མདའ་རྒྱང་བཤད་སྒྲུབ་སྨིན་གྲོལ་གླིང་།

[ཟླ་ཚེས། 2020-09-02 12:07:30][རྩོམ་པ་པོ། ཁྲུན་སྨར་གུ་ཙན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མི་བཅེད་འཇིག་རྟེན་འདུལ་དཔོན་དམུ་ཡི་རྒྱལ།།
ཚད་མེད་བཞི་ཡིས་སྲིད་གསུམ་བདག་གེར་བཟུང་།།
གང་འདུལ་དེར་སྟོན་ཐབས་མཁས་ཐུགས་རྗེ་ཅན།།
བསྟན་འདིའི་མངའ་བདག་སྟོན་མཆོག་ཉིད་ལ་འདུད།།
   མི་བཅེད་འཇིག་རྟེན་གྱི་འདུལ་དཔོན་རྣམས་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོས་འདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་ལ་ལྟོས་ནས་བོན་ཡང་བསམ་གྱི་མི་ཁྱབ་པ་ཞིག་གསུངས།   དེ་དག་ཐམས་ཅད་མདོ་འདྲིལ་ན།    ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གཉིས་སུ་ངེས་ཤིང་།    དེ་ཉིད་འཛིན་སྐྱོང་སྤེལ་བ་ལ།   བཤད་སྒྲུབ་ཀྱི་བསྟན་པ་ཡ་མ་བྲལ་བ་ཞིག་ཅི་ནས་ཀྱང་དགོས།    བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་འཛིན་སྐྱོང་སྤེལ་བའི་འགན་འཁྲི་དང་ལོངས་སུ་སྤྱོད་པའི་སྐལ་པ་ནི།   ན་སོ་རྒན་གཞོན་དང་སྐྱེས་ཕོ་མོ།    རིགས་རུས་ཁྱེད་པར་མེད་པ་བསྟན་པ་དེ་ཉིད་ཀྱི་སྒོར་ཚུད་པའི་འདུལ་བྱ་ཡོངས་ལ་ཆ་མཉམ་ཞིང་།   མ་བགོས་སྤྱི་ལ་བཞག་པའི་ཕ་ནོར་རིན་པོ་འདི་ཉིད་སེམས་ཅན་བདེ་སྐྱིད་ཀྱི་དོན་དུ་མུ་མཐུད་ནས་བཞུག་དགོས་པའི་གནས་ལུགས་དེ་ཁུར་དུ་བླང་སྟེ།   
   དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་གཡུང་དྲུང་ཡེ་ཤེས་རིན་པོ་ཆེ་མཆོག་གིས་དཀའ་ཁག་དུ་མ་ཞིག་ཁྱད་དུ་བསད་ནས།    མདའ་རྒྱང་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པའི་བ་དན་མཁའ་རུ་བསྒྲེངས་ཏེ།   ཤེས་རིག་གི་སྒྲོན་མེ་བལྟམས་ལེགས་པ་ཞིག་གནས་འདིར་སྤར།   གོ་ལ་ཧྲིལ་པོ་འདིའི་ཐོག་ཏུ་གཡུང་དྲུང་བོན་གྱི་གཞིས་རྒྱ་ཆེ་བའི་ས་གནས་སྦྲ་ཆེན་རྫོང་ཁོངས་ན་ཡོད་པའི་བཙུན་མ་རྣམས་བཤད་སྒྲུབ་ཀྱི་བསྟན་པ་ཉམས་སུ་ལེན་ཞིང་སློབ་སྦྱོང་བྱེད་པར་འདོད་པ་སྐོམ་པ་ཆུས་གདུང་ལྟར་ཡོད་ནའང་།      སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་མེད་པའིི་རྐྱེན་གྱིས་ཅི་བྱས་ལྟོས་མེད་དུ་གྱུར་པའི་བཙུན་མ་རྣམས་ལ་དམིགས་ནས།       མཁན་པོ་ཁོང་གི་བསྒྲུན་དུ་མེད་པའི་གཞན་ཕན་དང་བླ་ན་མཐོ་བའི་ལྷག་བསམ་གྱིས་སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ།   བཙུན་མ་རྣམས་ལ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ལོངས་སུ་སྤྱོད་པའི་སྐལ་པ་བསྩལ།        དེ་ཡང་སྒྲུབ་གྲྭ་ནི་སྤྱི་ལོ་ ༢༠༠༩ ལོར་དབུ་བཙུགས་པ་དང་བཤད་གྲྭ་ནི་སྤྱི་ལོ་ ༢༠༡༠ ལོར་དབུ་བཙུགས་ནས་ད་ལྟ་མུ་མཐུད་དུ་འགྲོ་མུས་སུ་གནས་ཡོད།
   བཤད་གྲྭ་བཙུགས་ནས་ད་བར་མི་ལོ་ཧྲིལ་པོ་བཅུ་སོང་བ་དང་།    སྤྱི་ལོ་༢༠༡༨ཟླ་༨ཚེས་༢༧བོན་གྱི་དགེ་བཤེས་མ་ཐེངས་དང་པོ་གནས་འདི་ནས་བཏང་སྟེ་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་གསོན་པོ་ཞིག་གྱེན་དུ་བསླངས་ནས།    ཞྭ་དཀར་གཡུང་དྲུང་བོན་ལུགས་ཀྱི་བཀའ་རབ་འབྱམས་མ་དགེ་བའི་བཤེས་གཉེན་ཆེན་མོ་ཞེས་པའི་བཀྲ་ཤིས་པའི་མཚན་རྟགས་དེ་སྐལ་བཟང་གི་ལེའུ་གསར་པ་ཞིག་གི་དབུ་ཁྱུད་དུ་བཀོད་པའོ། །    
   
སྒྲུབ་གྲྭ་བཙུགས་ནས་ད་བར་མི་ལོ་ཧྲིལ་པོ་བཅུ་གཅིག་སོང་བ་དང་སྒྲུབ་ཐོན་གཤེན་གྱི་རྣལ་འབྱོར་ཐེངས་དྲུག་གཏང་ཡོད།     སྒྲུབ་གྲྭའི་དུས་ཡུན་ནི་ལོ་བཞི་ཡིན་པ་དང་།   ལོ་བཞིའི་རིང་གི་སྒོམ་སྒྲུབ་ཉམས་ལེན་གྱི་རིམ་པ་ནི།     
   ལོ་དང་པོ་ཁྲིད་སྦྱོང་དང་ཉམས་ལེན་སྐོར།      དཔེ་ཁྲིད་ནི།   ཨ་ཁྲིད་ཐུན་མཚམས་བཅོ་ལྔ་དང་།     བཀའ་ལུང་རྒྱ་མཚོ་སོགས་སྔོན་འགྲོའི་སྐོར།         བསགས་སྦྱོང་ནི།    སྔོ་འགྲོ་འབུམ་དགུ་ཆ་ཚང་ཞིག་བཞེངས་དགོས།    ཉམས་ལེན་ནི།    ཨ་ཁྲིད་ལྟར་མཚན་བཅས་ལ་སེམས་བཟུང་བ་དང་མཚན་མེད་ལ་མཉམ་པར་བཞག་ནས་ཉིན་ལྟར་ཐུན་བཞི་དང་སྦྱིན་པ་རྣམ་བཞིའི་ཉམས་ལེན་ཆག་མེད་འགྲོ་དགོས་པ་དང་།    ཟུར་དུ་བཅའ་འདོན་འཕྲིན་ལས་དང་འབུད་རྡུང་དཀྲོལ་གསུམ།   བྲིས་གཟུགས་སོགས་སྦྱོང་བརྩོན་ལྷོད་མེད་གནང་དགོས།       
   ལོ་གཉིས་པ་ལ།    དཔེ་ཁྲིད་ནི།       བྲུ་ཡི་ཨ་ཁྲིད་དངོས་གཞི།   སྡེ་སྣོད་མཛོད་མདོ་ཡི་སྐོར།    ལུང་རིགས་མཛོད།   ཐེག་རིམ་མདོ་ཡི་སྐོར།    ཉམས་ལེན་ནི།    འཕོ་བ་དང་།   འཇོག་བཤིག་སྐྱོང་གསུམ།    གནས་འགྱུ་རིག་གསུམ་བཅས་མཐུན་བཞིའི་ཉམས་ལེན་དང་སྦྱིན་པ་རྣམས་བཞི་ཆག་མེད་བཏང་དགོས།        
    ལོ་གསུམ་ལ།      དཔེ་ཁྲིད་ནི།         སྐུ་གསུམ་རང་ཤར།    བཀའ་འགྲེལ་གསལ་བྱེད།   སྡེ་སྣོད་མཛོད་སྔགས་ཀྱི་སྐོར།   ལྷ་གཉེན་ཤེལ་སྒོང་།    ཐེག་རིམ་སྔགས་ཀྱི་སྐོར།     བསགས་སྦྱོང་དང་སྒོམ་རིམ་ནི།    རིགས་དྲུག་རང་སྦྱོང་།    རྩ་རླུང་ཞག་རྒྱ།      ཉམས་ལེན་ནི།   ཐུན་བཞི་དང་སྦྱིན་པ་རྣམ་བཞི་ཉིན་ལྟར་ཆག་མེད་དུ་འགྲོ་དགོས།    
   ལོ་བཞི་པ་ལ།     དཔེ་ཁྲིད་ནི།    བཀའ་རྒྱུད་སྐོར་བཞི།     ཀུན་བཟང་སྙིང་ཐིག    ཐེག་རིམ་རྫོགས་ཆེན་གྱི་སྐོར།     དབྱིངས་རིག་མཛོད།    སྒོམ་རིམ་ནི།     ཧུང་སྦྱོང་།    མུན་མཚམས་ཞེ་དགུ།    སོར་ཞུག་ཁྲིག་ཆོད།   ཐོད་བརྒལ།   ཉམས་ལེན།    ཐུན་བཞི་དང་སྦྱིན་པ་རྣམ་བཞིའི་ཉམས་ལེན་ཆག་མེད་གནང་དགོས་པ་ཅས་ཡིན།    
   ཉིན་རེའི་ཐུན་སྦྱོང་ནི།     ཞོགས་ཀ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་གཞི་ལེགས་པར་བཏིང་ནས་བཟུང་དགོང་དག་བསྔོ་སྨོན་རྣམ་པར་དག་པའི་འཇུག་ལེགས་པར་མ་གྲུབ་བར།     སྔ་ཐུན་གཉིས་དང་།   ཕྱི་ཐུན་གཉིས།   བསགས་སྦྱོང་།   སྦྱིན་པ་རྣམ་བཞི།    ཟུར་དུ་སྦྱོང་བྱ་དག་ལྷོད་མེད་ཆུ་བོའི་རྒྱུན་བཞིན་རྩོན་དགོས།           
   དེ་སྔོན་སྒྲུབ་གྲྭ་ཐེངས་ལྔ་གཏང་ཟིན།     སྐབས་དང་པོར་སྒྲུབ་ཐོན་གཤེན་གྱི་རྣལ་འབྱོར་པ་དྲུག་དང་གཤེན་གྱི་རྣལ་འབྱོར་མ་བདུན།     སྐབས་གཉིས་པར་གཤེན་གྱི་རྣལ་འབྱོར་མ་བཅུ་གཅིག     སྐབས་གསུམ་པར་གཤེན་གྱི་རྣལ་འབྱོར་མ་བཅོ་བརྒྱད།     སྐབས་བཞི་པར་གཤེན་གྱི་རྣལ་འབྱོར་མ་བཅོ་བརྒྱད།    སྐབས་ལྔ་པར་གཤེན་གྱི་རྣལ་འབྱོར་མ་བརྒྱད།    
   ད་ལོ་སྐབས་དྲུག་པ་ཆགས་ཡོད།   སྒྲུབ་ཐོན་གཤེན་གྱི་རྣལ་འབྱོར་མ་བཅུ་གསུམ་ཡོད།   སྡོམ་གཤེན་གྱི་རྣལ་འབྱོར་བརྒྱ་དང་བརྒྱད་བཏང་།     མཁན་རིན་པོ་ཆེ་གཡུང་དྲུང་ཡེ་ཤེས་མཆོག་གིས་སྣེ་ཁྲིད་པའི་འོག    མདའ་རྒྱང་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགེ་སློབ་རྣམས་ཀྱིས་ཐུགས་མཐུན་ཁྲིམས་གཙང་དང་རྡོག་རྩ་གཅིག་དྲིལ་གྱི་མདུན་སྐྱོད་ཁྲོད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།   སྒོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་འདི་ཉིད་གང་ལ་གང་འཚམ་ཞབས་འདེགས་མི་དམན་པ་ཞིག་ཞུས་པའི་ལག་རྗེས་གཤེན་གྱི་རྣལ་འབྱོར་བརྒྱ་དང་བརྒྱད་གསོ་སྐྱོང་གནང་ཐུབ་སོང་བའི་དགའ་སྟོན་རྟེན་འབྲེལ་དང་བསྟུན།     ད་ལེན་གྱི་མཛད་སྒོ་འདི་ཟབ་རྒྱས་ངང་དུ་དབུ་འབྱེད་གནང་ནས་མཐར་རྒྱལ་ཁའི་ངང་དུ་མཇུག་ལེགས་པར་གྲུབ།
ཕན་བདེའི་གཞི་རྩ་གྱེར་བསྟན་གཡུང་དྲུང་བོན།།
དེ་ཉིད་ཚུལ་བཞིན་བསྐྱང་དང་སྒྲུབ་པའི་སྡེ།།
མཛད་འཕྲིན་དབྱར་མཚོ་བཞིན་དུ་རབས་རྒྱས་ནས།།
སྲིད་མཐའི་བར་དུ་འགྱུར་མེད་རྟག་བརྟན་ཤོག།
བོད་ལྕགས་བྱི་ལོ་ཟླ་བ་བདུན་པའི་ཚེས་ ༡༥ཉིན་ཁྲུན་སྨར་གུ་ཙན་ནམ་སྐལ་བཟང་ཕུན་ཚོགས་ནས་སྤེལ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།