ཁམས་ཟླ་ཁྱུང་དགོན་གྱི་བླ་རབས་བྱུང་ཚུལ་སྐོར་རོབ་ཙམ་གླེང་བ།

[ཟླ་ཚེས། 2017-05-08 09:45:09][རྩོམ་པ་པོ།  ཤེས་རབ་སྒྲ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཡེ་ནས་རྣམ་གྲོལ་བདེ་ཆེན་བོན་གྱི་སྐུ།།
རང་བཞིན་རྣམ་དག་ལོངས་སྤྱོད་རྫོགས་པའི་སྐུ།།
དབྱེར་མེད་རང་རྩལ་སྣ་ཚོགས་སྤྲུལ་པའི་སྐུ།།
སྐུ་གསུམ་སངས་རྒྱས་རྣམས་ལ་གུས་ཕྱག་འཚལ།།


འཇིག་རྟེན་སྣང་ཞེན་རྟོག་ཚོགས་ལེགས་སྦྱངས་ཤིང་།།
མ་བཅོས་ངོ་བོ་ཀ་དག་ཡེ་ཤེས་ངང་།།
བསྐྱེད་རྫོགས་ཟབ་མོའི་རིམ་གཉིས་མཐར་ཕྱིན་པ།།
གྲུབ་ཐོབ་ནམ་མཁའི་ཐོག་འཛིན་སྙིང་ནས་དྲན།།
1494207959956596.jpg

   སྔོན་གྱི་དུས་ན་ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་བསྟན་པ་དང་འགྲོ་བའི་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་ཁྱུང་གསུམ་ཡས་མར་འཕུར་ནས་ཞང་ཞུང་གི་ཡུལ་ཁ་ཡུག་མེ་ཏོག་མཛེས་པའི་ཚལ་ལ་བབས། དེ་ལ་ཞང་ཞུང་གི་མི་རྣམས་ངོ་མཚར་སྐྱེས་ནས་མཐོང་མ་མྱོང་བའི་འདབ་ཆགས་ཟེར་བ་ལ་རྒན་པོ་ཁ་ཅིག་གིས་ན་རེ། རྭ་འདུག་པས་ཁྱུང་ཕོ་ཡིན་འདུག་ཟེར། དེར་ཁྱུང་གསུམ་དབྱིངས་སུ་འཕུར་ནས་སོང་བའི་ཤུལ་དུ་ཞིབ་མོར་བལྟས་པས་སྦར་མོ་ས་ལ་རེག་པའི་དྲོད་ལ་ཟིལ་པ་ཆགས་ཡོད་པ་དང་། ཟིལ་པ་དེ་ཞག་གསུམ་དྲོས་བཞིའི་ཉིན་ཤེལ་ལྟར་གྱི་སྒོ་ང་གསུམ་བརྡོལ། སྒོ་ང་བརྡོལ་བ་ལས་མཚན་དང་ལྡན་པའི་ཁྱེའུ་རེ་རེ་བྱུང་། མིང་ཡང་ཁྱུང་པོ་ཞེས་བཏགས་ཏེ། ཆེ་བ་ཁྱུང་དཀར་ཐོག་ལ་འབར། དེ་འོག་ཁྱུང་སེར་ལྷ་ཁྱུང་རྒྱན། ཆུང་བ་ཁྱུང་ནག་གམ་དམུ་ཁྱུང་རྒྱན་ཞེས་གྲགས་སོ།། དེ་དག་གི་མཛད་པ་རིན་ཆེན་བླ་རྡོའི་ཕ་བོང་རེ་རེ། མ་བརྩིགས་པའི་རིན་ཆེན་སྐུ་མཁར་རེ་རེ། མ་བསྐྱིལ་པའི་གཡུ་ཡི་མཚོ་མོ་རེ་རེ། དེ་རྣམས་ཀྱི་མངའ་བདག་ཏུ་མཛད་ཅིང་། ཁྱུང་པོ་སྐྱིད་ཀྱི་ལྷ་མཁར་རེ་རེ་བཞེངས་ཏེ། ཆེ་བ་ཁྱུང་ཐོག་འབར་གྱིས་འོད་ཟེར་རབ་ཏུ་འཕྲོས་པའི་གསས་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ཆེ་འོག་ལྷ་ཁྱུང་རྒྱན་གྱིས་གསས་ཁང་ཟོ་བོ་ཁྱུང་ལག་བཞེངས། ཆུང་བ་དམུ་ཁྱུང་རྒྱན་གྱིས་གསས་ཁང་བརྒྱད་བཞེངས། དེ་རྣམས་ནི་ཚེ་ལ་རང་དབང་ཐོབ་ཅིང་འགྲོ་དོན་དཔག་མེད་མཛད་པའོ།། 

1494207959120471.jpg


ཞང་ཞུང་གི་རྒྱལ་རབས་གོང་མ་རྣམས་ཀྱི་རིང་ནས་བླ་ཡི་མཆོད་གནས་མཛད་ཅིང་། བོད་རྒྱལ་རྗེ་གཉའ་ཁྲི་བཙན་པོ་ནས་སེང་ཁྲི་བཙན་པོ་ཡན་གྱིས་མཆོད་གནས་སུ་གྱུར། བོད་རྒྱལ་གྲི་གུམ་བཙན་པོའི་བོན་བསྣུབས་རྗེས་སྲས་སྤུ་ལྡེ་གུང་རྒྱལ་གྱིས་ཞང་ཞུང་གི་ཡུལ་ནས་ཁྱུང་པོ་དམུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས། བོད་ཡུལ་དུ་འབུམ་སྡེ་ལྔ་དང་།  བོན་སྒོ་བཅུ་གཉིས་དང་། བོན་གྱི་མཛོད་སྒོ་མང་པོ་དང་། ཕྲ་མོ་བཅུ་དང་། ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བོན་བསྟན་རྒྱ་ཆེར་སྤེལ་བའ།ོ། 

1494207959806673.jpg

   དམུ་ཁྱུང་རྒྱན་ལ་སྲས་གཉིས་བྱུང་བ་ལ། སྟག་སྒྲ་དོན་གཙུག་དང་དཔལ་གྱི་གིར་ཏི་གཉིས་བྱོན། སྟག་སྒྲ་དོན་གཙུག་ནི་རྟག་གཟིགས་ཡུལ་དུ་བྱོན་ནས། བོན་སྡེ་མང་པོ་ཞང་བོད་དུ་གདན་དྲངས་སྒྲ་བསྒྱུར་ལོ་ཙཱ་བ་མཛད་ནས་བསྟན་པ་སྤེལ་བས་བཀའ་དྲིན་རྨད་དུ་བྱུང་། སྐལ་བཟང་མགྲིན་རྒྱན་ལས། མཁས་མཆོག་ཁྱུང་པོ་སྟག་སྒྲ་དོན་གཙུག་ནི། སྣང་བ་དངོས་མེད་སྟོང་འབྱམས་ཀློང་དུ་བདེ། ཞེས་པ་དེ་ཡིན། པཎ་ཆེན་ལི་ཤུའི་ཞལ་སློབ་མཁས་དབང་གྲུབ་ཐོབ་ཆེན་པོ་བཅོ་བརྒྱད་བྱུང་བའི་ནང་གི་སྟག་གཟིགས་མཁས་པ་དྲུག་གི་དང་པོ་དེ་ཡིན། བླ་མ་པཎ་ཆེན་ལི་ཤུ་ཡང་ཟག་མེད་སྐྱེ་འཆི་བྲལ་བའི་སྐུ་བརྙེས་ཏེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལ་འགྲོ་དོན་མཛད་ནས་བཞུགས་པ་དང་། སློབ་མ་གྲུབ་ཆེན་བཅོ་བརྒྱད་རྣམས་ཀྱང་དེ་ལྟར་ཚེ་ཡི་རིག་འཛིན་གསང་སེམས་བསྟན་པའི་བདག་ཉིད་དུ་གྱུར་པ་སྟེ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས། དེ་ལྟར་མཁས་པ་གྲུབ་ཆེན་བཅོ་བརྒྱད་དེ། དུས་གཅིག་སྙ་ཆེན་ལི་ཤུའི་ཞབས་ལ་གཏུག། བླ་མེད་རྫོགས་ཆེན་དོན་རྟོགས་གྲུབ་པ་བསྙེམས། ཞེས་གསུངས་པ་ལྟར་རོ།། ཁྱུང་པོ་སྟག་སྒྲ་དོན་གཙུག་གི་སྲས་ནི་བཙན་སྒྲ་དོན་གཙུག་ཡིན། དེ་སྲས་ཁྱུང་པོ་གྱེར་ནམ་ཟུར་རྩེ་དང་། དེ་སྲས་སྟོང་རྒྱུང་རིང་མོ། དེ་སྲས་ཁྱུང་རྒྱལ་སྟག་ལ་སྐྱེས་ཡིན་པར་བཤད། དེ་སྲས་ཁྱུང་པོ་རྣལ་འབྱོར། དེ་སྲས་ཁྱུང་པོ་མི་ལ་གྲུབ་པ། དེ་སྲས་མི་ལ་ཐོས་པ་དགའམ་མི་ལ་རས་པ་སོགས་བྱོན་པ་ཡིན། ཡང་ཁྱུང་པོ་དཔལ་གྱི་གིར་ཏིའི་སྲས་ནི། མཆོག་གི་སྒྲོན་མ་དཔུང་སྒྲ་ཟུར་ཡིན། དེ་སྲས་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན། དེ་སྲས་ལེགས་མགོན། དེ་སྲས་ཁྱུང་པོ་གྱེར་ཆེན་ཟླ་མེད་དང་ར་སངས་ཁྲི་ནེ་ཁོད་གཉིས་སོ།། ར་སངས་ཁྲི་ནེ་ཁོད་ཀྱིས་སྲས་ར་སངས་ཀླུ་རྒྱལ། དེ་སྲས་ར་སངས་གཡུང་དྲུང་དབང་རྒྱལ། དེ་སྲས་ཕུན་ཚོགས་རབ་རྒྱས། དེ་སྲས་ར་སངས་དགེ་འཕར་དོན་འགྲུབ། དེ་སྲས་གྱེར་སྤུང་དགེ་འཕེལ། དེ་སྲས་བླ་མ་དགེ་རྒྱས། དེ་སྲས་བསོད་ཚེ། དེ་སྲས་ཁྱུང་པོ་རྗེ་རྒྱལ། དེ་སྲས་ནེ་ཕྲམ། དེ་སྲས་གྱེར་མི་ཉི་འོད། དེ་སྲས་ར་སངས་མཆོག་ཆེན། དེ་སྲས་ཁྱུང་གི་རྒྱལ་པོ། དེ་སྲས་བླ་མ་ལྷ་ཡི་དབང་པོ་དང་ཡུམ་དབྲ་བཟའ་མགོན་སྐྱིད་མ་གཉིས་ཀྱིས་རྨ་ཁོག་གི་རྨ་སྨད་ལྷ་ལུང་གཡུ་མདོ་ན་གནས་གཞི་བཟུང་ཞིང་སྟེང་དབྱལ་འཚོ་བའི་ཚེ་ན། བོན་གྱི་སྐུ་མཁར་འགྱིང་ཐུགས་ཀ་ལས་འོད་དཀར་པོ་ཞིག་རྨ་སྦོམ་རའི་རྩེ་མོ་ལ་བབས་པའི་ལྷ་སྲས་རྨ་རྒྱལ་སྦོམ་ར་ཐུགས་ཀུན་བཟང་གི་དགོངས་པ་དང་ལྡན་ན།ོ། འོད་དམར་པོ་ཞིག་བྱུང་བ་རྨ་སྨད་ལྷ་ལུང་གཡུ་མདོར་བླ་མ་ཡབ་ཡུམ་གྱི་སྐུ་ལ་ཞུགས་ཏེ། ཕྱི་ལོ་སྲས་ཤིག་འཁྲུངས་པའི་གཙུག་ཏུ་འོད་འདོམ་གང་ཡོད་པ་བྱུང་བ་ལ་མཚན་ཡང་གཙུག་ཕུད་འོད་ཟེར་དུ་གསོལ། གདུང་རབས་མང་པོར་རྨ་རྒྱལ་བླ་མ་ཞེས་གྲགས་སོ།། བསྟན་པ་དར་རྒྱས་སྨིན་གྲོལ་དཔག་མེད་བྱུང་བར་གསུངས་སོ།། གཙུག་ཕུད་འོད་ཟེར་གྱི་སྲས་གཉིས་ནི། གསོས་པ་བཀྲའ་བ་རྨ་མེད་དང་ཨ་སྟག་ཁ་བ་རྗེས་མེད་གཉིས་བྱོན། གསོས་པ་བཀྲའ་བ་རྨ་མེད་ཅེས་པ་བླ་མ་ཁོ་རང་གི་གསོས་པ་ཁོ་རང་གི་བཀྲལ་ཏེ་བྱང་ཁོག་ཏུ་བདེར་གཤེགས་ཞི་ཁྲོའི་ལྷ་ཞལ་བསྟན་ཏེ་སླར་གསོས་པ་རྨ་མེད་པའོ།། ཨ་སྟག་ཁ་བ་རྗེས་མེད་ཅེས་པ་ནི་དགུན་ཟླ་བཅུ་གཅིག་པའི་ནང་མ་ཡུམ་འཆི་བ་དང་ཁ་བ་ཆེན་མོ་ཉིན་མཚན་བཅོ་བརྒྱད་བབས་པས་མ་ཡི་རོ་བསྲེགས་པའི་ཤིང་མ་རྙེད་ཐབས་ཆགས་སོང་། དེ་ནས་ཨ་སྟག་ཟེར་བ་དེས་གང་ནས་ཁྱེར་འོང་བ་མ་ཤེས་པའི་ཤིང་ཙན་དན་ཁུར་པོ་གཅིག་ཁྱེར་བྱུང་བ་དང་ཕན་ཚུན་འགྲོ་བའི་རྗེས་ཡང་མེད་པས་ཁ་བ་རྗེས་མེད་བཏགས། གསོས་པ་བཀྲའ་བ་རྨ་མེད་ཁྲོམ་གྱི་ས་ཆ་རི་ཤོད་དུ་གཤེགས་ཏེ་དགོན་གནས་ཆེན་པོ་བཏབས་པས་གྲྭ་ཁྲི་ཕྲག་ལས་བརྒལ་བ་བྱུང་། དུས་སྐབས་དེར་མདོ་སྨད་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་གནས་སུ་གྱུར་ཡོད། ད་ལྟ་ས་མིང་ལ་རི་ཤོད་བོན་ཁྲི་ལ་ཟེར་བ་དེ་ཡིན། ཁྱུང་དེ་ཡི་རྒྱུད་པ་གསུམ་ཆད་དེ། མིང་ལ་དབལ་ཟླ་ཁྱུང་གསུམ་ཟེར། དེ་གསུམ་སོ་སོར་རུ་གདུལ་བྱ་གཟིགས་པས། དབལ་ཁྱུང་ཉག་ཡུལ་དུ་ཆགས་བླ་རབས་ཐམས་ཅད་དེ་ལས་གྲོལ། སྤྱང་ཁྱུང་ཨ་མདོའི་ཡུལ་དུ་ཆགས་ཏེ་སྤྱང་འཕགས་ཀྱི་བླ་རབས་ཐམས་ཅད་དེ་ལས་གྲོལ

1494207959971399.jpg

   ཟླ་ཁྱུང་འཛིན་ཡུལ་དུ་ཆགས་པའི་སྐོར་ལ། མདོ་ཁམས་སྒང་དྲུག་གི་ནང་ཚན་འབྲི་ཟླ་ཟབ་མོ་སྒང་གི་གཡོན་ཟུར་འཛིན་གྱི་ཤར་ཕྱོགས་གཡང་ཟླ་གྲོང་གི་ས་ཆ་གསེར་ཕུར་བྱ་ཆེན་ལའི་ཉེ་འདབས་སུ་གནས། འདི་ཕྱོགས་བོན་བསྟན་སྔ་དར་སྐབས་སུ་བླ་ཆེན་ཡབ་སྲས་གནས་འདི་རུ་ཕེབས་ནས་བོན་འཁོར་བསྐོར་ཞིང་སྒྲུབ་གནས་དང་སྒྲུབ་ཕུག་ཕྱག་རྗེས་སོགས་ད་ལྟ་གསལ་པོར་མཇལ་རྒྱུ་ཡོད། བསྟན་པ་ཕྱི་དར་སྐབས་སུ་གཏེར་སྟོན་ཆེན་པོ་འགྲོ་མགོན་དམ་པ་རང་གྲོལ་དང་གྲུབ་ཐོབ་ཨ་ཐང་རྩ་ཟིལ་སོགས་བོན་གྱི་སྐྱེས་ཆེན་མང་པོའི་འཁྲུངས་ཡུལ་དང་བཞུགས་གནས་ཡིན། དེ་རྗེས་གཙང་རེ་ཐུལ་བླ་མ་འམ་རྒྱལ་སྲས་གོ་ལྡེ་འཕགས་པའི་སྒྲུབ་གནས་དང་བཞུགས་ཡུལ་ཕལ་ཆེན་ཡིན་ཁོང་གི་སྒྲུབ་ཕུག་ངོ་མཚར་ཅན་ཕྱོགས་གསུམ་ལ་མཇལ་རྒྱུ་ཡོད། བླ་མ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་གཏེར་སློབ་བྱམས་མ་རྩ་བའི་གཟུངས་ནས་འཁོད་ཡོད་པའི་ཨ་ད་ལྷ་བཙན་དང་ཨ་ད་ལྷ་རྒྱལ་སོགས་ཡིན། བླ་རབས་དེ་རྣམས་ཀྱི་རིམ་པ་ལ་བསྟན་པ་ཤིན་ཏུ་རྒྱས་སོ།། དེ་རྗེས་གསོས་པ་བཀྲའ་བ་རྨ་མེད་ཀྱི་སྲས་དབུ་ཐོད་དུ་ཟླ་བའི་དབྱིབས་དོད་པ་དེ་ལ་འོད་ཟེར་འཕྲོ་བ་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་ལ་མཚན་དུ་ཟླ་ཁྱུང་ནམ་མཁའི་རྒྱལ་པོ་གསོལ། འབྱུང་གཞི་ལ་རང་དབང་ཐོབ་པ་ཞིག་བྱོན་ནས་འཛིན་ཡུལ་དུ་བཞུགས་པའོ།། དེ་ནས་ཁམས་ཟླ་ཁྱུང་དགོན་གྱི་ཐ་སྙད་དེ་ནས་བྱུང་། དེ་རྗེས་བྲུ་རྣམ་རྒྱལ་ཀ་ར་དགོན་འདིར་བྱོན་ནས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་གནང་ནས་ཡུན་རིང་བཞུགས། ཁོང་གི་དབུ་སྐྲ་བསིལ་བ་རྣམས་དགོན་པའི་གཡས་གཡོན་དུ་གཏོར་བས་དབུ་སྐྲ་གང་གཏོར་སར་ཤུག་པ་འཁྲུངས། བྱིན་གྱི་བརླབས་པའི་ཤུག་པ་འདི་རྣམས་གཞན་དང་མི་འདྲ་བ་འདུག་པས་ལྷ་སྲུང་མཉེས་ཤིང་གདོན་བགེགས་ཞི་བ་སོགས་ཁྱད་བོན་ལྡན་པ་ད་ལྟ་ཡང་ད་དུང་མཇལ་ཡུལ་དུ་ཡོད་པར་མ་ཟད། ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་སྒྲུབ་ཕུག་སོགས་ཀྱང་མཇལ་རྒྱུ་ཡོད། ཟླ་ཁྱུང་གི་བླ་རྒྱུད་རྣམས་རིམ་བཞིན་དུ་བྱོན་པའི་སྐོར་ལ། དེ་རྗེས་ཀུན་འགའ་རྒྱལ་མཚན། རིན་ཆེན་ལྷུན་གྲུབ། པདྨ་བདུད་འདུལ། ནམ་མཁའི་རྒྱལ་སྲས། ཀུན་བཟང་གཞན་ཕན། ཕུན་ཚོགས་རྒྱལ་མཚན། ཡེ་ཤེས་རྒྱལ་མཚན། གཡུང་དྲུང་མཆོག་ལྡན། བསོད་ནམས་དབང་གི་རྒྱལ་པོ་འམ་ནམ་མཁའི་ཐོག་བཟུང་ཁོང་ནི་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་དང་བྲག་སྟེང་རྒྱལ་པོ་སོགས་ཀྱི་དབུ་བླར་འཁོད། ཟླ་ཤེས་རབ་བཀྲ་ཤིས་ཁོང་དགོངས་པ་རྫོགས་རྗེས་དབུ་ཀླད་ཡོངས་རྫོགས་རིང་བསྲེལ་དུ་གྱུར་ཡོད་པ་དེ་ད་ལྟ་རྟེན་སྒམ་ནང་མཇལ་རྒྱུ་ཡོད། དེ་རྗེས་གཡུང་དྲུང་རྒྱལ་མཚན། བསོད་ནམས་རྒྱལ་མཚན། གཙུག་ཕུད་དབང་རྒྱལ། ཉི་མ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། སྦྱིན་པ་འོད་ཟེར། ཚུལ་ཁྲིམས་དབང་དྲག། ནམ་མཁའ་ལྷུན་གྲུབ། བསླབ་གསུམ་ཕུན་ཚོགས། བསྟན་པ་རྒྱལ་མཚན། རྒྱལ་བ་གཡུང་དྲུང་། ཁམ་རྒྱལ་དོན་གྲུབ། ཨ་དོན་ཉི་མ། ཟླ་ཁྱུང་བསྟན་འཛིན་རྣམ་རྒྱལ། པདྨ་རྒྱལ་མཚན། འཆི་མེད་རིག་འཛིན། ལྕང་སྤྲུལ་བསྟན་འཛིན་སེང་གེ་ཡན་ཆད་ཀྱི་སྐྱེས་ཆེན་དེ་རྣམས་གདུང་རབས་གསེར་གྱི་ཕྲེང་བ་ལྟར་མཁས་ཤིང་གྲུབ་པ་ཐོབ་པ་སྨྲ་བསམ་བརྗོད་བྲལ་གྱི་རིག་པ་མངོན་དུ་གྱུར་བ་བྱོན་ཡོད

1494207959697717.jpg

   ཟླ་ཁྱུང་དགོན་གྱི་ནང་གི་ལྡེབས་བྲིས་ནི་བོན་རང་ལུགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་གཞུང་ལྟར་བྲིས་ཡོད། ལྡེབས་བྲིས་ཀྱི་ལྷ་རྣམས་ཀྱི་ལྷ་ཚུགས་དང་ཚོན་མདོག་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད། བཟོ་བ་བི་ཤྭ་ཀརྨ་ཉིད་དང་མཚུངས་པའི་ལྷ་བཟོ་བཙུན་པ་འཕྲིན་ལས་དབང་ཕྱུག་གིས་དུས་རབས་བཅུ་བཞི་པའི་མཇུག་ཡན་མན་ལ་བྲིས་པ་ཡིན། ད་ལྟའི་ཆར་དགོན་འདི་ལ་ལོ་གཅིག་གི་དུས་མཆོད་ཁག བོད་ཟླ་དང་པོའི་ནང་བླ་མ་མཆོད་ཆོག བོད་ཟླ་བཞི་བའི་ནང་ཀློང་རྒྱས་ཆོ་ག བོད་ཟླ་ལྔ་བའི་ནང་མ་རྒྱུད། བོད་ཟླ་བརྒྱད་པའི་ནང་བསྙུང་གནས། བོད་ཟླ་བཅུ་བའི་ནང་སྲིད་རྒྱལ་དྲེའུ་ནག་ཚོགས་སྟོང་། བོད་ཟླ་བཅུ་གཅིག་པའི་ནང་ཡི་དམ་སྟག་ལ་མེ་འབར་གྱི་དགུ་གཏོར་ཉིན་བདུན་དང་བདེ་འདུས་ཚོགས་སྟོང་། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ཞི་ཁྲོའི་གནས་སྟོང་དང་ཚེ་སྒྲུབ། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ནས་དབལ་ཆེན་གེ་ཁོད་ཀྱི་དགུ་ཆུང་བཅས་ལོ་གཅིག་གི་དུས་མཆོད་ཁག་རྣམས་ངོ་སྤྲོད་མདོ་བསྡུས་རྫོགས་པའོ།།

1494207959891747.jpg
སླར་སྨྲས་པ།
རྣམ་དག་དྲི་བྲལ་གཤེན་བསྟན་འོད་གསལ་དབྱིངས།།
རྗེས་འཇུག་རྒྱུ་སྐར་ཕྲེང་བའི་གྲངས་དང་མཉམ།།
སྤྲུལ་པའི་རྣམ་སྤྲུལ་ཁྱུང་རབས་རིམ་བྱོན་རྣམས།།
ཐུགས་དགོངས་འོད་སྣང་གཅིག་ཏུ་འགྱུར་བ་ཤོག།

འདི་སྦྱར་ལས་བྱུང་བསོད་ནམས་དགེ་བ་དེས།།
མཁའ་ཁྱབ་འགྲོ་བ་ཀུན་གྱིས་སྡུག་བསྔལ་གསལ།།
ཚེ་འདི་ནད་གདོན་རྐྱེན་ངན་བར་ཆད་སེལ།།
ཕྱི་མ་རྣམ་གྲོལ་བདེ་ཆེན་ཐོབ་པར་ཤོག།
2017. 4. 23 ཉིན།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།