བཀའ་གསུང་སྡེ་སྣོད་གསུམ་གྱི་དགོངས་དོན་དང་འཚམ་པའི་རིག་གནས་ཀྱི་གཞུང་ཆ་ལག་དང་བཅས་པའི་པོད་དུ་མ་ལྗགས་རྩོམ་གནང་ཞིང་ཕྱི་རབས་བསྟན་པའི་སྲོལ་འཛིན་རྣམས་ལ་རྗེས་སུ་བཞག་ནས་ཁོང་དགུང་གྲངས་དྲུག་བཅུ་ཐམ་པའི་ཐོག་ལྕགས་མོ་ཡོས་ལོའི(༡༩༥༡)བོད་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཐོ་རེངས་ལ་དགོངས་པ་བོན་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའོ། དེ་ནས་བཟུང་བོད་ཟླ་བརྒྱད་པའི་ཚེས་ཉི་ཤུ་བརྒྱད་ནས་ཉི་ཤུ་དགུ་གཉིས་འདས་མཆོད་མ་རྒྱུད་དང་བླ་སྒྲུབ་གཉིས་ཚོགས་མཆོད་འབུལ་སྲོལ་ཡོད། དམ་པ་དེ་ཉིད་ཀྱི་དགོངས་རྫོགས་མཆོད་སྤྲིན་འབུལ་བའི་གོ་རིམ་ནི་དགོན་པའི་མཁན་པོའི་འདས་མཆོད་དང་འཐུས་པས་སྤ་གཏེར་ཡེ་ཤེས་གཡུང་དྲུང་གིས་ཐུགས་འགན་བཞེས་ཏེ་སྔར་ཉི་མ་འབུམ་གསལ་གྱི་འདས་མཆོད་འབུལ་ཚུལ་བཞིན་གདུལ་བྱའི་སེམས་ཅན་གྱི་རེ་བ་དོན་ཡོད་དུ་བསྒྲུབ་པར་བགྱིས་སོ། ཆུ་འབྲུག་ལོ་ནས(སྤྱི་ལོ་༡༩༥༢)ས་ཁྱི་ལོ(༡༩༥༨)བར་སྤ་ཚང་གཏེར་ཆེན་གྱིས་དགོན་པའི་བསྟན་མཆོད་ཀྱི་འགན་ཁུར་མཛད་དེ་སྔར་བསྐྲུན་ཟིན་པའི་སྒྲུབ་ཁང་གི་ནང་རྟེན་བོན་སྐྱོང་སྲུང་མའི་ཕྱི་ནང་གསང་བའི་རྟེན་རྫས་རྣམས་ཚང་བར་བསགས་ཏེ་ཤིང་ཕོ་རྟ་ལོའི་བོད་ཟླ་བདུན་པའི་ཚེས་བཟང་པོ་ལ་སྲུང་མའི་སྐུ་གསོབ་དངོས་སུ་བཅིངས་པའི་འགོ་འཛུགས་སྟེ་སྒྲུབ་ཁང་གི་ལྷ་ཁྲི་དཀྱིལ་དུ་ཡི་དམ་གསས་མཁར་མཆོག་ལྔའི་སྲུང་འཁོར་དང་དབལ་གསས་དྲེགས་པ་ཟིལ་གནོན་གྱི་རྟེན་འཁོར་དང་རྟེན་གཏེར། རྟེན་རྫས་བཅས་བཀོད་པའི་གཏོར་སྒམ་དང་། དེའི་གཡས་སུ་རྨ་ཆེན་སྤོམ་ར་སོགས་བོན་སྐྱོང་ཕོ་རྒྱུད་ཀྱི་སྡེ་དང་། གཡོན་ཕྱོགས་སྲིད་རྒྱལ་དྲིལ་དམར་སོགས་མོ་རྒྱུད་ཀྱི་སྡེ་བཅས་སྐུ་གསོབ་རེ་རེ་བཞིན་སྤ་གཏེར་རངྞ་གླིང་པས་ཕྱག་ལེན་རྒྱུད་ཅིང་རྟེན་བཞུགས་དང་བཀའ་གཏད་རྗེས་གནང་མཛད་དེ་བླ་གྲྭ་བཅུ་ཡིས་ཡི་དམ་གསས་མཁར་མཆོག་ལྔ་དང་སྲུང་མ་སོ་སོའི་གཞུང་ཚོགས་བརྒྱ་སྟོང་གང་གྲུབ་བགྱིས་མཐར་སྒྲུབ་ཁང་ལྷ་མཆོད་ལ་རྒྱུན་དུ་སྒྲུབ་མཆོད་བྱེད་སྲོལ་སྔར་ལམ་བཞིན་རྗེས་གནང་མཛད་པའོ། ལོ་དེར་སྤ་ཉི་འབུམ་རིན་པོ་ཆེའི་ཡང་སྲིད་སྤ་སྤྲུལ་བསྟན་པ་རྒྱལ་མཚན་ནི་ཕྱོགས་མེད་བྱ་བྲལ་གྱི་རྟུལ་ཞུགས་འཛིན་ཏེ་བོན་རི་དང་དབུས་རི་སྟོད་གནས་གངས་རིན་པོ་ཆེ་སོགས་འཕགས་པའི་གནས་ཀུན་ལ་ཕེབས་ཤིང་སླར་ཆུ་སྟག་ལོ(སྤྱི་ལོ་༡༩༦༢)བོད་ཟླ་༢པའི་ཚེས་༢༠ལ(རྒྱ་གར་ས་གནས)མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་གཤེགས་སོ།།

  དེ་ནས་སྤ་ཚང་གཏེར་ཆེན་གྱིས་སྤ་གཡུང་དྲུང་འབྲུག་གྲགས་ཀྱི་སྐུ་གདུང་རྟེན་ཤེས་རབ་སྨྲ་བའི་སེང་གེའི་སྐུ་ཟངས་གསེར་ལ་བཟོས་པ་མཐོ་ཚད་གཞུང་འདོམ་བཞི་ཡོད་པ་ཞིག་བཞེངས་འགོ་འཛུགས་གནང་སྟེ་མེ་སྤྲེལ་ཟླ་ཚེས་བཟང་པོར་ལེགས་པར་གྲུབ་ནས་གསེར་གདུང་བཀྲ་ཤིས་སྒོ་མང་གི་གཡོན་ངོས་ཀྱི་དབུ་རྩེ་ཁང་དུ་ཁྲི་བཀོད་མངའ་དབུལ་མཛད། དེ་བཞིན་གཤེན་ལྷ་འོད་དཀར་དང་། རྒྱལ་བ་འདུས་པ་གཉིས(མཐོ་ཚད་ལ་གཞུང་འདོམ་གང་)གི་བཀྲ་ཤིས་སྒོ་མང་གི་གཡས་གཡོན་ལ་བཀོད་པའོ། འདི་ཡན་བསྟན་བཞེངས་རིམ་པར་མཛད་པའི་ཚུལ་བསྟན་པའོ། གཉིས་པར་བསྟན་པ་རྗེས་བཞག་མཛད་པ་ལ་གཉིས་ཏེ། དང་པོ་བཞེངས་གྲུབ་ཟིན་པའི་སྐུ་གཟུག་སྐུ་གདུང་གི་ཕྱི་ནང་བྱིན་རྫས་དངོས་རིགས་དང་། འདུ་འཚོགས་དུས་མཆོད་ཀྱི་གོ་རིམ་སྒྲིག་གཞི། རྒྱུན་སྤྱོད་མཆོད་ཆས་ཀྱི་རིགས་སོགས་ལ། དང་པོ་སྤ་དགོན་གདན་རབས་རིམ་བྱུང་གི་མཁན་པོ་ནི། གཡུང་དྲུང་ནམ་བཟང་དང་སྤ་གསལ་བ་རྣམ་གཉིས་ཏེ་ནམ་མཁའ་སྒྲོན་གསལ་དང་། ཉི་མ་འབུམ་གསལ། གཡུང་དྲུང་འབྲུག་གྲགས། སྤ་སྤྲུལ་བསྟན་པ་རྒྱལ་མཚན་བཅས་མཁན་རབས་ལྔ་དང་། གཏེར་ཆེན་ཡེ་ཤེས་གཡུང་དྲུང་རྣམས་ཀྱིས་བཞེངས་པའི་སྐུ་གཟུགས་དང་སྐུ་གདུང་དེ་རྣམས་ལ་དང་པོ་ནང་རྟེན་གཟུངས་བཞུགས་ནི་རྗེ་སྨན་རི་བའི་མཁན་ཆེན་མཁས་གྲུབ་ཉི་མ་བསྟན་འཛིན་གྱི་གཟུངས་རྫོང་རྒྱས་པའི་ཕྱག་ལེན་ཇི་ལྟ་བ་བཞིན་དང་(འོག་མ་ཀུན་ལ་བགྲོ) བྱིན་རྫས་ཁྱད་འཕགས་ཏེ། དང་པོ་ཏོག་ལ་སངས་རྒྱས་ཀྱི་སྐུ་བལ་རིང་བསྲེལ་གཅིག་དང་འཕེལ་གདུང་གཉིས། དེ་བཞིན་གཤེན་དང་གྲུ། ཞུ། སྤ། རྨེའུ། ཁྱུང་བཅས་གདུང་ཤ་རི་རམ་སོགས་རིང་བསྲེལ་དང་གལ་ཆེའི་བྱིན་རྫས་རྣམས་ནི་འདི་ལྟར་ཏེ། དང་པོ་འདུ་ཁང་ཆུང་བ་དང་། འདུ་ཁང་འབྲིང་བའི་སྦུག་མཇལ་ཁང་གཉིས་ཀྱི་ནང་། སྟོན་པ་གཉིས། མཆོད་རྟེན་གཉིས། རྣམ་རྒྱལ། བྱམས་མ་བཅས་ཀྱི་ནང་རྟེན་ལ་སྟོན་པའི་འཕེལ་གདུང་སྤ་གཡུང་དྲུང་རྒྱལ་པོའི་རིང་བསྲེལ་དེ་དང་འབྲེལ་བའི་གཏེར་སྟོན་བརྒྱ་རྩ་དང་། གཤེན་དང་གྲུ། ཞུ། སྤ། རྨེའུ། ཁྱུང་དང་ཞིག་པོ་བཅོ་བརྒྱད་སོགས་ཀྱི་སྒྲུབ་རྟེན་བྱིན་རྫས་གྱི་སྡེ་རྣམས་ནི། འཆི་མེད་ཡུམ་སྲས་གཤེན་གསུམ་གྱི་དམ་རྫས་རིལ་བུ་སོགས་བྱིན་རྫས་སྣ་བཅུ་གཉིས་དང་། སྦུག་མཇལ་ནང་གི་རྣམ་རྒྱལ་སྐུ་གཟུགས་ཀྱི་བང་མཛོད་ནང་དུ་འབྲུག་གི་སྦར་རྡོ་ཞེས་པ་རྡོ་སྨུག་བསེ་མུ་ཏིག་གི་འབྲུམ་བུ་ཡོད་པ་རྡོ་གཞན་ལས་ལྗིད་ཚད་ཆེ་བ་དེ་ཉིད་ནི་འདོད་འབྱུང་གི་ནོར་སྣ་རྩ་ཆེན་ཞིག་ཏུ་རྩི་གི་ཡོད། ཡང་སྨན་སྐུ་ཁང་གི་ནང་རྟེན་གཙོ་བཞི་དང་སྨན་ལྷ་མཆེད་བརྒྱད་བཅས་གཟུང་བཞུགས་དང་བྱིན་རྫས་ནི་གོང་འཁོད་ལྟར་ཡིན་ལ་ལོགས་སུ་མེད། ཡང་སྐུ་གདུང་ཁང་དང་གསས་མཁར་མཆོག་ལྔའི་ལྷ་ཁང་ནང་གི་གཤེན་ལྷ་འོད་དཀར། མཉམ་མེད་འདྲ་སྐུ། ཉི་འབུམ་འདྲ་སྐུ། དབལ་གཤེན་སྟག་ལྷའི་སྐུ། ཁྲོ་བོ་གཙོ་མཆོག ཕུར་པ་འབྲུག་གསས། གཏེར་སྲས་ཚེ་དབང་འགྱུར་མེད་ཀྱི་སྐུ་གདུང་། ཡང་སྐུ་གདུང་ཆ་བརྒྱད། སྐུ་གདུང་ཁང་གི་སྐུ་གདུང་རྣམ་གསུམ་བཅས(ནམ་མཁའ་སྒྲོན་གསལ། ཉི་མ་འབུམ་གསལ། ནམ་མཁའ་གཡུང་དྲུང་གསུམ་གྱི་སྐུ་གདུང་)ཀྱི་ནང་གི་བྱིན་རྫས་ནི་རྨེའུ་གཏེར་ཆེན་ཨོ་རྒྱན་བདེ་ཆེན་གླིང་པས་དབུས་ཕུག་གསང་བ་ཡང་རྫོང་ནས་སྤྱན་དྲངས་པའི་དེ་བཞིན་གཤེགས་པའི་སྐུ་བལ་རིང་བསྲེལ་དང་གསང་སྔགས་གླིང་པའི་གཏེར་བྱོན་སངས་རྒྱས་འཕེལ་གདུང་། དབུས་ཕུག་གཏེར་བྱོན་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱི་རིང་བསྲེལ་སོགས་བྱིན་རྫས་སྣ་དགུ་བཅུ་གོ་གསུམ་དང་སྟོད་མངའ་རིས་ཁྱུང་ལུང་གངས་དཀར། སྨད་རྒྱ་ནག་གླང་ཆེན་འགྱིང་རི། རི་བོ་རྩེ་ལྔ་སོགས་ས་རྡོ་ཆུ་ཤིང་སྣ་ཚོགས་ཚད་ཕུལ་ཡོད་ཅེས་སོ། དེ་འོག་གཙུག་ལག་ཁང་ཆེན་དང་། བཀྲ་ཤིས་སྒོ་མང་གཉིས་ཀྱི་ནང་གི་གསེར་གདུང་བདུད་འདུལ་སྒྲ་སྒྲོགས། རྣམ་པར་རྒྱལ་བ། སྟོན་པ་ལོངས་སྤྱོད་རྫོགས་སྐུ། གསེར་གདུང་བཀྲ་ཤིས་སྒོ་མང་། ཀུན་བཟང་རྒྱལ་བ་རྒྱ་མཚོ། ཤེས་རབ་སྨྲ་བའི་སེང་གེ། གཤེན་ལྷ་འོད་དཀར། རྒྱལ་བ་འདུས་པ་བཅས་རྟེན་མཆོག་དེ་རྣམས་ཀྱི་ནང་གི་གཟུངས་རྫོང་དང་བྱིན་རྫས་ནི་གོང་འཁོད་ལྟར་ཡིན་ལ་དེའི་ཁར་ཏོག་ལ་རངྞ་གླིང་པའི་གཏེར་བྱོན་གཤེན་རབ་བགྲང་ཕྲེང་དུམ་ཚལ་གཅིག སངས་རྒྱས་འཕེལ་དུང་གཉིས། ཉི་འབུམ་རིང་བསྲེལ་གསུམ་དང་། སྨྲ་སེང་། རྒྱལ་འདུས། གཤེན་ལྷ་འོད་དཀར་གསུམ་ལ་སྤ་འབྲུག་རིན་པོ་ཆེའི་རིང་བསྲེལ་བཞི་དང་། བྱིན་རྫས་གཞན་གྱི་ཁར་སྤ་གཏེར་རངྞ་གླིང་པས་དབུས་ཕུག་གསང་བ་ཡང་རྫོང་། གྱིམ་ཤོད་ཤེ་ལོ་རྒྱ་གར། སྤུ་རྒྱལ་ཆེ་ལུང་དཔལ་འབར། དབལ་བོན་རུ་ལག་ཤེ་རི་ཕྱུགས་མོ། ཡར་ལུང་ཤེལ་གྱི་བྲག་ཕུག་སོགས་ནས་གཏེར་དུ་དྲང་བའི་དམ་རྫས་བྱིན་རྟེན་དང་བཅས་སྐུ་གདུང་སྐུ་གཟུགས་རྟེན་གོང་འོག་རྣམས་ཀྱི་ནང་རྟེན་བྱིན་རྫས་ཀྱི་གྲངས་བརྒྱ་དང་ཉི་ཤུ་རྩ་བརྒྱད་དམ་བཀྲ་ཤིས་ཉི་མའི་གྲངས་སུ་ངེས་པ་ནི་རགས་བཤད་ཙམ་མོ། གཞན་ཡང་གཙུག་ལག་ཁང་གི་སྐལ་བཟང་སྟོང་སྐུ། མཆོད་རྟེན་བརྒྱ་དང་དྲུག་ཅུ་སོགས་ཀྱི་ནང་རྟེན་ལ་གོང་གི་གྲུ། ཞུ། སྤ། རྨེའུ་སོགས་ཀྱི་སྒྲུབ་སྨན་དང་གནས་བྱིན་ཅན་གྱི་གཏེར་གནས་ནས་ཐོན་པའི་ས་སྣ་རྩི་ཤིང་མེ་ཏོག་རིགས་དང་སྤ་གསལ་བ་རྣམ་གཉིས་ཀྱི་གདུང་ཐལ་རིལ་བུ་བཅས་ཕུལ་ཡོད། རྟེན་དེ་རྣམས་ཀྱི་ཕྱི་ཡི་ཕྲ་རྒྱན་གལ་ཆེའི་རིགས་ནི་དང་པོ་འདུ་ཁང་ཆུང་འབྲིང་དང་སྦུག་མཇལ་ཁང་གི་སྐུ་གདུང་སྐུ་གཟུགས་ཀྱི་ཕྲ་རྒྱན་ལ། དུང་ཆུང་གཡས་འཁྱིལ་དང་གཟི་བྱུར། གཡུ། མུ་མན། སྦུ་ལེན། ཤེལ་རིགས་སོགས་རིན་ཆེན་རྡོ་ཁམས་རིགས་དེ་རྣམས་ལྷ་ཡི་རིགས་ལྔ་དང་མགུལ་རྒྱན་ཁྲི་ཡི་གདོང་རྒྱན་བང་མཛོད་དང་། སྐུ་གདུང་གི་བྲེ་བུམ་གདོང་རྒྱན་བང་མཛོད་སོགས་ལ་ཕྲ་རྒྱན་རྣམས་ཆད་མེད་མཛེས་ལེགས་སུ་བཏབ་པའོ། དེ་འོག་སྐུ་གདུང་ཁང་གོང་འོག་ནང་གི་ཡི་དམ་ཁྲོ་ཕུར་སྟག་གསུམ་གྱི་སྐུ་བརྙན་དང་སྐུ་གདུང་མཆོད་རྟེན་རྣམས་ཀྱི་ཕྲ་རྒྱན་ལ་གཟི་ཆུ་མིག་ལྔ་པ་དང་གསུམ་པ། གཉིས་པ། སྟག་ལོག་སོགས་གཟི་བཞི་བཅུའི(སྔོན་མའི་རྩིས་སྤྲོད་ཐོ་དེབ་བཞིན)སྐོར་དང་། དེ་བཞིན་གཡུ་བྱུར་དང་། སྤོས་ཤེལ། པད་རག འབྱུང་ལྔའི་ཕ་ལམ་གྱི་རིགས། ཕྲ་མན་དང་མཆོང་དཀར་སྨུག་དམར་སོགས་བུམ་ལྷའི་རྒྱབ་ཡོལ་ལ་ཕྲེང་ཞགས་ཕྱི་ནང་གཉིས་རེ་དང་། ལྷའི་རིགས་ལྔ་སྙན་རྒྱན་མགུལ་རྒྱན། ཕྱག་ཞབས་གདུ་བུ། འདོང་རྒྱན་བང་མཛོད་རྣམས་ལ་གཡུ་བྱུར་གཡང་ཊི་མ་ན་ཧུང་སོགས་རིན་ཆེན་རིགས་ཀྱི་ཕྲ་ཚོམ་གྲངས་མང་གཏམས་པའོ། ཁྱད་པར་བྱུ་རུའི་ཐང་ཤིང་ངམ་སྲིན་མོའི་ལག་གཡས་ཞེས་པ་ཡལ་ག་ལྔ་ལྡན་དང་། དམར་རྩའི་དྲེད་གཡུ་ཞེས་པ་གཡུ་རྙིང་ལྗང་ནག་གླང་ཆེན་མཆེ་བའི་དབྱིབས་ཅན་སྲེད་ལ་མཛུབ་གང་དང་ཞིང་ལ་ཚོན་གང་ཡོད་པ་དེ་ཉིད་ས་བདག་གི་སྙིང་ནོར་ཞིག་ལ་བརྩི་གི་ཡོད། དེ་གཉིས་ནི་གཡུང་དྲུང་བཀོད་ལེགས་ཀྱི་བང་མཛོད་དང་གདོང་རྒྱན་ལ་ཕྲ་བཏབ་ཡོད། དེ་འོག་གཙུག་ལག་ཁང་དང་ལྷ་ཁང་བཀྲ་ཤིས་སྒོ་མང་ཟུང་གི་སྐུ་གདུང་སྐུ་གཟུགས་ཀྱི་ཕྲ་རྒྱན་ནི། དང་པོ་བདུད་གདུལ་སྒྲ་སྒྲོག་གི་བུམ་ལྷའི་ཐུག་ཁར་རངྞ་གླིང་པའི་གཏེར་བྱོན་གཤེན་རབ་བགྲང་ཕྲེང་སྡོག་བཅུ་གསུམ་དང་། གནམ་སྲས་གཟི་དམར་སོགས་གཟི་བྱུར་སྤེལ་མའི་ཕྲེང་ཞགས་དང་བུམ་ལྷའི་རིགས་ལྔ་དང་སྙན་རྒྱན། མགུལ་རྒྱན་རྣམས་ལ། ཨརྱ་པུག་གཟི་རིལ་གཡུ་བྱུར་མུ་ཏིག་གི་ཕྲ་རྒྱན་དང་བུམ་བྲེ་གདུང་ཆེན་བང་མཛོད། རླུང་དཀྱིལ་བཅས་ཀྱི་ཕྲ་རྒྱན་ལ། གཡུ་དང་བྱུར་ཆེན། ཨཎྜ་ནི་ལ། མ་ན་ཧོ། མུ་མན། བྱུར་དཀར། སྤོས་ཤེལ། པད་རག མཆོང་རིགས་སོགས་དང་། དེ་བཞིན་གཤེན་རབ་རྣམ་པར་རྒྱལ་བ། སྟོན་པ་ལོངས་སྤྱོད་རྫོགས་སྐུ་གཉིས་ཀྱི་མགུལ་རྒྱན་རིགས་ལྔ་ཁྲི་ཡི་གདོང་རྒྱན་བང་མཛོད་ས་འཛིན་བཅས་ལ་ཕྲ་རྒྱན་གོང་བཞིན་གཅིག་མཚུངས་ཡིན་པ་མ་ཟད་རངྞ་གླིང་པའི་གཏེར་བྱོན་ནོར་སྣ་བཅུ་གསུམ་གྱི་གྲལ་དུ་གཏོགས་པའི་བདུད་འདུལ་སྒྲ་སྒྲོག་གི་བང་མཛོད་ཀྱི་དཀྱིལ་དུ་མུ་ཏིག་ལས་གྲུབ་པའི་ཀླུ་ནོར་དུང་གཟུགས་གཡས་འཁྱིལ་དང་། རྣམ་པར་རྒྱལ་བའི་དོ་ཤལ་ཀྱི་དཀྱིལ་དུ་ནོར་བུ་དགའ་བ་གཡས་འཁྱིལ། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་མགུལ་རྒྱན་བར་མའི་དཀྱིལ་དུ་རྡོ་རྗེ་ཕ་ལམ་མཛུབ་གང་བ་བཅས་རྩ་ཆེའི་ནོར་སྣ་དེ་རྣམས་ནི་གཙུག་ལག་ཁང་གི་སྐུ་གདུང་གི་ཕྲ་རྒྱན་ནོ།།

  གསེར་གདུང་བཀྲ་ཤིས་སྒོ་མང་ཞེས་པ་རི་བོའི་གཏོས་དང་མཚུངས་པའི་བདེ་བར་གཤེགས་པའི་གཞལ་ཡས་ཁང་གི་བཀོད་དབྱིབས་ལྟ་བུ་སྣང་ཞིང་ནམ་མཁའ་སོགས་འབྱུང་ལྔའི་ཁྲི་འཕང་དང་(རླུང་དཀྱིལ་ལ་ཆ་ཆེན་སུམ་ཅུ་སོ་གཉིས་ཡོད)དེའི་སྟེང་དུ་གཞལ་ཡས་ཁང་གི་ཕྱོགས་རེར་སྒོ་གམ་གསས་ཁང་བཅུ་དྲུག་རེ་ཕྱོགས་བཞི་བསྡོམས་པས་དྲུག་ཅུ་རེ་བཞིའི་ནང་དུ་ཁྲོ་བོ་དབང་ཆེན་གྱི་ལྷ་འཁོར་དང་སྒོ་སྟེང་ཁ་པད་དར་ཁད་སོགས་སུམ་གཉིས་སུམ་གཉིས་ཕྱིར་འཕར་བའི་གོང་མ་ཙི་པིར་གྱི་ཁ་ནས་རིན་ཆེན་གཡུ་བྱུར་མུ་མན་མུ་ཏིག་སོགས་ཀྱི་ཕྲེང་ཞགས་ཀྱི་ཟར་ཚགས་ཕྱོགས་བཞིར་འཁོར་ཞིང་གསེར་དངུལ་གྱི་གཡེར་ཁ་དང་དྲིལ་ཆུང་རིན་ཆེན་འཕྱང་འཕྲུལ་སོགས་ཀྱི་རྒྱན་པའོ། དེའི་སྟེང་སྒོ་བབས་དང་བསྟུན་པའི་སྒོ་རྒྱན་མཆོད་རྟེན་དྲུག་ཅུ་རེ་བཞི་ཡོད། དེའི་སྟེང་ཕོ་བྲང་ལ་གཞལ་ཡས་ཀྱི་གསས་ཁང་ངོ་ཕྱོགས་རེར་སྒོ་བརྒྱད་རེ་བསྡོམས་སུམ་ཅུ་སོ་གཉིས་ལ་རྣམ་དག་ཡེ་ཤེས་ཀྱི་ཡུམ་སུམ་ཅུ་སོ་གཉིས་ལྷར་བཀོད་པ་དང་སྒོ་ལ་རིགས་རྟགས་ཀྱི་དྲྭ་མིག སྟག་གཡག་འབྲུག་ཁྱུང་གི་ཡ་གད་དང་བྱ་འདབ་ལ་ནོར་བུའི་གདོང་འབུར་དང་སྒོ་བྱན་ལ་མཆོད་རྟེན་སུམ་ཅུ་སོ་གཉིས་དང་དེའི་སྟེང་རྟ་བབས་ཁྲི་འཕང་བཅུ་གསུམ་དང་མགུལ་ཆུ་ཡན་ལ་མཆོད་རྟེན་སྤྱིར་མཚུངས་ཀྱང་བུམ་པའི་ཕྱོགས་རེར་སྒོ་གསུམ་རེ་བརྩིས་པའི་གསས་ཁང་རྒྱ་ཕིབས་གཉིས་ལྡན་ཡོད་པ་བཅུ་གཉིས་དང་བུམ་ལྷ་ནི་ཀུན་བཟང་རྒྱལ་བ་འདུས་པའི་སྐུ་དང་གསས་ཁང་ནང་དུ་ཡེ་ཤེས་བཅུ་གསུམ་གྱི་ལྷ་བཀོད་པའོ། དེའི་བུམ་ལྷའི་རྒྱབ་ཡོལ་དང་རིགས་ལྔ་མགུལ་རྒྱན་བུམ་བྲེ་གདོང་རྒྱན་ས་འཛིན་བཅས་ལ་ཕྲ་རྒྱན་ནི་གཡུ་བྱུར། མུ་མེན། དུང་ཤེལ། སྦུར་ལེན། ཛུས་གཡང་ཊི་སོགས་སྔར་བཞིན་དང་། གསེར་གདུང་དེའི་གཡས་གཡོན་དུ་ཀུན་བཟང་རྒྱལ་བ་རྒྱ་མཚོ། ཤེས་རབ་སྨྲ་བའི་སེང་གེ་གཉིས་ཀྱི་རིགས་ལྔ་མགུལ་རྒྱན་སོགས་གོང་གི་སྐུ་གདུང་རྣམས་དང་གཅིག་མཚུངས་ཡིན་པའི་ཁར་གཏེར་གྱི་ནོར་སྣ་བཅུ་གསུམ་གྲལ་ཀོང་བཟའ་ཁྲི་ལྕམ་གྱི་གཙུག་གཡུ་ཞེས་པ་གཡུ་སྤྱང་མིག་མེད་ནོར་བུའི་དབྱིབས་ཅན་མཐེ་བོང་ཙམ་ཡོད་པ་དེ་སྨྲ་སེང་གི་རིགས་ལྔའི་གཙུག་དཀྱིལ་དང་། གཏེར་གཟི་ཆུ་མིག་དགུ་པ་ནི་མགུལ་རྒྱན་གྱི་དཀྱིལ་དུ་ཕྲ་རྒྱན་བཏབ་པ་དང་། ལྷ་ཁང་དེའི་གསེར་གདུང་གི་གཡས་གཡོན་དུ་གསེར་ཐང་ཆེ་བ་རེ་དང་ནང་གི་ཤར་ནུབ་ཀྱི་དྲ་མིག་སྟེང་དུ་ཕྱི་རྒྱུད་ཆོ་ག་བཅུ་གཉིས་སོགས་གྱི་གསེར་ཐང་འཁོར་གཤམས་བྱས་པ་ཡོད། སྒྲུབ་ཁང་ཐོག་གི་བོན་སྐྱོང་སྲུང་མའི་སྐུ་གསོབ་དང་སྤྱན་གཟིགས་གོ་ཆ་སོགས་སྐུ་བརྙན་གྱི་སྡེ་སྐོར་རྗེས་བཞག་གནང་བ་དེ་ལྟར་རོ། གོང་གི་ལྷ་ཁང་ཆེ་ཆུང་དགུ་ཡི་ནང་ལ་མཆོད་མེ་རྒྱུན་འབར་གྲངས་བཅུ་གཉིས་ཡོད། གཉིས་པ་གསུང་རབ་སྐོར། སྤ་ཉི་མ་འབུམ་གསལ་གྱི་བཞེངས་པའི་བཀའ་འགྱུར་དང་རྟེན་འགྱུར་རྣམས་ནི་དང་པོ་མདོ་སྡེ་པོད་ལྔ་བཅུ་ང་ལྔ་དང་། འབུམ་སྡེ་པོད་བདུན་ཅུ་དོན་བདུན། སྔགས་སྡེ་པོད་ཉི་ཤུ་རྩ་གཅིག སེམས་སྡེ་པོད་གསུམ་བསྡོམས་པོད་བརྒྱ་དང་ལྔ་བཅུ་ང་དྲུག བརྟེན་འགྱུར་ལ་སྤང་ལམ་མདོའི་སྡེ་ལ་གཏོགས་པའི་པོད་སུམ་ཅུ་སོ་བཞི། བསྒྱུར་ལམ་སྔགས་གྱི་མདོ་ལ་གཏོགས་པའི་པོད་བརྒྱ་དང་བདུན་བཅུ་དོན་གཅིག གྲོལ་ལམ་སེམས་ཀྱི་མདོ་ལ་གཏོག་པའི་པོད་སུམ་ཅུ། ཞར་བྱུང་བཀའ་གཏེར་ཚད་མར་གྲུབ་པའི་གསར་བོན་བསྐོར་པོད་ཞི་བཅུ་ཐམ་པ། རིག་གནས་པོད་བརྒྱད། བཀྲ་ཤིས་སྨོན་ལམ་སྒྲིག་རིམ་རྣམས་པོད་གཅིག་བཅས་པོད་ཉི་རྒྱ་བརྒྱད་བཅུ་གྱ་བཞི་དང་བཀའ་བརྟེན་ཕྱོགས་བསྡུས་ཀྱི་པོད་གྲངས་༤༤༠དང་། བདེ་ཆེན་གླིང་པས་མཛད་པའི་བཀའ་འགྱུར་གྱི་དཀར་ཆགས་སྲིད་པའི་སྒྲོན་མེ་དང་། གཡུང་དྲུང་འབྲུག་གྲགས་ཀྱིས་མཛད་པའི་བཀའ་རྟེན་གྱི་རྩིས་བརྒྱ་རྟ་བདུན་དབང་པོ་གཉིས་ལ་པོད་གཅིག་བཅས་འདུ་ཁང་འབྲིང་པའི་སྦུག་མཇལ་ཁང་གི་ལྷོ་བྱང་གཉིས་ཀྱི་བཀའ་རྟེན་གཤམ་ཡུལ་གྱི་དྲྭ་མིག་ཏུ་བཞུགས་སོ། ཤེར་ཕྱིན་མཐའ་དཔྱོད། སྡུད་གྲ་རིགས་ལམ་ཆེ་ཆུང་གི་རྣམ་བཞག་ཚད་མ་རྣམ་འགྱེད། ས་ལམ་འཕྲུལ་སྒྲོན། འདུལ་བ་མདོར་བསྡུས་བཅས་ཀྱི་པར་ཤིང་ནི་འདུ་ཁང་ཐོག་འཁོར་ཀྱི་གཡས་གཡོན་དུ་བཞུགས་སོ། དེ་འོག་སྤ་གཡུང་དྲུང་འབྲུག་གྲགས་ཀྱིས་བཞེངས་པའི་བཀའ་འགྱུར་པོད་བརྒྱ་དང་ལྔ་བཅུ་ང་དྲུག་ཡོད་པ་མ་ཟད་དེའི་སྟེང་སྤ་ཚང་གཏེར་ཆེན་གྱིས་བསམ་ཡས་ཅ་ཏི་དམར་པོ་ནས་གཏེར་དུ་དྲངས་བའི་བྱམས་མ་འབུམ་ལྔའི་ཤོག་སེར་ལས་ཕབ་པའི་ཡེ་ཤེས་བཀོད་པ་དོན་གྱི་འབུམ་ལ་པོད་དྲུག་ཅུ། རྣམ་དག་འདུལ་བ་ཁྲིམས་ཀྱི་འབུམ་ལ་པོད་བརྒྱད་བཅས་གོང་གི་འབུམ་སྡེ་པོད་བདུན་ཅུ་དོན་བདུན་དང་བསྡོམས་པས་འབུམ་སྡེ་ལ་པོད་༡༤༥དང་མདོ་སྔགས་སེམས་སྡེ་བཅས་ཁྱོན་བསྡོམས་བཀའ་འགྱུར་པོད་ཉི་རྒྱ་ཉི་ཤུ་རྩ་བཞི་ཡོད་པ་དེ་ལྷ་ཁང་བཀྲ་ཤིས་སྒོ་མང་གི་ཤར་ནུབ་ཀྱི་དྲྭ་མིག་ལ་བཀོད་པར་བྱའོ། (གཡུང་དྲུང་སེམས་དཔའ་ལམ་གྱི་འབུམ་དང་དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་གཉིས་ནི་ཤོག་སེར་ལས་ཕབ་ཟིན་ཀྱང་པོ་ཏི་འབྲི་རྒྱུ་དངོས་སུ་བྱུང་མེད་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་ནི་གཤེན་གཏེར་དང་གཅིག་མཚུངས་ཡིན་པས་ཤོག་སེར་ལས་ཕབས་མེད)གཉིས་པ་འདུ་འཚོགས་ཀྱི་སྒྲིག་གཞིའི་སྐོར་ལ། དང་པོ་ལོ་རེའི་ཟླ་བ་སོ་སོའི་དུས་ཚིགས་དང་བསྟུན་པའི་དུས་མཆོད་ཀྱི་མཆོད་བཟོའི་སྟ་གོན་དང་བཅས་ཉིན་གྲངས་བརྒྱ་དང་བཅོ་ལྔའམ་བཅོ་བརྒྱད(དགེ་བཤེས་གསར་བཞེངས་ཡོད་སྐབས་ཉིན་གསུམ་འཕར)ཡོད་དེ་ལོ་སྔོན་མའི་བོད་ཟླ་༡༢པའི་ཚེས་༢༣་ནས་༢༩བར་དགུ་གཏོར་ཆེན་མོ་ཞེས་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་དང་སྦྲགས་ཚེས་༢༩ལ་དགྲ་ཆོས་ཞེས་གཡག་རུ་འདེད་སྲོལ་ཡོད་པས་ཨར་ལུང་སྲིབ་གསུམ་གྱི་ཡུལ་དམག་གསུམ་མམ་བཞིའི་བར་ལོ་རེས་མོས་ཀྱི་ཡོང་སྲོལ་ཡོད། ཚེས་༣༠ལ་ནང་མོ་གསོ་སྦྱོང་དང་ལྟུང་བཤགས་འཚོགས་སྲོལ་ཡོད་པ་དང་། བོད་ཟླ་༡པོའི་ཚེས་༡ཉིན་ལོ་གསར་དགྱེས་སྟོན་གྱི་མཛད་སྒོ་གཉེར་དགོས་ཏེ། སྤྱི་གཉེར་ནས་ཇ་མར། རྩམ་པ། གྲོ། ཤ། གྲོ་མ་བཅས་གྲ་སྒྲིག་བྱས་ནས་ལས་སྣེ་དང་གྲ་ཚང་ཐུན་མོང་ལ་རང་བབས་དང་བསྟུན་པའི་ཇ་ཐེངས་བཞི་པ་ཡན་ལ་ལོ་གསར་སྟོན་སྒོ་ཚར་བར་བྱེད་དགོས། འདི་ཉིན་དང་ཚེས་༢ལ་ལྟུང་བཤགས་དྲི་མེད་མཆོག་བྱང་དང་ཚེས་༣ལ་མེ་ཏོག་མཆོད་པ། ཚེས་བཞི་དང་ལྔ་གཉིས་ལ་རྒྱལ་བ་སྨན་རི་བའི་ལྔ་མཆོད་དང་འབྲེལ་ཚེས་ལྔའི་ཇ་ཐེངས་གསུམ་པའི་ཐོག་འཚོགས་ཆེན་དགེ་བསྐོས་ཀྱིས་རྣམ་དག་འདུལ་བ་དང་བསྟུན་པའི་བཅའ་ཡིག་པད་དཀར་ཆུན་པོའི་དབུ་ནས(མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱི་བརྩམས་པའི་འདུལ་ཁྲིམས་བཅའ་ཡིག)མཇུག་བར་བཀླགས་ཏེ་ལོ་དེའི་ཕྱི་ནང་བར་གསུམ་གྱི་སྒྲིག་ཁྲིམས་རྣམས་གསལ་གདབ་ཀྱི་ཚུལ་དུ་བསྐྱར་བསྒྲགས་གནང་བ་དང་འབྲེལ་སྐབས་སུ་བབས་པའི་སྒྲིག་འགལ་ཕྲ་རགས་དང་བསྟུན་པའི་ཐག་གཅོད་བྱེད་པའི་ལུགས་སྲོལ་ཡོད། ཚེས་༦ནས་༩བར་མེ་ཏོག་མཆོད་པ་དང་ཚེས་༡༠ནས་༡༦བར་ཨ་དཀར་བུམ་སྒྲུབ་བདུན་ཕྲག་གཅིག་དང་སྦྲགས་ཚེས་བཅོ་ལྔ་ཉིན་རྣམ་འདྲེན་དམུ་རྒྱལ་སྲས་ཀྱི་འཁྲུངས་མཆོད་འབུལ་དགོས་པ་སྟེ། བཅོ་ལྔ་མཆོད་པ་ཞེས་གཙུག་ལག་ཁང་གི་ཕྱི་ཁྱམས་བར་སྐོར་དུ་མར་མེ་གཙོ་བོ་བྱས་པའི་རྣམ་ལྔའི་མཆོད་པ་དང་། གཤེན་སྐུ་གཙོ་བོའི་རྟེན་གསུམ་དང་། ཚོགས་རྫས་དངོས་གྲུབ་རྣམས་བཤམས་བཀོད་ལེགས་པར་གྲུབ་ནས་བར་ཁྱམས་ཀྱི་ནུབ་སྒོ་ནས་ཤར་སྒོའི་བར་དུ་གྲྭ་ཚང་རྣམས་གླིང་སོ་སོ་ལྟར་རང་རང་སྡོད་གནས་སར་འཚོགས་སྲོལ་ཡོད། བོད་ཟླ་༢པའི་ཚེས་༩ནས་ཚེས་༡༨བར་མཁའ་ཀློང་གསང་མདོས་ཉིན་བཅུ་དང་། ཟླ་བ་༣པའི་ཚེས་༢ནས་ཚེས་༡༧བར་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་དབང་འཆམ་དང་བཅས་ཉིན་༡༦ མཇུག་ཏུ་མཚན་ཉིད་དམ་བཅའ་གཅིག བོད་ཟླ༥པའི་ཚེས་༡ནས་ཚེས་༡༥བར་མཚན་ཉིད་ཆོས་ར་ཉིན་༡༥དང་དམ་བཅའ་ཐེངས་གསུམ། བོད་ཟླ་༦པའི་ཚེས་༡༠ནས་ཚེས་༢༡བར་དབྱར་གནས་ཉིན་༡༢ཡོད། དམ་བཅའ་གཅིག(དགེ་བཤེས་གསར་བཞེངས་ཀྱི་མཛད་སྒོ་ཉིན་གསུམ་ཡོད་པས་ཉིན་༡༥)བོད་ཟླ་༧པའི་ཚེས་༢ནས་༡༥བར་དང་(ཡིས་ཐ་དཔོན་ཚང་གི་ཕུར་ནག་སྒྲུབ་ཆེན་འཚོག་དགོས་མིན)ལོ་ཡ་ཚེས་༩ནས་ཚེས་༢༢བར་ཞི་ཁྲོ་ཉིན་༡༤དམ་བཅའ་གཅིག བོད་ཟླ་༨པའི་ཚེས་༩ ནས་༡༧བར་སྟོན་ཀའི་བུམ་སྒྲུབ་ཅེས་པའི་དུས་ཆེན་དེར་དབང་དང་གར་འཆམ་ཉིན་༣ཡོད། དམ་བཅའ་གཅིག བོད་ཟླ་༡༠པའི་ཚེས་༡ནས་ཚེས་༡༠བར་མཚན་ཉིད་ཆོས་རྭ་ཉིན་༡༠དང་དམ་བཅའ་གཅིག བོད་ཟླ་༡༡ཚེས་༢༥ནས་ཚེས་༢༩དགུ་གཏོར་ཆུང་བ་ལ་སྟག་ལའི་ལས་མཐའ་ཉིན་༥བཅས་ལོ་༡གི་ཟླ་བ་༡༢དུས་མཆོད་དེ་ལྟར་ཡིན་པར་མ་ཟད་མི་ཤི་བསྔོ་རྟེན་གྱི་མཆོད་ཡོན་ཞེས་པ་མེ་ཏོག་མཆོད་པ་སྦྱིན་བདག་རེས་ཉིན་འཚོགས་གཅིག་དང་གཉིས་སོགས་སྔོན་སྨོན་མང་ཇ་བཅས་འབྱོར་པ་ཆེ་ཆུང་འཚམ་པའི་འབུལ་འབྲེལ་ནི་ལོ་རེར་ཉིན་གྲངས་ངེས་མེད་ཡིན་པས་སོ། ཡང་ལོ་གསུམ་བཞིའི་བར་ཁྲོ་ཕུར་གྱི་སྒྲུབ་ཆེན་བདུན་ཕྲག་གཉིས་གསུམ་བར་ནི་བླ་མ་དང་སེར་སྐྱ་འབྱོར་ལྡན་ཁག་གིས་སྦྱིན་བདག་དོན་སྲོལ་ཡོད། དེ་ལྟ་བུའི་དུས་མཆོད་དང་སྒྲུབ་ཆེན་མཆོད་ཡོན་བཅས་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་བར་དུ་གནས་པ་རེད། ལྷ་རྫས་མཆོད་ཆས་ཀྱི་སྐོར་ལ། (༡)གཙུག་ལག་ཁང་སོགས་ལྷ་ཁང་ཁག་གི་ནང་དུ་རྒྱུན་བཤམ་མཆོད་ཆས་ཀྱི་རིགས་ནི་མར་རྒྱ་བཞི་རེ་འགྲོ་བའི་དངུལ་རྐོང་ཆ་༡༠འབྲུ་ཡ་རེ་འགྲོ་བའི་དངུལ་གྱི་མཎྜལ་ལ་གསེར་གྱི་རྟགས་བརྒྱད་སྤྲས་པ་ཆ་ལྔ། དེ་བཞིན་འཇོང་དང་ལི། སྟོང་། རག་སོགས་མཆོད་རྐོང་ཏིང་ཕོར་བཅས་ལྷ་ཁང་སོ་སོའི་ནང་དུ་མཆོད་བཤམ་ལྡང་ངེས་ཡོད། (༢)རྒྱུན་འཚོགས་དང་སྒྲུབ་ཆེན་གྱི་མཆོད་ཆས་ནི། དང་པོ། འདུ་ཁང་ནང་གི་བཤམ་བཀོད་བྱེད་རྒྱུ་ནི། རྒྱ་ནག་ཚེམ་དྲུབ་ཀྱི་གོས་ཐང་ཆེ་བ་དང་། ཀ་འཕན་རྒྱལ་མཚན་བླ་བྲེ། དཀྱིལ་འཁོར་པར་རྒྱན་སྒོ་རྒྱན་དང་། དཀྱིལ་འཁོར་ཕྱོགས་བཞི་དངུལ་རྐོང་ཆེ་བ་ལྔ་དང་མཚམས་བཞི་ལ་དངུལ་གྱི་མཎྜལ་ཆེ་བ་བཞི། དངུལ་གྱི་ཐོད་ཕོར་ཆ་གཅིག་དང་ཕྱི་རྐོང་སོགས་མཆོད་བཤམ་རྒྱན་རྫས་ཀྱི་རིགས་བཅས་གང་འཚམ་ཡོད། (༣)རོལ་མོ་འབུད་དཀྲོལ་གྱི་རིགས་ནི། དང་པོ་གཙུག་ལག་ཁང་ཆེན་ནང་དུ་རྔ་ཆེན་སྲིད་གསུམ་ཀུན་གྲགས་ཞེས་ཆ་གཅིག་དང་། གཤང་ཆེན་བཞི། རོལ་མོ་སྟོང་གསུམ་འུར་འདར་སོགས་ཆེ་ཆུང་བཞི་ཅུ་ཞེ་ལྔ། རྒྱ་རྔ་སྣང་སྲིད་ཟིལ་གནོན་སོགས་རྒྱ་རྔ་བཅུ་བཞི། འཚོགས་དུང་དཀར་མོ་རྒྱང་གྲགས་སོགས་དུང་དཀར་ཆ་དྲུག དངུལ་རྒྱ་སྲང་དྲུག་བརྒྱ་སུམ་ཅུ་རེར་བཟོས་པའི་དུང་ཆེན་ཆ་གཉིས་དང་། བསྡོམས་ཆ་ལྔ། གསེར་གླིང་དང་། དངུལ་གླིང་གསེར་གྱི་ཚིག་ཁེབ་ཅན་བཅས་རྒྱ་གླིང་ཆ་ལྔ་དང་། (༤)གར་འཆམ་གྱི་ཆས་རྒྱན་སྐོར་ལ། ཞྭ་ནག་ལ་དངུལ་གྱི་ཐོད་སྐམ་དང་ཟངས་གསེར་མེ་རིའི་རྩེ་བརྒྱན་ཅན་བཅོ་བརྒྱད་དང་། དངུལ་གྱི་རིགས་ལྔ་ལ་རིན་ཆེན་རྩེ་བརྒྱན་སྟོང་སྐུད་ཀྱི་སྐྲ་ལོ། བ་སོའི་ཐོད་ཌར། ཟ་འོག སྟོད་པང་བཅས་དང་། གོས་བེལ་རྒྱན་བཞི། མ་ནུ་འབྲུག་ཆེན། པད་མ་ཅན་ལྡན་སོགས་རྒྱ་ནག་གོས་ཆེན་གྱི་བེར་ཆ་བཞི་བཅུའི་སྐོར་དང་(སྔར་གྱི་རྩིས་སྤྲོད་ཐོ་དེབ་དང་འཚམ་པའི་ཅ་དངོས་རྩ་ཆེའི་རིགས་མ་གཏོགས་ཕྲན་ཚིག་རིགས་ཚུད་མེད)གར་འཆམས་ལ་དགོས་པའི་ཞལ་འབག་དང་ཕྱག་ཆ་སོགས་ཆ་ཚང་ཡོད། གཞན་ཡང་དགོན་གྱི་ཇ་མཛོད་ཁང་དང་མགྲོན་འགྲེམ་སྣེ་ལེན་གྱི་ཅ་དངོས་རིགས་ནི། དང་པོ་ཁྲོ་ཟངས་ལྔ་བཅུའི་སྐོར་དང་། སྐྱོགས་ཀྱི་རིགས། འཁར་རྐྱན། མེ་ར། སྒྲོག་རྩེ། དཀར་ཡོལ། གསེར་པར། སྡེར་མ། ཟ་གཞོང་སོགས་སྣོད་ཆས་རིགས་དང་གནམ་ཡོལ་བར་རྒྱན། ས་གདན། འབོལ་གདན། རུམ་གདན། ཁ་གདན། ཕྲུགས་གདན། ཐག་གདན་སོགས་གདན་ཆས་ཀྱི་རིགས་བཅས་གང་ལ་གང་དགོས་འཚམ་པར་ཡོད།

  ༄༅། །གསུམ་པ་སྲིད་འཛིན་སྒྲིག་གཞིའི་སྐོར་ལ། དང་པོ་གྲྭ་རྒྱུན་ཡོངས་ཁུངས་ནི། ཧོར་ཡིས་ཐ་སྡེ་ཤོག་ཕྱེད་བརྒྱད་ཡོད་པའི་སྟོད་ཤོག་གསུམ་གྱི་གྲྭ་རྒྱུན་ལུང་དཀར་དགོན་ལ་འགྲོ་དགོས་པ་ཕུད། སྨད་ཤོག་ཕྱེད་ལྔའི་གྲྭ་རྒྱུན་ནི་སྤ་ཚང་དགོན་ལ་གནས་དགོས་པར་བརྟེན་ཐེམ་དུད་རེ་རེ་བཞིན་བུ་༢ཡོད་ཚེ་གཅིག་ནི་དགོན་པའི་གྲྭ་པ་དང་། གཅིག་ནི་སྐྱ་སར་ཁྲལ་དུད་ཀྱི་རྐང་འཛིན་བྱེད་དགོས་པའི་ལམ་སྲོལ་དང་། བུ་གཅིག་ལས་མེད་ཚེ་སྐྱ་སར་ཁྲལ་རྐང་འཛིན་པ་ལས་གྲྭ་རྒྱུན་འགྲོ་མི་དགོས། དགོན་དུ་ཡོད་པའི་གྲྭ་པ་དེ་ཉིད་དགོན་གནས་ནས་ཁ་བྲལ་ཏེ་སྐྱ་སར་བབས་ཚེ་གྲྭ་ཚབ་གསར་སྒྲིག་བྱེད་དགོས་པ་དང་(སྒྲིག་བཤགས་ཞེས་རྒྱུ་དངོས་ཀྱང་འབུལ་དགོས)རང་ཚང་ལ་བུ་མེད་ན་གཞན་སར་ཐབས་ཤེས་ཀྱི་གྲྭ་ཚབ་སྒྲིག་དགོས། བུ་ཚ་མང་པོ་ཡོད་པའི་ཐེམ་དུད་གཅིག་གིས་གྲྭ་པ་གཉིས་གསུམ་སོགས་རང་མོས་དང་། ཁྲལ་ཁོངས་མེད་པའི་རང་ཁོངས་དབུལ་དུད་ཀྱིས་གྲྭ་པ་རང་མོས་ཞུགས་ཆོག་པ་མ་ཟད་གཞན་ཕྱོགས་གྲྭ་པའམ་ཞུགས་ཆོག གོང་གི་ཁྲལ་དུད་རེར་གྲྭ་པ་རེའི་གྲྭ་འགྲམ་བཞི་རུའི་ཁྲལ་ཆག་ཡང་བྱེད་སྲོལ་ཡོད། སྲིད་དབང་སྒྲིག་གཞིའི་དངོས་ནི་སྤྱིར་དགོན་པ་རང་ཉིད་ནི་ཁྲིམས་སྒོ་རང་བཙན་ཡིན་པས་སྐྱ་ས་སེར་ལམ་གང་གིས་ཀྱང་དགོན་པའི་བཅའ་ཁྲིམས་དང་འགལ་བར་བྱུང་ཚེ་ཁྲིམས་འགལ་ཆེ་ཆུང་དང་འཚམ་པའི་ཐག་གཅོད་བྱེད་ཆོག

  དགོན་གྱི་སྒྲིག་གཞི་དངོས་ལ། དགོན་བདག་མཁན་པོའམ་བླ་མ་ནི་སྤ་ཚང་དགོན་ཞེས་པའི་ཐ་སྙད་ལ་སྦྱར་ནས་སྤ་ཚང་བླ་མས་བྱེད་དགོས་ཏེ། དེའི་ཚུལ་ནི་བླ་མ་སྦྲ་ནག་དང་ཡབ་ཚང་གཉིས་ཀྱི་ཁྱིམ་དེ་རང་ལ་འཁྲུངས་པའི་སྲས་གང་ཞིག་ལ་མཁན་པོ་གོང་མའི་རྟགས་ལུང་བཞིན་ཁྲི་བཀོད་བྱེད་སྲོལ་ཡོད། མཁན་པོའི་འགན་དབང་ནི་བསྟན་སྲིད་ཉི་ཟླ་ཟུང་འབྲེལ་ཞེས་པ་བསྟན་སྲིད་ཀྱི་བྱ་བ་གལ་ཆེའི་རིགས་ལ་དགོན་གྱི་མཁན་པོ་དང་ཡིས་ཐ་དཔོན་ལྡིང་ལྷན་རྒྱས་མཉམ་དུ་བཀའ་མོལ་གནང་དགོས་པ་དང་། དགོན་སྤྱིའི་བསྟན་བཞེངས་དང་བསྟན་དོན་གལ་གནད་ཆེ་རིགས་རྣམས་བླ་བྲང་མཁན་པོ་ནས་བཀའ་ཆབ་སྩལ་དོན་བཞིན། དགོན་སྤྱིའི་འདུ་རའི་གྲོས་ཚོགས་ཀྱིས་བཀོད་སྒྲིག་དང་ཐག་གཅོད་བྱེད་དགོས་པ་དང་། དགོན་སྤྱིའི་གྲོས་ཚོགས་ཀྱིས་མི་སྣ་སྐོང་འཐེན་དང་ཁྲིམས་འགལ་ཐག་གཅོད་ཆེ་རིགས་བྱ་དགོས་ཚེ་གྲོས་སྙིང་མཁན་སློབ་ལ་སྙན་སེང་ཞུ་དགོས། དགོན་སྤྱི་འདུ་རའི་གྲོས་ཚོགས་ཞེས་པའི་རྩ་འཛུགས་ཀྱི་གྲུབ་ཆ་ནི་སྤྱི་ཁྱབ་བམ་བན་དཔོན་ནི་དགོན་པ་ཡོངས་ཀྱི་ཆབ་སྲིད་དཔལ་འབྱོར་འདུ་འཚོགས་བསྟན་བཞེངས་སོགས་འགན་དབང་ཆ་ཚང་འཁུར་བའི་དབང་འཛིན་ལས་ཁུངས་ཀྱི་འགོ་དཔོན་ཞིག་ཡིན་པར་བརྟེན། དེའི་ཁོངས་མི་སྣ་ལྡིང་དཔོན་ཆོས་མཛད(བེ་ཅང་ངམ་ལྡིང་དཔོན་ཚང་གི་གྲྭ་པ)གླིང་བཞིའི་ཕན་ཚུན་བཞི་བཅས་ལས་གྲུབ་པའི་ལས་ཁུངས་ཞིག་ཡིན། དེ་ལས་རྒྱས་འཚོག་དགོས་ཚེ། ལས་ཐོག་གི་དབུ་དགེ་གཉེར་གསུམ་དང་གླིང་བཞིའི་དགེ་རྒན་བཞི་བཅས་ལ་གྲུབ་དགོས་པས། དེས་ལས་དོན་སྒྲུབ་སྐབས་ཐམ་ག་ལ་བརྟེན་ནས་སྲིད་དོན་སོགས་ལ་བཀའ་བཀོད་བྱེད་ཀྱི་ཡོད། སྐབས་སྔོན་མའི་ཐེལ་ཙེའི་ལོ་རྒྱུས་ནི་བན་དཔོན་གྱིས་འཛིན་དགོས་པའི་སྲིད་ཐམ་དང་བོན་དཔེ་སོགས་ཀྱི་ཐོག་ཏུ་གདབ་རྒྱུའི་གཞུང་ཐམ་ཞེས་པ་གཉིས་ཡོད་པའི་དང་པོ་ནི་ལྕགས་ཐམ་གྲུ་བཞི་ཆོད་གསུམ་ཡོད་པའི་ནང་དུ་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་ཐམ་ག་ཞེས་ཧོར་ཡིག་ལ་བརྐོས་པའི་ཐེལ་ཙེ་དེ་ནི། དགོན་སྤྱིའི་སྲིད་ཁྲིམས་ཀྱིས་ཐག་གཅོད་བྱས་པའི་ཁྲ་མ་དང་བཀའ་ཤོག་སོགས་ལ་འདེབས་སྲོལ་ཡོད།

  གཉིས་པ་ཤིང་ཐེལ་གྲུ་བཞི་ཚོན་གང་ཡོད་པའི་དཀྱིལ་ཀྱི་ཕྱོགས་བཞི་དབུས་ལྔར། ཞང་ཞུང་གི་སྤུངས་སོའི་ཡིག་གཟུགས་ཀྱི་དཔའ་འབྲུ་ལྔ་ཨ་ཨཱྃ་ཧཱུྃ་རྃ་ཛ་ཡོད་པ་མཚམས་བཞིར་གཡུང་དྲུང་གཡས་འཁྱིལ་བཞི་ཡོད་པའི་ཐེལ་ཙེ་དེ་ནི་དགོན་སྤྱིའི་བོན་དཔེ་དང་ཐེལ་ཙེ་འདེབས་འོས་ཀྱི་དངོས་པོ་རྣམས་ལ་གདབ་རྒྱུ་རེད། དགོན་པ་ལ་གླིང་བཞི་རུ་དབྱེ་སྲོལ་ཡོད་དེ། ཤར་གླིང་། བྱང་གླིང་། ནུབ་གླིང་། ལྷོ་གླིང་ཞེས་གླིང་སོ་སོའི་གྲྭ་རྒྱུན་ཡོངས་ཁུངས་ཤོག་ཁའི་ཐེམ་དུད་གཏན་ཁེལ་ཡོད་པ་དང་། གཏན་ཁེལ་མེད་པའི་གྲྭ་གསར་ནི་རང་རང་གི་གཉེན་ཉེ་དགེ་རྒན་སོགས་ཀྱི་ཁོངས་སུ་འགྲོ་སྲོལ་ཡོད། གླིང་རེའི་འགོ་འཛིན་ནི་ཕན་ཚུན་ཞེས་པ་འགན་ཁུར་མཁན་ཞིག་དང་དེའི་ལས་རོགས་དགེ་རྒན་ཞེས་པ་གྲྭ་རེ་དང་། དགོན་སྤྱིའི་ལས་ཐོག་གི་དབུ་མཛད་དགེ་སྐོས། སྤྱི་གཉེར་གསུམ་དང་། ད་དུང་རེས་བབས་ཀྱི་ལས་སྣེ་ཁུར་དགོས་པ་ནི་མཆོད་དཔོན་དང་། ཇ་འདྲེན། མ་བྱན། དུང་པ། ལྷ་གཉེར་བཅས་དེ་རྣམས་དགོན་པའི་ལས་སྣེ་ཆེ་ཕྲའི་རིགས་ཡིན་པ་དང་། ཆུ་ལེན་ནི་མི་གཉིས་གཞན་ནས་བཙལ་སྲོལ་ཡོད། དགོན་པའི་མཁན་པོ་ནས་མཆོད་དཔོན་ཡན་གྱི་ལས་སྣེ་རྣམས་ཀྱི་རིམ་པ་ནི་འགྱེད་སྐལ་སོགས་ཀྱིས་ཐོབ་ཐང་ལ་དབྱེ་དགོས་ཏེ། མཁན་པོ་ལ་བདུན། ལས་ཐོག་དཔོན་སློབ་ལ་ལྔ། བླ་མ་ལ་གསུམ། བན་དཔོན་ལ་གསུམ། ལྡིང་དཔོན་ཆོས་མཛད། ལས་ཐོག་གི་དབུ་དགེ་གཉེར་གསུམ། གླིང་བཞིའི་ཕན་ཚུན། སྒྲུབ་ཁང་ལྷ་མཆོད། མཆོད་དཔོན་བཅས་ལ་གཉིས། གླིང་བཞིའི་དགེ་རྒན། མཚན་ཉིད་དགེ་བཤེས། ལོ་ཙཱ་བ་བཅས་ལ་ཕྱེད་གཉིས། སོ་སོའི་རིམ་པ་ལྟར་སྐལ་འཕར་སྤྲོད་དགོས། དགོན་པའི་ཕྱི་ནང་གི་སྒྲིག་ཁྲིམས་སྐོར་ལ། དང་པོ་ནང་གྲྭ་ཚང་གི་ཁུར་དགོས་པའི་སྒྲིག་ཁྲིམས་ནི་དགོངས་ཞུ་མེད་པའི་དུས་མཆོད་ཀྱི་འདུ་འཚོགས་རྣམས་ཆད་མི་ཆོག་པ་དང་(གྲྭ་རྒྱུན་ཡོངས་ཁུངས་ཀྱི་ཤོག་ཁག་གི་ཐེམ་དུད་གང་གི་མིར་ན་ཤི་བྱུང་ན་གྲྭ་པ་འོས་འཚམ་ཞིག་དགོངས་པ་གནང་བ་དང་གནས་སྐོར་འགྲོ་མཁན་ལའང་དེ་ལྟར་རོ)དགོན་གནས་ལ་རྒྱུན་འདུག་སྐབས་བོད་ཟླ་གསུམ་པ་ནས་བརྒྱད་པའི་ཟླ་མཇུག་བར་གྲྭ་ཆས་ཆ་ཚང་གྱོན་དགོས་པ་དང་། དུས་རྒྱུན་གྲྭ་པས་དགོན་གྱི་ཕྱི་ནང་གང་ལའང་རྒྱག་རེས། རྩོད་འཛིང་། ཆང་འཐུང་། རྒྱན་འཛུགས། སྲོག་གཅོད། རྐུ་འཕྲོག འཆལ་སྤྱོད། སོགས་འདུལ་ཁྲིམས་དང་འགལ་པའི་རིགས་ཚུལ་མིན་སྤྱོད་པ་གཏན་ནས་བྱེད་མི་ཆོག གོང་གི་སྒྲིག་ཁྲིམས་དེ་རིགས་བསགས་བར་བྱུང་ན་དགོན་སྤྱི་འདུ་རའི་གྲོས་ཚོགས་སམ་ལས་ཐོག་ཚོགས་ཆེན་དགེ་སྐོས་ཀྱིས་ཉེས་ཚབས་ཆེ་ཆུང་དང་བསྟུན་པའི་རྒྱུ་ལུས་གཉིས་སྟེང་དང་དགོན་པའི་སྒྲིག་ཁོངས་ཕྱིར་འབུད་བྱེད་པ་སོགས་གང་ལ་གང་འགབ་བྱེད་སྲོལ་འདུག ཕྱི་སྐྱ་ས་ནས་ཡོང་བའི་མི་སྣ་གང་གིས་ཀྱང་དགོན་པའི་ཐོ་འཚམ་ཚུན་ལ་རྟ་ཞོན། འཁོར་འདོག ཀུ་སྒྲ་རྒྱང་འབོད། རྒྱག་རེས་རྩོད་པ། རྒྱན་འཛུགས། གླུ་སྒྲུང་སོགས་བྱེད་མི་ཆོག་པར་མ་ཟད་དུས་ཆེན་དབང་འཚམ་གྱི་དུས་སྐབས་རིང་མ་གཏོགས་དགོན་གླིང་དུ་བུད་མེད་འགྲོ་སྡོད་དང་ཞག་འདུག་གཏན་ནས་བྱེད་མི་ཆོག གལ་སྲིད་བླ་མ་དང་མཆོད་མཇལ་སོགས་དགོས་ཚེ་དགེ་སྐོས་ལ་དགོངས་ཞུ་བྱེད་དགོས། གོང་གི་ཁྲིམས་དེ་རིགས་འགལ་ཚེ་ཉེས་ཚབས་ཆེ་ཆུང་དང་བསྟུན་པའི་ཁྲིམས་གཅོད་བྱེད་ཀྱི་ཡོད། དགོན་པའི་གྲྭ་པས་ཕྱི་ནང་གི་ཁྲལ་རིགས་འཇལ་དགོས་པའི་སྐོར། ཕྱི་ཁྲལ་ནི་གྲྭ་ཟོག་ཅེས་པ་རྟ་ནོར་ལུག་གསུམ་གྲངས་མང་ཉུང་དང་འཚམ་པའི་ག་དངུལ་ག་མར་ཞེས་ས་གནས་རྫོང་གིས་བསྡུ་སྲོལ་ཡོད། ནང་ཁྲལ་ནི་དགོན་པའི་འཚོགས་ཤིང་ཞེས་པ་ལོ་རེར་ལྕི་ཤིང་རྒྱབ་ལྔ་རེ་དང་ཨར་ལས་ཡོད་ཚེ་རྒྱབ་བཅུ་རེ་དགོན་པའི་རྩིས་གཉེར་གྱིས་རྩ་འཛིན་བྱེད་སྲོལ་ཡོད། ཡང་གྲོ་མ་མར་གསར་ཞེས་པ་གྲྭ་རེས་མར་རྒྱ་རེ་དང་གྲོ་མ་བྲེ་གང་རེ་བཅས་གླིང་རང་རང་གིས་བསྡུས་ཏེ་སྤྱི་གཉེར་ལ་འབུལ་དགོས། དེའི་འགྲོ་ཡུལ་ནི་གཞུང་སའི་དཔོན་དམག་སོགས་ཡར་མར་འགྲོ་སྡོད་སྐབས་སུ་མཇལ་ཞུ་འབུལ་དགོས་པ་དང་། མགྲོན་འགྲིམ་གྱི་སྣེ་ལེན་སོགས་དགོས་མཁོར་སྤྱོད་དགོས། དགོན་གྱི་ལྷ་ཁང་སོགས་སྤྱི་ཡི་ས་ལས་ནི་ཚང་མ་གྲྭ་པས་ལས་དགོས་པ་དང་བསྐྲུན་ཟིན་པའི་ལྷ་ཁང་དང་ཇ་ཁང་སོགས་གླིང་རང་རང་གིས་བགོས་འགྲིམ་ལྟར་ཝ་ཁ་ཐིག་ཚག་བྱེད་དགོས། དགོན་སྤྱིའི་དཔལ་འབྱོར་སྐོར་ལ། དང་པོ་དཔལ་འབྱོར་གྱི་ཡོངས་ཁུངས་ནི་དགོན་བདག་མཁན་པོ་དང་གཞན་ཡང་བླ་མ་དཔོན་རིགས་སེར་སྐྱ་འབྱོར་ཕྱུག་རྣམས་ཀྱིས་དགོན་ས་ཕྱག་བཏབ་མཛད་པ་ནས་བཟུང་རྒྱུན་འཚོགས་དུས་མཆོད་དང་མཆོད་མེ་རྒྱུན་འབར་ཕྱག་མཛོད་བཅས་ཀྱི་རྟེན་རྩ་རྣམས་ལོ་རིམ་བཞིན་ཕུལ་བའི་འབྲུ་མར་འབྲི་ཁལ་སོགས་རིམ་བསགས་བྱས་པའི་ཕོན་འབོར་རྣམས་མར་ཐོག་ལ་ཕབ་པའི་མར་རྒྱ་མ་ཁྲི་བཞི་དང་འབྲི་ཁལ་༢༡༤བཅས་ཡོད་པ་(ཆུ་སྦྲུལ(1953ལོར)མཆོད་ཞིབ་རྩིས་ཁྲ་ལྟར)དེ་ཁོངས་རྒྱུན་མཆོད་ཀྱི་རྟེན་རྩ་ལ་མར་རྒྱ་༢༩༨༨༠ དང་མཆོད་མེའི་རྟེན་འབྲི་༣༠ཕྱག་མཛོད་རྟེན་མར་རྒྱ་མ་༡༠༡༢༠དང་། འབྲི་ཁལ་༤༠ལྷ་ཁང་ཁག་གི་རྒྱུན་འབར་རྟེན་འབྲི་༡༤༤བཅས་དད་ལྡན་མང་ཚོགས་ཀྱི་ས་ནས་བྱུང་བ་རེད། དཔལ་འབྱོར་དོ་དམ་བྱེད་ལུགས་སྐོར་ལ། བླ་བྲང་མཁན་པོ་དང་བན་དཔོན་སོགས་ཀྱིས་ཐད་ཀའི་དོ་དམ་གྱི་འོག་རྒྱུན་འཚོགས་དུས་མཆོད་སྐོར་སྤྱི་སོ་ཆེ་ཆུང་ཁག་གི་ཚོང་ལས་གཉེར་སྐྱོང་གིས"རྩ་བར་རྩིས་སྤྲོད་ལོ་མས་གཏོང་སྒོ"ཞེས་པའི་ཚོང་སྐྱེད"བཞི་ལ་ལྔ་འགྲོས"ཀྱིས་གཏོང་སྒོ་གཏོང་དགོས་པ(ལོ་སྐྱེད་ལ་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཡིན)དང་ཕོགས་ལྷག་དུས་མཆོད་རེའི་མཇུག་ཏུ་དགོན་གཞུང་སྤྱི་གཉེར་དང་། དགེ་སྐོས་ཟུང་གིས་ཕོགས་རྩིས་འཕྲོ་ལྷག་རྣམས་དགོན་སྤྱིའི་འགྲོ་སོང་གོང་མཁོར་གཏོང་རྒྱུ་རེད། སྤྱི་སོ་ཁག་གིས་ཚོང་གཉེར་བྱེད་ཡུན་ནི་ལོ་གསུམ་མམ་བཞི་ལྔ་སོགས་གང་གིས་རིང་ལ་གཡས་ཁག་གཡོན་དཀྲི་སོགས་ཀྱིས་རྒྱུན་འཚོགས་ལ་དུས་འགྱང་དང་ཡུན་ཆད་སོགས་ཀྱི་རིགས་བྱེད་མི་ཆོག ཕྱག་མཛོད་རྟེན་རྩ་འཛིན་མཁན་མི་གཅིག་དང་གཉིས་སོགས་གང་གིས་ཚོང་གཉེར་བྱེད་སྟངས་དང་སྐྱེད་ཀ་ཆེ་ཆུང་སོགས་གོང་དང་གཅིག་མཚུངས་ཡིན། ལྷ་ཁང་ཁག་གིས་རྒྱུན་འབར་གྱི་རྟེན་འབྲི་༡༤༤ཡོད་པ་དེ་ཡིས་ཐ་སྨད་ཤོག་ཕྱེད་ལྔའི་ཐེམ་དུད་རེས་འབྲི་རེ་འཆི་མེད་བཟུང་དགོས་པ་དང་། ལོ་རེ་འབྲི་རེར་མར་རྒྱ་༡༢རེ་སྤྲོད་དགོས་པ་དེ་ནི་མར་མེའི་མཆོད་གཉེར་གྱི་བསྡུ་གྱི་ཡོད། མཐར་སྤྱི་སོ་དང་ཕྱག་མཛོད་སོགས་དཔལ་འབྱོར་གྱི་ལས་ཀ་བྱེད་མཁན་རྣམས་དུས་ཐོག་རྩིས་སྤྲོད་ལེན་སྐབས་བླ་དཔོན་ཟུང་དང་དགོན་སྤྱི་ཐུན་མོང་གིས་ཞིབ་བཤེར་རྩིས་རྒྱག་བྱེད་དགོས། རིག་གནས་ཤེས་བྱའི་སྐོར་ལ། བཅུ་ཕྲག་རིག་པའི་གནས་ཆེན་ལྔ་སྟེ། ཇི་སྐད་དུ། བཟོ་དང་སྒྲ་དང་གསོ་བ་དང་། ཕྱི་ནང་རིག་པ་གཉིས་དང་ལྔ། ཞེས་པ་ལྟར། གཞན་ཕན་རྗེས་སུ་འཛིན་ཞིང་བསྟན་པའི་གཞིར་གྱུར་བ་བཟོ་རིག་པ། ཚིག་དོན་ལ་ལོག་རྟོག་ཞུགས་པ་རྣམས་ཚར་བཅད་པ་ནི་སྒྲ་ཚད་རིག་པ། ནད་ཀྱི་ཟུག་རྔུ་བཅོམས་ཤིང་འཚོ་བར་བྱེད་པ་ནི་གསོ་བ་རིག་པ། ལེགས་ཉེས་སྟོན་ཞིང་ཞི་བདེར་བྱེད་པ་ནི་ཕྱི་རིག་པ་དང་། འགེགས་གདོན་བཅོམས་ཤིང་རང་ཉིད་ཀུན་ཤེས་པ་བྱེད་པ་ནི་ནང་རིག་པ་སོགས་རིག་གནས་ཆེ་བ་ལྔ་དང་དེར་གཏོགས་པའི་ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གནས་ཀུན་ལ་མི་རྨོངས་པའི་གཡུང་དྲུང་བོན་གྱི་འདུ་གནས་ཤིག་ཡིན་པར་བརྟེན་རང་གཞན་ཕྱོགས་ཀྱི་མཁས་པ་མང་པོས་སྒྲ་དང་ཚད་མ་ཕྱི་ནང་རིག་པ་སོགས་གང་ལའང་སྦྱང་བར་བྱ་བའི་གནས་ཡུལ་དང་། བསྟེན་བྱའི་སློབ་དཔོན་ཆེན་པོ་བྱུང་བའི་ཡུལ་མཆོག་གཅིག་ཏུ་བརྩི་གི་ཡོད། དེ་བཞིན་བཟོ་རིག་པའི་ཁོངས་སུ་གཏོགས་པའི་ལག་ཤེས་བཟོ་ལས་ཀྱི་སྐོར་ལ་རིན་ཆེན་གསེར་དངུལ་ཟངས་ལྕགས་སོགས་ཀྱི་དང་པོ་གསེར་ཚ་གྲང་གི་ལས་དང་རྩི་སྒྱུར་དེ་མིན་དངུལ་ཟངས་སོགས་ཐལ་བཟོའི་རིགས་དང་། དངུལ་ཆུའི་ལག་ལེན་ཚྭ་རིགས་ཚབ་བཟོ་སོགས། གསོ་རིག་ལ་མཁོ་བའི་ལས་སྣོན་གྱི་རིགས་དང་། ཡིག་རིགས་འབྲི་ཤེས་སྐོར། ལཉྫ། ཝརྟུ། སྤུང་སོ། སྨར་ཆེ་ཆུང་། རྫབ་ཤར། ཡུལ་ལུགས་ཀྱི་ག་ཟིའི་འབྲུ་ཁམས། ཁྲ་མ་ནིའི་འབྲུ་ཁམས། འཁྱུག་བཅས་ཀྱི་ཡིག་རིགས་འབྲི་མཁན། རི་མོ་ཚོན་རིས་ཀྱི་སྐོར་ལ། ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་ཐིག་ཚོན། ཤིང་ཚོན་མཛེས་རིས། སྣལ་རིས་ནམ་རྒྱང་སོགས། ཚེམས་བཟོའི་སྐོར་ལ། ཐང་སྐུའི་མཐའ་གཤམ། གར་འཆམ་རྒྱན་གོས། འདུལ་ཆས་སྣ་དྲུག རས་གུར་དྲས་ཚེམས། ཚར་གོས་དར་འཕྲུག རས་སྣམ་ཀོ་བའི་ལྷམ་རིགས་བཅས་བཟོ་ལས་ཀྱི་རིགས་དང་། རོལ་མོ་འབུད་དཀྲོལ་དང་། གར་འཆམ་ཟློས་གར་གྱེར་དབྱངས་གདངས་གསུམ་སོགས་སྒྱུ་རྩལ་ལས་རིགས་ཀྱི་སྐོར་ལ་ཕུལ་དུ་བྱུང་བའོ།།

  རེ་ཞིག་རིག་གནས་གསར་བརྗེ་སོགས་ཀྱིས་འབྱུང་རྐྱེན་ལ་བརྟེན་ནས་སྔར་བཞེངས་ཟིན་པའི་རིག་གནས་ཀྱི་དངོས་པོ་དང་མཁར་ཁང་སོགས་མེད་པར་གྱུར་ན་ཡང་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་ཀྱི་འོག་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་་གསུམ་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཟང་ཟིང་ཡོ་བསྲང་བྱས་པར་ཆོས་དད་རང་མོས་ལ་མཐོང་ཆེན་གནང་བ་དང་འབྲེལ། རྒྱལ་ཁབ་ཀྱིས་དགོན་པར་ཉམས་གསོའི་རོགས་དངུལ་གནང་ཞིང་། ཤིང་བྱི་ལོ(༡༩༨༤)ནས་བཟུང་ལྕགས་འབྲུག་ལོ(༢༠༠༠)ཡན་ལ་རྫོང་ཏང་ཨུད་དང་། སྲིད་གཞུང་། འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་ཆོས་དོན་ཅུད་བཅས་ཀྱི་ཐད་ཀའི་དབུ་ཁྲིད་འོག་ཏང་གི་ཆོས་ལུགས་སྲིད་ཇུས་རིམ་བཞིན་དོན་འཁྱོལ་བྱུང་བ་དང་། ཆོས་ལུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་སྟེ། བསླབ་གསུམ་བསྟན་པའི་གཙུག་རྒྱན་སྤ་བླ་མ་ཟླ་བ་རྒྱལ་མཚན་ནི་མཁན་པོའི་འགན་བཞེས་གནང་བ་དང་འབྲེལ་དེ་བཞིན་ཁོའོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་ནི་བཤད་སྒྲུབ་ཟུང་གི་འཆད་ཉན་སྤེལ་བ་དང་། དགེ་བཤེས་སངས་རྒྱས་དཔལ་ལྡན་གྱིས་སྔར་སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གི་འདུ་ཚོགས་དུས་མཆོད་ཀྱི་སྒྲིག་གཞིའི་དབུ་མཛད་ཀྱི་འགན་ཁུར་བ་མ་ཟད། བརླག་གཏོར་སོང་བའི་ཕྱག་ལེན་རྙིང་པ་རྣམས་བསྐྱར་དུ་སླར་གསོ་མཛད་ནས་གྲྭ་གསར་བུ་རྣམས་ལ་རྒྱུད་འཛིན་གྱི་སློབ་ཁྲིད་གནང་སྟེ། སྔར་བཞིན་རྒྱུན་ཚོགས་ཀྱི་དུས་མཆོད་སྒྲིག་ལམ་བསྐྱར་གསོ་བྱུང་བ་དང་། ད་དུང་གར་འཆམ་ཟློས་གར། དུང་གླིང་འབུད་དཀྲོལ། དཀྱིལ་འཁོར་རྡུལ་མཚོན། གཏོར་རྒྱན་མར་ཚོན། ནམ་རྒྱང་སྣལ་རིས། སྲུང་ཟློག་རྟེན་འཁོར་སོགས་སྔར་རྒྱུན་ལམ་སྲོལ་ཇི་བཞིན་སེར་སྐྱ་རྒན་གྲས་ཐུན་མོང་གི་མཉམ་རུབ་ཐོག་འབད་བརྩོན་བྱས་པར་བརྟེན་སྐྱར་གསོ་མཐར་ཕྱིན་བྱུང་ཡོད།

  མཇུག་གི་དོན་བསྡུ་བར་བྱེད་པ་ལ་སྨྲས་པ། བསིལ་ལྗོངས་མདོ་ཁམས་ཟལ་མོའི་སྒང་སྟོད་ཆར། སྤུ་རྒྱལ་གསང་མཆོག་བཀའ་ཆེན་སྡེ་དགུའི་གནས། ཁྱད་པར་འཆི་མེད་དྲན་པ་ཡབ་སྲས་ཀྱི། བྱིན་རླབས་མ་གཡེལ་གཡུང་དྲུང་རབ་བརྟན་གླིང་། རྒྱལ་སྲས་སྤ་ཡི་གདན་རབས་རིམ་བྱུང་བའི། སྐུ་གསུང་ཐུགས་རྟེན་རིག་གནས་དངོས་པོའི་རིགས། རྒྱལ་ཁམས་ནད་མུག་མཚོན་འཁྲུག་མི་འབྱུང་ཆེད། ཐེག་དགུའི་མཛད་སྒོར་འཕྲིན་ལས་གང་འཚམ་སྤེལ། མཛད་འཕྲིན་ཆོས་ཉིད་འཕེལ་དང་སྒྲིབ་པའི་ཆ། གནས་ལུགས་མི་རྟག་དངོས་པོའི་རང་གཤིས་སོགས། བསྙོན་དོར་དོན་མཚུངས་སོར་མོའི་འདུ་བྱེད་ཀྱིས། ཚངས་པར་འབྲི་བའི་ཤེས་བྱ་དབེན་ན་ཡང་། རླབས་ཆེན་སྐལ་བཟང་ཉིན་བྱེད་འོད་སྣང་གིས། གནའ་རབས་ལོ་རྒྱུས་པད་མའི་ཚལ་ཆེན་རྒྱས། རྗེས་མཇུག་གཞོན་ནུ་རྭ་ཡིག་གཉིས་པའི་ཚོགས། རིག་གནས་ཟེའུ་འབྲུའི་བཅུད་འཐུང་སྐལ་པ་བཟང་། སྔར་འདས་བྱུང་བརྗོད་ཀུན་གསལ་མེ་ལོང་ཞེས། ཐོས་ཆུང་བྱིས་བློས་ཁུར་དུ་བསྒྲུབས་པ་འདི། ཐོས་བརྩོན་ཤེས་རབ་ལྡན་ལ་འགྲན་རྩལ་མིན། རང་འགན་ཕྲག་པར་བབས་པའི་འཕྲིན་ལས་སོ། ཤེས་གསུམ་མ་དག་འདི་བྲིས་ལོག་བཤད་རིགས། མཆོག་གསུམ་རྒྱལ་བ་སྤྱི་དང་ཁྱད་པར་གྱིས། ཚད་གསུམ་ལྡན་པ་མཁས་པའི་སྤྱན་སྔ་རུ། སྒོ་གསུམ་དད་པའི་མེ་ཏོག་འཐོར་ཏེ་འཆག འདིར་འབད་ལེགས་བྱས་རྣམ་དཀར་དགེ་བའི་ཆར། གང་མཆིས་བསོད་ནམས་ལྷན་དང་བདེ་བའི་དཔལ། དོན་གཉིས་ལྷུན་གྲུབ་དཔལ་ཡོན་གཉིས་སོགས་དར། འགྲོ་ཀུན་བདེ་སྐྱིད་རྫོགས་ལྡན་ལྟར་སྤྱོད་ཤོག སརྦ་མངྒལམ།

  འདི་ཡི་ཟུར་མཆན། རྩོམ་འདི་ཡི་བརྗོད་བྱ་གཙོ་བོ་ནི་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་ཁོངས་དགོན་ཁག་བརྒྱད་དང་རི་ཁྲོད་དྲུག་བཅས་ཡོད་པའི་ནང་གི་སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གི་བྱུང་བ་བརྗོད་པ་ལ་དང་པོ་གྲུབ་ཐོབ་སྤ་ཡི་ཆེ་ཁུངས་དང་། ཡུལ་གྲུ་སོ་སོར་འདུལ་བྱ་སྐྱོང་ཚུལ། ཁྱད་པར་ཡིས་གཞུང་ལ་ཕེབས་ནས་གདན་ས་ཕྱག་བཏབས་པ། དེ་ནས་རིམ་བཞིན་དགོན་གནས་ལ་བསྟན་བཞེངས་མཛད་ཚུལ་དང་བསྟན་པ་རྗེས་སུ་བཞག་པའི་སྐུ་གདུང་ཐུག་རྟེན། འདུ་འཚོགས་དུས་མཆོད། བླ་དགོན་གྱི་ཆེ་དབང་དང་སྲིད་འཛིན་སྒྲིག་གཞི། དཔལ་འབྱོར་གྱི་དོ་དམ་གནས་བབ། རིག་གནས་ཤེས་བྱ་དང་འཚོ་བའི་གོམས་གཤིས་ཀྱི་སྤྱོད་ཚུལ་བཅས་གཙོ་བོར་བཟུང་སྟེ་ངོ་སྤྲོད་མདོར་བསྡུས་སུ་བཀོད་པར་མ་ཟད་ཀློག་པ་པོ་རྣམས་ཀྱིས་བལྟ་བདེ་བའི་ཆེད་དུ་གལ་ཆེའི་དུས་ཚིགས་རྣམས་ཟུར་བཀོལ་རེའུ་མིག་བཀོད་ཡོད།

  རྩོམ་འདི་ཉིད་སྤྱི་ལོ་༢༠༠༠ལོ་སྤྱི་ཟླ་༣ཚེས་༢༨ཉིན་སྦྲ་ཆེན་རྫོང་སྲིད་གྲོས་སྐབས་དང་པོའི་ཚོགས་ཆེན་ཐེངས་གསུམ་པའི་རྒྱུན་ཨུད་གྲོས་ཚོགས་ཐེངས་གཉིས་པའི་ཐོག སྦྲ་ཆེན་ཁྱོན་ཡོངས་ཀྱི་ལོ་རྒྱུས་རྩོམ་འབྲི་བྱེད་རྒྱུར་གཏན་ཁེལ་གནང་བ་དང་འབྲེལ་ཁོ་བོས་རྩོམ་འདི་ཡི་དཔྱད་གཞི་བྱེད་ཡུལ་ནི་སྤ་ཉི་མ་འབུམ་གསལ་གྱི་རྣམ་ཐར་ནོར་བུའི་ཕྲེང་བ། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན། མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱིས་མཛད་པའི་ཞག་གསུམ་རྩིས་གཞུང་ངོ་མཚར་ནོར་བུ་དོ་ཤལ་དང་ཤེར་ཕྱིན་མཐའ་དཔྱོད། གཙུག་ལག་ཁང་གི་མཛད་པ་བཅུ་གཉིས་ཀྱི་རྟོགས་བརྗོད་ཀུན་འཁོར་རྒྱས་པ་བཅས་ཀྱི་མཛད་བྱང་དང་། དགེ་སློང་བསྟན་འཛིན་དབང་གྲགས། རྟོགས་ལྡན་ཤེས་རབ་ཕུན་ཚོགས་རྣམ་གཉིས་ཀྱི་གསུང་རྒྱུན་གཙོ་བོར་འཛིན་ཞིང་ད་དུང་སེར་སྐྱ་ཤེས་ལྡན་རྒན་གྲས་རྣམས་ཀྱི་ངག་རྒྱུན་དང་རང་གིས་མཐོང་ཐོས་གོམས་པའི་ཤེས་བྱ་སོགས་ཕྱོགས་གཅིག་ཏུ་བསྡུས་ཤིང་དཔྱད་གཞི་བྱས་ནས་གུས་ཁྲི་ཤེས་ཉི་མས་ཡིག་ལམ་དུ་ཕབ་ཀྱང་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་སོགས་སྐྱོན་ཆ་གང་མང་མཆིས་ངེས་ན་མཁྱེན་ལྡན་མཁས་དབང་རྣམས་ཀྱིས་གཟིགས་ཞིབ་གནང་རྗེས་དགོངས་འཆར་འཛེམ་མེད་ལྷུག་སྩོལ་ཡོད་པ་ཞུ།

  གལ་ཆེའི་དུས་ཚིགས་ཀྱི་ཟུར་བཀོད་རེའུ་མིག་གསལ་བཀོད།

  འབྱུང་ལྡན་གྲངས། ལོ་ཁམས་དང་སྤྱི་ལོ། མཚན་དོན། གསལ་བཤད།

  ༡ ཤིང་བྱི་སྤྱི་ལོའི་སྔོན་༡༦༠༡༧ སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ། སྟག་གཟིགས་ཤམ་བྷ་ལྷ་ཕོ་བྲང་བལ་པོ་སོ་བརྒྱད་དུ་སྐུ་འཁྲུངས། ༡

  ༢༤༩ ཤིང་བྱི་སྤྱི་ལོའི་སྔོན་༡༡༣༦ བོད་རྒྱལ་གཉའ་ཁྲི་བཙན་པོ། བོད་རྗེ་དང་པོའི་མཚན་གསོལ། ༢

  ༢༤༩ སྤྱི་ལོའི་སྔོན་༡༡༥༠སྐོར། ལྷ་བུ་སྤ་བ་སྤ་ཐོག་ཁྲི་མན་ལྕགས་ཀྱི་བྱ་རུ་ཅན། ཞང་ཞུང་རྣམ་རྒྱལ་ལྷ་རྩེ་ལ་བབས། ༣

  ༢༨༠ ས་སྟག་ལོ་སྤྱི་ལོ་༧༣༨ སྤ་གྱི་ཁྲོམ་དཀར་པོའི་དབུ་ཐོད་དེ། བསམ་ཡས་གཙུག་ལག་ཁང་གི་རྨིང་གཞིར་སྦས། ༤

  ༢༨༤ ཤིང་སྟག་སྤྱི་ལོ་༡༠༡༤ སྤ་སྟོན་དཔལ་མཆོག་རྒྱལ་བ། གཙང་ལ་སྟོད་ལ་སྐུ་འཁྲུངས། ༥

  ༢༨༨ནང་ཚན། སྤྱི་ལོ་༡༢༢༠ སྐོར། དཔལ་ལྡན་བཟང་པོས། སྤ་ལ་ཕུག་བདེ་ཆེན་སྒང་ཕྱག་བཏབ། ༦

  ༢༩༢ མེ་རྟ་ལོ༡༤༨༦ སྤ་སྟོན་ལྷུན་གྲུབ་དཔལ་བཟང་གིས། ཟང་ཟང་བྲག་ནས་ཟབ་གཏེར་ཆ་གཅིག་བཞེས། ༧

  ༢༩༣ནང་ཚན། སྤྱི་ལོ་༡༥༠༠སྐོར། སྤ་སྟོན་ས་ལེ་འོད་དཀར། མདོ་སྨད་རྒྱ་རོང་གི་ཡུལ་ཕྱོགས་ལྕོགས་རྩེ་རྒྱལ་པོའི་མངའ་རིས་སུ་ཕེབས་ནས་གདུང་སྲས་སྤེལ། ༨

  ༢༩༧ནང་ཚན། ༡༧༩༠ནང་སྐོར། མདོ་སྨད་རྒྱ་རོང་ཡུལ་ཕྱོགས་ནས་སྤ་གཡུང་དྲུང་རྒྱལ་པོ། ཧོར་ཚོའི་རྒྱལ་ཁམས་ཡིས་གཞུང་དུ་ཕེབས་ནས་གདུང་གཞིས་བཙུག ༩

  ༢༩༨ མེ་ལུག་ལོ་༡༨༤༧་ སྤ་གཡུང་དྲུང་ནམ་བཟང་གིས། སྤ་དགོན་གཡུང་དུང་རབ་བརྟན་གླིང་ཕྱག་བཏབ། ༡༠

  ༢༩༨ ཤིང་སྟག་ལོ་༡༨༥༤ སྤ་ཉི་མ་འབུམ་གསལ། སྐུ་འཁྲུངས། ༡༡

  ༢༩༩ ཤིང་བྱི་སྤྱི་ལོ་༡༨༦༤ སྤྱི་ཁྱབ་ཙུང་ཆེ་ཧུ་ཚེ་དབང་ལྷ་རྒྱལ་གྱིས། ལུང་དོན་འཚམ་པའི་བཀའ་རྟེན་བསྩལ། ༡༢

  ༢༩༩ ལྕགས་རྟ་ལོ་༡༨༧༠ སྤ་ཉི་མ་འབུམ་གསལ་གྱིས། འདུ་ཁང་འབྲིང་བ་བཞེངས། ༡༣

  ༢༩༩ ཤིང་བྱ་ལོ་༡༨༨༤ ཉི་མ་འབུམ་གསལ་གྱིས། བྲིས་སྦྱང་རི་ཁྲོད་བཀའ་སྟེགས་བདེ་ལྡན་གསང་བ་ཁྲོད་ཅེས་ཕྱག་བཏབ། ༡༤

  ༢༩༩ མེ་ཁྱི་ལ་༡༨༨༦ སྤ་ཉི་མ་འབུམ་གསལ་དང་ཡེ་དཔོན་ནོར་བུ་ལྷ་མཁར་ཟུང་གིས། ལུང་བཟང་མདོར་སྐུ་འབུམ་བཀྲ་ཤིས་འོད་འབར་གྱི་མཆོད་རྟེན་བཞེངས་། ༡༥

  ༢༩༩ མེ་ཕག་ལོ་༡༨༨༧ སྤ་གསལ་བ་རྣམ་གཉིས་ཀྱིས། རྒྱལ་བ་གཤེན་གྱི་བཀའ་བརྟེན་རྣམས་བཞེངས་འགོ་བརྩམ། ༡༦

  ༢༩༩ ཆུ་འབྲུག་༡༨༩༢ སྤ་སྟོན་མཁས་གྲུབ་གཡུང་དྲུང་འབྲུག་གྲགས། སྐུ་འཁྲུངས། ༡༧

  ༢༩༩ ཤིང་ལུག་བྱའི་༡༨༩༥ སྤ་གསལ་བ་རྣམ་གཉིས་ཀྱིས། རྒྱལ་བའི་བཀའ་བརྟེན་རྣམས་སྤ་ཚང་དགོན་དུ་ཁྲི་བཀོད་མཛད། ༡༨

  ༢༩༩ མེ་སྤྲེལ་ལོ་༡༨༩༦ སྤ་ཉི་མ་འབུམ་གསལ་གྱིས། བྲིས་སྦྱང་གསང་ཆེན་དུར་ཁྲོད་ཕྱག་བཏབ། ༡༩

  ༢༩༩ ཆུ་ཡོས་༡༩༠༣ སྤ་གསལ་བ་རྣམ་གཉིས་ཀྱིས། སྤ་ཚང་དགོན་དུ་རིག་འཛིན་གསང་སྒྲུབ་ཀྱི་སྒྲུབ་ཆེན་རྒྱུན་འཛུག་མཛད། ༢༠

  ༢༩༩ ས་སྤྲེལ་ལོ་༡༩༠༨ སྤ་ནམ་མཁའ་སྒྲོན་གསལ། དགོངས་པ་བོན་དབྱིངས་སུ་གཤེགས། ༢༡

  ༢༩༩ ས་བྱ་ལོ་ནས་༡༩༠༩ ཉི་མ་འབུམ་གསལ་དང་གཡུང་དྲུང་འབྲུག་གྲགས་ཁུ་དབོན་ཟུང་། སྤ་ཚང་བླ་བྲང་གི་མཁར་ཁང་བསྐྲུན་འགོ་བརྩམས། ༢༢

  ༢༩༩ ཆུ་བྱི་ལོ་༡༩༡༢ མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱིས། བོན་གྱི་བསྟན་འབྱུང་རྒྱས་པ་དང་བཀའ་བརྟེན་གཉིས་རྩིས་རྒྱ་བརྩམ། ༢༣

  ༢༩༩ ལྕགས་ཕག་༡༩༡༡ སྤ་ཚང་གཏེར་ཆེན། སྐུ་འཁྲུངས། ༢༤

  ༢༩༩ ཤིང་སྟག་ལོ་༡༩༡༤ སྤ་གཡུང་དྲུང་འབྲུག་གྲགས་ཀྱིས། ཀུན་འབུམ་གོ་འབྱེད་རིག་གཞུང་དང་དབང་བཞི་བཅས་པའི་པོད་ཆེན་གཉིས། ཇུ་ཐིག་གཞུང་བཅས་གསང་གླིང་གིས། བཀའ་ཡིས་བསྐུལ་ཕྱིར་གཏན་ལ་ཕབ། ༢༥

  ༢༩༩ མེ་སྦྲུལ་ལོ་༡༩༡༧ སྤ་ཉི་མ་འབུམ་གསལ་གྱིས། དགོན་གྱི་ཤར་སྟོད་ལ་ཆུ་གཏེར་བཞེངས་། ༢༦

  ༢༩༩ ས་རྟ་ལོ་༡༩༡༨ མཁས་དབང་གཡུང་དྲུང་འབྲུག་གྲགས་ཀྱིས། ཞག་གསུམ་རྩིས་གཞུང་དུས་དཔྱད་དང་། དབྱངས་འཆར་འབྲས་རྩིས་ལ་སོགས་བརྩམས། ༢༧

  ༢༩༩ ས་ལུག་ལོ་༡༩༡༩ སྤ་གཡུང་དྲུང་འབྲུག་གྲགས། གྲ་ས་གོང་འོག་ཏུ་ཕེབས་ནས་རབ་བྱུང་ཁྲི་བཞེངས་དང་ལས་པའི་སྦྱིན་བདག་གནང་། ༢༨

  ༢༩༩ ལྕགས་སྤྲེལ་ལོ་༡༩༢༠ སྤ་ཉི་འབུམ་རིན་པོ་ཆེ། དགོངས་པ་བོན་ཉིད་ཀློང་དུ་བསྡུས། ༢༩

  ༢༩༩ ཆུ་ཁྱི་ལོ་༡༩༢༢ སྤ་སྤྲུལ་བསྟན་པ་རྒྱལ་མཚན། སྐུ་འཁྲུངས། ༣༠

  ༣༠༠ ཆུ་ཁྱི་ལོ་༡༩༢༢ མཁས་དབང་གཡུང་དྲུང་འབྲུག་གྲགས་ཀྱིས། རྒྱུ་བཞི་དཀའ་གནད་མཆན་འགྲེལ་དང་། དངུལ་ཆུ་བཙོ་བཀྲུའི་ལག་ལེན་བརྩམ། ༣༡

  ༣༠༠ ཆུ་ཁྱི་ལོ་༡༩༢༢ འབྲི་གུང་བསྟན་པ་དབང་རྒྱལ་གྱིས། སྨན་སྐུའི་ལྷ་ཁང་གསར་དུ་བཞེངས། ༣༢

  ༣༠༠ མེ་ཡོས་ལོ་༡༩༢༧ སྤ་གཡུང་དྲུང་འབྲུག་གྲགས་ཀྱིས། གཙུག་ལག་ཁང་ཆེན་བཞེངས་འགོ་བརྩམས། ༣༣

  ༣༠༠ ལྕགས་རྟ་ལོ་༡༩༣༠ སྤ་གཡུང་དྲུང་འབྲུག་གྲགས་ཀྱིས། དབྱངས་ཅན་སྒྲ་མདོའི་འགྲེལ་བ་དང་སྙན་ངག་རྒྱན་གསུམ་དཀའ་མཆན་འགྲེལ། དཔེར་བརྗོད་དང་བཅས་གོ་སླ་བ་བརྩམས། ༣༤

  ༣༠༠ ལྕགས་ལུག་ལོ་༡༩༣༡ འཇིགས་མེད་སྨྲ་བའི་སེང་གེ་ཡིས། (གཡུང་དྲུང་འབྲུག་གྲགས) ཀ་ལ་པ་ཡི་དོན་འགྲེལ་དང་སྡེབ་སྦྱོར་རིན་ཆེན་ཕྲེང་བ་བརྩམས། ༣༥

  ༣༠༠ ཆུ་སྤྲེལ་ལོ་༡༩༣༢ མཁས་གྲུབ་གཡུང་དྲུང་འབྲུག་གྲགས་ཀྱིས། མཚན་ཉིད་བཤད་གྲ་གསར་འཛུག་མཛད། ༣༦

  ༣༠༠ ཆུ་སྤྲེལ་ལོ་༡༩༣༢ བདུད་འདུལ་གསང་སྔགས་གྲགས་པ་ཡིས། གནས་ཆེན་ཤེལ་རི་ཕྱུགས་མོ་ནས། ཟབ་གཏེར་ཐོག་མར་བཞེས་པའི་ལོ། ༣༧

  ༣༠༠ ལྕགས་འབྲུག་ལོ་༡༩༤༠ སྤ་འབྲུག་རིན་པོ་ཆེས། ལྷ་ཁང་བཀྲ་ཤིས་སྒོ་མང་བཞེངས། ༣༨

  ༣༠༠ ལྕགས་འབྲུག་ལོ་༡༩༤༠ སྤ་འབྲུག་རིན་པོ་ཆེས། ཤེར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་དང་། རིག་ལམ་ཆེ་འབྲིང་ཆུང་གསུམ་བཅས། གསར་རྩོམ་མཛད་ནས་ཤིང་པར་བསྐྲུན། ༣༩

  ༣༠༠ ཆུ་ལུག་ལོ་༡༩༤༣ སྤ་གྱི་ཁྲོམ་དཀར་པོའི་དབུ་ཐོད་ནི། སྤ་གཏེར་རངྞ་གླིང་པས་བསམ་ཡས་ནས་གཏེར་དུ་སྤྱན་དྲངས། ༤༠

  ༣༠༠ མེ་ཁྱི་ལོ་༡༩༤༦ སྤ་འབྲུག་རིན་པོ་ཆེ། གྲུབ་བརྒྱའི་དཔལ་བརྙེས་ཤར་རྫ་་བའི། དགོངས་དོན་སྒྲུབ་གྲ་གསར་འཛུགས་མཛད། ༤༡

  ༣༠༠ མེ་ཕག་ལོ་༡༩༤༧ ཀློང་ཆེན་རིག་པའི་དབང་ཕྱུག་ཀྱིས། (གཡུང་དྲུང་འབྲུག་གྲགས་) འོད་གསལ་རྫོགས་པ་ཆེན་པོ་ཡི། ཁྲིག་ཆོད་ལྟ་བའི་གླུ་དབྱངས་བརྩམས། ༤༢

  ༣༠༠ ལྕགས་ཡོས་ལོ་༡༩༥༡ སྤ་སྟོན་གཡུང་དྲུང་འབྲུག་གྲགས་ཀྱིས། རྟོགས་ལྡན་ཤེས་རབ་ཕུན་ཚོགས་མཆོག རྫོགས་ཆེན་སྒྲུབ་གྲའི་མཁན་པོ་རུ། བཀའ་ཡིས་གནང་བ་མཛད་པ་དང་། དགོངས་པ་བོན་གྱི་དབྱིངས་སུ་གཤེགས། ༤༣

  ༣༠༠ ཆུ་འབྲུག་ལོ་༡༩༥༢ མཆོག་སྤྲུལ་བསྟན་པ་འབྲུག་གྲགས། སྐུ་འཁྲུངས། ༤༤

  ༣༠༠ མེ་སྤྲེལ་ལོ་༡༩༥༦ སྤ་གཏེར་ཡེ་ཤེས་གཡུང་དྲུང་གིས། སྤ་སྟོན་གཡུང་དྲུང་འབྲུག་གྲགས་སྐུ་གདུང་(སྨྲ་སེང་སྐུ་བརྙན) གསར་བཞེངས་མཛད། ༤༥

  ༣༠༠ ས་ཁྱི་ལོ་༡༩༥༨ གཏེར་ཆེན་མཆོག་གིས་དབུ་བཞུགས་གནང་། སྤ་ཕུར་རི་རོང་ནག་པོའི་སྒྲུབ་ཆེན་བདུན་ཕྲག་གསུམ་བསྒྲུབས། ༤༦

  ༣༠༠ ལྕགས་བྱི་ལོ་༡༩༦༠ སྤ་ཚང་གཏེར་ཆེན། དགོངས་པ་བོན་དབྱིངས་སུ་གཤེགས། ༤༧

  ༣༠༠ ཆུ་སྟག་ལོ་༡༩༦༢ སྤ་སྤྲུལ་བསྟན་པ་རྒྱལ་མཚན། སྐུ་ཞི་བར་གཤེགས། ༤༨

  ༣༠༠ ཆུ་ཡོས་ལོ་༡༩༦༣ ཡོངས་འཛིན་གཡུང་དྲུང་བློ་ལྡན། སྐུ་ཞི་བར་གཤེགས། ༤༩

  ༣༠༠ ཤིང་གླང་ལོ་༡༩༨༥ རྒྱལ་ཁབ་ཀྱི་ཉམས་གསོའི་རོགས་དངུལ་གནང་ནས། དགོན་པ་སླར་གསོ་བྱེད་པའི་འགོ་འཛུགས། ༥༠

  བོད་ཆུ་རྟ་ལོ(༢༠༠༢)བསྟན་པ་ཉི་མ་སྤ་དགོན་མཁན་པོ་མཛད། དགོན་པའི་ལྕགས་ར་དང་ཇོ་དྲིལ་བཙུགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།