བབ་བཟོ་མདའ་ཆེན་དགོན།

[ཟླ་ཚེས། 2016-05-21 11:33:54][རྩོམ་པ་པོ། དགའ་བཟོད་པ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

C491E13C844C16B0129B2DD7EA23A01F.jpg

 བབ་བཟོ་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་ནི།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་བབ་བཟོ་ཞང་གི་ཁོངས་སུ་གཏོགས་ཤིང་། རྫོང་ཐོག་ནས་ཤར་ཕྱོགས་སུ་གཞུང་ལམ་སྤྱི་ལེ་བརྒྱད་ཅུ་ཙམ་གྱི་ས་འཕན་ཆུའི་སྟོད་རྒྱུད་དུ་གྲོང་ལས་རྒྱང་གྲགས་གཉིས་ཙམ་ཆད་པའི་དབེན་གནས་ཉམས་དགའ་བའི་སར་ཆགས་ཡོད།
   དགོན་པ་འདིའི་ཆོས་ལུགས་གྲུབ་མཐའ་ནི། རྣམ་འདྲེན་བརྒྱད་པ་དམུ་རིགས་རྒྱལ་པོའི་སྲས་ཀུན་ལས་རྣམ་པར་རྒྱལ་བའི་སྟོན་པ་གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་རང་ལུགས་ཡིན་ལ།གདན་ས་འདི་དང་པོ་བྱིན་གྱི་རླབས་པའི་བླ་མ་ནི་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་གྲུབ་ཐོབ་ཆེན་པོ་གྱིམ་བུ་ལན་ཚཱ་ཞེས་པའི་སངས་རྒྱས་དངོས་སུ་བྱུང་བ་དེས་སྣང་རྩེ་བྲག་དཀར་ནས་བྱིན་གྱི་རླབས་གནས་ཆེན་པོ་སྣང་རྩེ་བྲག་དཀར་གནས་སྒོ་ཕྱེ། དེ་ནས་བོན་གྱི་བསྟན་པའི་དབུ་བརྙེས། དགོན་པ་ཐོག་མར་ཕྱག་འདེབས་གནང་མཁན་ནི། མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་ཀྱལ་གྲུབ་ཆེན་སྐྱང་འཕགས་མུ་ལ་དྲུང་མུའམ་ནམ་མཁའ་གཡུང་དྲུང་རིན་པོ་ཆེ་མཆོག་ཡིན། ཁོང་ཉིད་སྐུ་འཁྲུངས་ཡུལ་ནི། མདོ་སྨད་འཕན་ཆུའི་ཡུལ་སྒུར་བའི་ཐང་ཞིང་གཡུང་དྲུང་གླིང་གི་སྐྱང་རྩེ་ཚང་དུ། རབ་བྱུང་དང་པོའི་ལྕགས་སྤྲེལ(༨༠༨༠)ལོའམ་ལྕགས་བྱ(༡༠༨༡)ལོ་གང་རུང་དུ་ཡབ་འབུམ་སྐྱབས་ཀྱི་སྲས་སུ་འཁྲུངས། དགོན་པ་འདེབས་པའི་དུས་ནི། སྐྱང་འཕགས་ཆེན་པོ་དགུང་ལོ་ཉེར་བཞིའི་དུས་ཏེ་རབ་བྱུང་གཉིས་པའི་ཆུ་ལུག(༡༡༠༣)ལོའམ་ཤིང་སྤྲེལ(༡༡༠༤)ལོ་གང་རུང་དུ་ཁེལ། ལོ་དེར་གྲུབ་ཆེན་སྐྱང་འཕགས་ཆེན་པོ་བབ་བཟོའི་ཡུལ་འདིར་དངོས་སུ་ཕེབས་ནས་མ་རུང་འདྲེ་སྲིན་དམ་ལ་བཏགས་ཤིང་བཀའ་འོག་ཏུ་བཅུག ཀླུ་གཉན་ས་བདག་དབང་དུ་བསྡུས་ནས་སྣང་སྲིད་ཞི་བདེར་བཅོས། གཉན་ཆེན་སྣང་རྩེ་བྲག་དཀར་དང་འཕགས་ཕྱིན་གནས་ཀྱི་གཏེར་ཞལ་ཕྱེས་ཏེ་གྲུབ་རྟགས་རྫུ་འཕྲུལ་དཔག་མེད་སྟོན། མི་དང་མི་མིན་ཐམས་ཅད་ལ་དགེ་བའི་ལུང་བསྟན་ནས་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ཏེ་དགའ་རི་ངོ་ཞེས་པའི་གནས་མཆོག་དབེན་པ་དེར་རི་ཁྲོད་བཏབ་ནས། སྔགས་སེམས་བླ་མེད་ཀྱི་བོན་ལ་འཆད་ཉན་དང་སྒོམ་སྒྲུབ་ཀྱི་ཕྱག་སྲོལ་ལེགས་པར་ཚུགས། དེ་ལ་དགའ་ལྡན་རི་ཁྲོད་ཅེས་གྲགས་ཤིང་ད་ལྟའི་དགོན་པ་འདི་ཆགས་པའི་དང་པོའམ་ཐོག་མར་ཡིན་པར་བཤད་དོ། །

E9CA8F030C195B36163DC663E0828F04.jpg
གྲུབ་ཆེན་སྐྱང་འཕགས་ཆེན་པོ་ནས་ད་ལྟའི་བར་དགོན་པ་འདིའི་གདན་རབས་རིམ་བྱོན་གྱི་མཚན་ཐོ།

གྲུབ་ཆེན་སྐྱང་འཕགས་ཆེན་པོ་ནས་བརྒྱུད་པའི་བླ་རབས་རྣམས་ཀྱི་བླ་བྲང་ལ་སྐྱང་ཚང་བླ་བྲང་ཞེས་འབོད་ཅིང་། སྐྱང་ཚང་བླ་བྲང་གི་བླ་རབས་རྣམས་དགོན་པ་འདིའི་གདན་རབས་སུ་བགྲང་བ་ཡིན། ༡སྐྱང་འཕགས་མུ་ལ་དྲུང་མུའམ་ནམ་མཁའ་གཡུང་དྲུང་། ༢སྐྱང་སྲས་ཐོག་རྒོད་ནམ་མཁའ་རྒྱལ་མཚན། ༣གཡུང་དྲུང་རང་གྲོལ། ༤གཡུང་དྲུང་ལྷུན་གྲུབ། ༥གླིང་ཞིག་ནམ་མཁའ་གཡུང་དྲུང་། ༦གླིང་ཞིག་ནམ་མཁའ་ལྷུན་གྲུབ། ༧གླིང་ཞིག་ཤེས་རབ་གཡུང་དྲུང་། ༨གླིང་ཞིག་རྒྱལ་བ་བསྟན་འཛིན། ༩བླ་མ་རྒྱལ་བ་རང་གྲོལ། ༡༠གླིང་ཞིག་རྒྱལ་བ་བློ་གྲོས། ༡༡བླ་མ་བསྟན་འཛིན་རྒྱལ་མཚན། ༡༢གཡུང་དྲུང་རྒྱལ་མཚན། ༡༣གླིང་ཞིག་རྣམ་རྒྱལ་གྲགས་པ། ༡༤རིན་ཆེན་རྒྱལ་མཚན། ༡༥ཀུན་བཟང་ལྷུན་གྲུབ། ༡༦བསོད་ནམས་ཡེ་ཤེས། ༡༧གཡུང་དྲུང་ཕུན་ཚོགས། ༡༨ཤེས་རབ་འོད་ཟེར། ༡༩ནམ་མཁའ་རིན་ཆེན། ༢༠རྣམ་རྒྱལ་གྲགས་པ། ༢༡སྤྲུལ་སྐུ་ནམ་མཁའ་བསྟན་འཛིན། [མཚམས་འདིར་སྐྱང་ཚང་བླ་བྲང་ཁག་གཉིས་སུ་གྱེས] ༢༢སྐྱང་ཚང་བླ་མ་གཙུག་གཤེན། ༢༣སྤྲུལ་སྐུ་ཚེ་དབང་བསྟན་འཛིན་དང་དབོན་པོ་གཡུང་དྲུང་གཙུག་རྒྱན། ༢༤སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ༢༥སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་དང་བསོད་ནམས་རྒྱལ་མཚན། ༢༦གཡུང་དྲུང་ཕུན་ཚོགས་དང་བསོད་ནམས་བསྟན་འཛིན། ༢༧ནམ་མཁའ་རྒྱལ་པོ་དང་ཉི་མ་རྒྱལ་མཚན། ༡༨ཚུལ་ཁྲིམས་བསྟན་འཛིན་དང་གཡུང་དྲུང་བསྟན་འཛིན། ༢༩བསྟན་འཛིན་དབང་རྒྱལ་དང་ཁྲོ་བོ་རྒྱལ་མཚན། ༣༠སྐལ་བཟང་ལུང་རྟོགས་རྒྱ་མཚོ་དང་ཤེས་རབ་དབང་རྒྱལ། ༣༡ད་ལྟ་ཞལ་བཞུགས་གནང་བའི་སྣང་བའི་སྤྲུལ་སྐུ་ཤེས་རབ་བློ་གསལ་རིན་པོ་ཆེ་མཆོག་བཅས་སྐྱང་ཚང་བླ་བྲང་གི་བླ་རབས་སམ་དགོན་པའི་གདན་རབས་སོ་གཅིག་དང་། ཡང་གྲུབ་ཆེན་སྐྱང་འཕགས་ཆེན་པོའི་གདུང་ལས་གྲོལ་བའི་སྒུར་སྐྱང་དགོན་པའི་གདུང་རབས་བཅོ་ལྔ་པ་སྐྱང་སྲས་སེང་གེ་གླིང་གྲགས་སྐུ་མཆེད་ཀྱིས། རབ་བྱུང་བདུན་པའི་མཇུག་ཙམ་ན་བབ་བཟོའི་ཤེལ་གུར་ཕུག་པར་བླ་བྲང་བཏབ་སྟེ་རྒྱལ་བསྟན་དགོན་བདག་སྐྱོང་གནང་བ་ནས་བཟུང་སྐྱང་དབོན་ཉི་མ་འོད་ཟེར་མཆོག་གི་བར། སྐྱང་འཕགས་ཆེན་པོའི་རུས་ལས་གྲོལ་བའི་གདུང་སྲས་བཅོ་ལྔ་ཟམ་མ་ཆད་པར་རིམ་པར་བྱོན་པ་བཅས་འགྲོ་འདྲེན་སྐྱེས་ཆེན་དམ་པ་བླ་རབས་ང་གསུམ་ཙམ་བྱོན་པའོ། །

EFC6F340C7F09CAA9FCA11B7C11A8398.jpg
དགོན་སྡེ་འདི་ཐོག་མར་རི་ཁྲོད་ནས་གནས་དུ་མར་སྤོར་ཞིང་གདན་རབས་བླ་མ་རྣམ་པས་བསྟན་པ་སྤེལ་ཚུལ་བསྡུས་བཤད།

   གདན་རབས་དང་པོ་གྲུབ་ཆེན་སྐྱང་འཕགས་ཆེན་པོས་དགའ་ལྡན་རི་ཁྲོད་ཕྱག་བཏབ་གནང་བའི་ཚེ། དེ་སྔར་གྲོང་པ་སོ་སོའི་ཉེ་འདབས་སུ་གྲོང་དགོན་ནམ་སྔགས་དགོན་རེ་ཡོད་པ་དག་ལས་འཇིག་རྟེན་འཁོར་བར་སྐྱོ་ཤེས་དང་ངེས་འབྱུང་སྐྱེས་པའི་དབང་རབ་རྣམས། སྐྱང་འཕགས་ཆེན་པོར་བཅོས་མིན་གྱི་དད་པ་གཏིང་ནས་སྐྱེས་པས་རྗེས་སུ་ཞུགས་ཏེ་འཁོར་དུ་གྱུར། ཁོང་དཔོན་སློབ་རྣམ་པས་མི་དགེ་བཅུ་སྤོང་གི་སྡོམ་པ་གཞིར་བཅས་གསང་སེམས་བླ་མེད་ཀྱི་བོན་སྐོར་ལ་འཆད་ཉན་སྒོམ་སྒྲུབ་ཟུང་འབྲེལ་གྱི་ཉམས་ལེན་གནང་བ་གཙོ་བོར་མཛད་དེ། གང་ལ་གང་འདུལ་གྱི་བསྟན་འགྲོའི་ཕན་བདེ་ལེགས་ཚོགས་མཐའ་དག་འཕེལ་རྒྱས་འོས་འཚམ་བྱུང་ཞིང་། གྲུབ་པའི་རྟགས་ཚད་མངོན་དུ་གྱུར་བའི་སྐྱེས་ཆེན་དམ་པ་ལྔ་ཙམ་གྱིས་བྱ་བྲལ་ཀུན་སྤོང་གི་རྒྱུན་སྐྱོང་བཞིན་ལོ་ཉིས་བརྒྱ་ལྔ་བཅུ་ཡས་མས་འདས་པའོ། །
གདན་རབས་ལྔ་པ་གླིང་ཞིག་བླ་མ་ནམ་མཁའ་གཡུང་དྲུང་མཆོག་གིས་དགའ་ལྡན་རི་ཁྲོད་ནས་རྒྱ་དུར་ཐང་ཞེས་པའི་སར་གནས་སྤོར་ཏེ་རྒྱལ་བསྟན་དགོན་ཞེས་མཚན་གསོལ། འདུ་ཁང་དང་བླ་བྲང་གི་གྱང་ར་དུས་རབས་ཉི་ཤུ་པའི་དུས་སྟོད་དུ་ད་དུང་ཡོད་ཚུལ་དང་གོང་གི་རི་ཁྲོད་དང་བསྡུར་ན་དགོན་སྡེའི་རྣམ་པ་ལྡན་ཚུལ་དགོན་པ་དར་རྒྱས་ཆེ་ཚུལ་སོགས་བགྲེས་རབས་པའི་ངག་ལས་ཐོས། འོན་ཀྱང་ཡུལ་དུས་ཀྱི་དབང་གིས་དར་རྒྱས་ཀྱི་ཚད་རང་བཞིན་གྱིས་སྟབས་བདེ་ཞིག་ཡིན་པ་སྨོས་མ་དགོས་ཀྱང་། གོང་གི་རི་ཁྲོད་དང་བསྡུར་ཐབས་བྲལ་བ་མ་ཟད་གྲོང་པ་དག་གི་ཉེ་གམ་གྱི་གྲོང་དགོན་དག་ལས་ཀྱང་ཁྱད་དུ་འཕགས་ཤིང་དགོན་སྡེའི་རྣམ་པ་ཆགས་པ་དང་། གླིང་ཞིག་གི་བླ་རབས་དུ་མས་བདག་སྐྱོང་གང་ལེགས་གནང་བར་བརྟེན་འདུས་སྔགས་འདྲེས་མར་སྤྱོད་པའི་འདུས་སྡེའི་རྣམ་པར་རིམ་བཞིན་འཕོ་འགྱུར་འབྱུང་བའི་དབུ་ཚུགས་ཤིང་། ལྷག་པར་དུ་རྣམ་དག་འདུལ་བ་འཛིན་པའི་འདུས་སྡེ་ཞིག་ཡིན་ཚེ་དད་ལྡན་མང་ཚོགས་ཐམས་ཅད་ཀྱི་དང་བ་འདྲེན་པའི་རྐྱེན་གྱིས། མི་འགྱང་བར་གཙང་དགོན་དུ་འགྱུར་བར་ཕྱི་ནང་གི་ཆ་རྐྱེན་ངང་གིས་ཐོན་པའི་བར་བརྒལ་གྱི་དུས་སྐབས་སུ་ཕྱིན་པར་གྲགས། དེ་ལྟར་འགྲོ་འདྲེན་གྱི་བླ་མ་གདན་རབས་དགུ་ཙམ་གྱིས་རྒྱལ་བསྟན་དགོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་། འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་བཞིན་ལོ་ཉིས་བརྒྱ་ཡས་མས་འདས་སོ། །
གདན་རབས་བཅུ་གསུམ་པ་གླིང་ཞིག་བླ་མ་རྣམ་རྒྱལ་གྲགས་པ་མཆོག་གིས་རྒྱལ་བསྟན་དགོན་དང་གྲོང་དགོན་འགའ་བཅས་ལྷན་དུ་དྲིལ་ནས་སྟོད་ཀྱི་བྱ་ཁྱུང་ཐང་ཞེས་པའི་ས་གནས་སུ་སྤོར་ནས་བྱ་ཁྱུང་དགོན་ནམ་ཡོངས་གྲགས་སུ་བྱ་སྐེ་དགོན་ཞེས་འབོད། འདུ་ཁང་དང་སྒྲུབ་ཁང་ཇ་ཁང་བླ་བྲང་བཅས་ཕྱི་ནང་གི་རྟེན་བཞེངས་སོགས་མཆོད་རྫས་ཡོ་བྱད་ཕུན་སུམ་ཚོགས་པ་དང་། དགེ་འདུན་པ་བརྒྱ་ལྷག་འཕེལ་རྒྱས་ཆེན་པོ་བྱུང་བར་བཤད། མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་དམ་པ་བླ་མ་རྣམ་རྒྱལ་གྲགས་པ་ཁོང་ཉིད་ཀྱིས་གཙང་དགོན་དུ་དངོས་སུ་བསྒྱུར་ནས། ཕྱི་ཀུན་སྤྱོད་འདུལ་བ་ལྟར་ཚུལ་ཁྲིམས་གཙང་མར་སྲུང་ཞིང་ནང་ཉམས་ལེན་སྔགས་སེམས་བླ་མེད་ཀྱི་བོན་ལ་འཆད་ཉན་སྒོམ་སྒྲུབ་ཟུང་འབྲེལ་གྱི་བསླབ་བྱ་གནང་། དུས་ཆེན་དང་སྒྲུབ་པ་འགའི་ཚོགས་སྒོ་དུ་མ་རྒྱུན་འཛུགས་མཛད། དེ་ལྟར་ཕྱི་ནང་གསང་གསུམ་གྱི་བོན་ལ་དབང་འབྱོར་བའི་རིག་པ་འཛིན་པའི་སྐྱེས་ཆེན་དམ་པ་གདན་རབས་བཅུ་གཉིས་ཀྱིས། བྱ་སྐེ་དགོན་གྱི་རྟེན་དང་བརྟེན་པ་ཐམས་ཅད་འཛིན་སྐྱོང་སྤེལ་གསུམ་གང་ལེགས་མཛད་བཞིན་ལོ་ཉིས་བརྒྱ་ལྔ་བཅུ་ཡས་མས་གནས་སོ། །

གདན་རབས་ཉེར་བཞི་པ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གིས་བྱ་སྐེ་དགོན་ད་ལྟའི་མདའ་ཆེན་གཞོངས་ལ་གནས་སྤོ་མཛད་ནས་མདའ་ཆེན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་གསོལ། སྐབས་འདི་ཡས་མས་ཀྱི་དུས་ནས་མཁས་བཙུན་བཟང་གསུམ་འཛོམས་ཤིང་འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་སྐྱེས་ཆེན་དམ་པ་དུ་མ་སྔ་ཕྱི་རིམ་པར་བྱོན། ལྷག་པར་དུ་སྐྱང་སྤྲུལ་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན་མཆོག་གིས་དགེ་འདུན་པ་གྲྭ་ས་གོང་མའི་ཕྱག་སྲོལ་ལྟར་འགྲིག་ལམ་ལེགས་བཅོས་མཛད་ནས་གཞི་གསུམ་ཆོ་གའི་ཕྱག་ལེན་རྒྱུན་སྐྱོང་གནང་ཞིང་། སྒྲུབ་པ་ཆེ་ཆུང་དང་མང་ཇ་རྒྱུན་ཇ་དུས་ཆེན་སོགས་རྒྱུན་ཚོགས་ཀྱི་རིམ་པ་མང་པོ་གསར་འཛུགས་མཛད་ནས་གྱེར་འདོན་རྡུང་དབྱངས་སོགས།མདོ་སྨད་སྐྱང་ལུགས་ཞེས་རང་རྐྱ་ཐུབ་པའི་རང་ལུགས་གསར་བཏོད་མཛད་པ་སོགས་ཁོང་གི་གསང་གསུམ་རྨད་བྱུང་གི་མཛད་རྗེས་རླབས་པོ་ཆེ་བརྗོད་ལས་འདས་པ་ནི་ཀུན་ཀྱི་ཐུགས་ལ་གསལ་ལོ་།དེ་ནས་རིམ་གྱིས་རྟེན་དང་བརྟེན་པ་གོང་འཕེལ་དུ་བྱུང་ཚུལ་ནི། འདུ་ཁང་ཀ་བ་བརྒྱད་དང་བཞི་བཅུ་ཅན་གཙོ་བོར་བྱས་པའི་འདུ་ཁང་ཆེ་ཆུང་དྲུག་དང་། ནང་རྟེན་གསེར་དངུལ་གྱིས་བཏུམས་པའི་མཆོད་རྟེན་ཆེ་བ་ཁྲུ་བཅུ་ཅན་བཅས་མཆོད་རྟེན་ཆེ་ཆུང་བརྒྱད། བདེ་བར་གཤེགས་པའི་སྐུ་ འདྲ་བླུགས་མ་ཁྲུ་གང་ཅན་གྱི་སྟོང་སྐུ་གསུམ། བཀའ་བརྟེན་འགྱུར་པོ་ཏི་སྟོང་ཕྲག་ལྷག་བཅས་ལྷ་ཆ་མཆོད་རྫས་ཡོ་བྱད་དཔག་ཏུ་མེད་པ་ཡོད་ལ། དེ་དག་ཐམས་ཅད་རྒྱུ་སྤུས་གཙང་ཞིང་བཀོད་པ་ལེགས། མིག་ལ་མཛེས་ཤིང་ཡིད་དུ་འོང་བ་ལྟ་བས་ཆོག་མ་ཤེས་པ་ཤ་སྟག་གོ །ཨ་རྫོགས་སྙན་གསུམ་སྟེ་ཟབ་ལམ་སྔགས་སེམས་ཀྱི་བོན་ལ་འཆད་ཉན་སྒོམ་སྒྲུབ་མཛད་པའི་སྒྲུབ་གྲྭ་དང་། མཚན་ཉིད་རྩོད་གྲྭ། དག་སུམ་སྙན་ངག་དང་རྩིས་སྐར་ནག་སོགས་སློབ་གཉེར་བྱེད་པའི་སློབ་གྲྭ་བཅས་བཙུགས་ནས་རིག་གནས་ཡོན་ཏན་གྱི་རྒྱུན་བསྐྱངས་ཤིང་རྒྱུད་འཛིན་པ་སྐྱེད་སྲིང་མཛད། གྲྭ་ས་མི་གྲངས་སུམ་བརྒྱར་ཉེ་ཙམ་འཕེལ་བ་བཅས་དགོན་པ་འདིའི་ཆོས་དཔལ་རིག་གསུམ་དང་རྟེན་དང་རྟེན་པ་ཐམས་ཅད་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་སྟེ་ཡར་རྒྱས་ཀྱི་རྩེ་སོན་ནས། དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཏེ་ང་བརྒྱད་ལོའི་དམངས་གཙོ་བཅོས་བསྒྱུར་བར་དུ་གནས། དེས་ན་མཁས་བཙུན་བཟང་གསུམ་འཛོམས་ཤིང་ལུང་རྟོགས་ཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གདན་རབས་རྣམ་པ་བདུན་ནམ་བཅུ་བཞིས། མདའ་ཆེན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་དུ་བཀའ་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་གསུམ་ཉམས་ལེན་ཟུང་འབྲེལ་གྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་ལོ་བརྒྱ་དང་དྲུག་ཅུ་ཙམ་འདས་པ་ལགས་སོ། །

47B44DD0E3C423156155838AA3561BD1.jpg

   དུས་དབང་གིས་རེ་ཞིག་ལ་བསྟན་པ་སྤེལ་མཚམས་བཞག་ཀྱང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་འཚོགས་ཐེངས་གསུམ་པ་འཚོགས་ནས་ཏང་གི་སྲིད་ཇུས་ཡང་དག་དོན་འཁྱོར་བྱུང་བས། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་དགོན་པ་བསྐྱར་གསོ་དང་དར་སྤེལ་དུ་བཏང་། ལྷག་པར་དུ་སྐྱབས་མགོན་དམ་པ་མཆོག་སྤྲུལ་ཤེས་རབ་བློ་གསལ་རིན་པོ་ཆེ་ལགས་ཀྱིས་དབུ་ཁྲིད་གནང་ནས་དགོན་པའི་རྟེན་དང་བརྟེན་ཐམས་ཅད་བསྐྲུན་དང་སྐྲུན་མུས་སུ་མཆིས་ཤིང་། དར་རྒྱས་ཀྱང་མི་དམན་པ་བྱུང་སྟེ་རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་པའི་དོ་དམ་མི་སྣ་དང་གྲྭ་པ་རྒན་གཞོན་ཐམས་ཅད་ཀྱིས་དད་ལྡན་མང་ཚོགས་ཀྱི་འདོད་བློ་བསྐངས་དང་སྐོང་བཞིན་པའི་སྐབས་ཡིན་ནོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།