སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་།

[ཟླ་ཚེས། 2013-06-18 19:33:37][རྩོམ་པ་པོ། སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

hgdhdd.jpg
ཉམ་གསོ་མ་བྱས་གོང་གི་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་།

   སྨོན་རྒྱལ་གི་གདན་ས་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་ནི། ཁྱུང་པོ་སྟེང་ཆེན་རྫོང་གི་ལྷོ་ངོས་སུ་གནས་ཡོད་ལ། རྫོང་ཐོག་ནས་བར་ཐག་སྤྱི་ལེ་གསུམ་ཙམ་གྱི་དགོན་འདིར་སླེབ་ཐུབ་ལ། དགོན་འདིར་མིང་ཆ་ཚང་ལ་གནའ་སྔ་མོ་ནས་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་ཞེས་བརྗོད། སྤྱི་ཚོགས་རྙིང་པའི་སྐབས་སུ་ཡང་ཁྱུང་པོ་སྟེང་ཆེན་མངའ་ཁོངས་ཀྱི་གནའ་བོའི་བཟོ་བཀོད་ཐུན་མིན་གྱི་བརྗིད་ཉམས་ལྡན་པའི་བླ་བྲང་ཞིག་ལ་ངོས་འཛིན་པ་དང་། གླིང་འདིར་བཅོས་བསྒྱུར་མ་བྱས་གོང་། གནའ་བོའི་ཡིག་བྲིས་ཁང་དང་། གྲུམ་འཐག་ཁང་། ཚེམ་དྲུབ་ཁང་། པར་ཤིང་ཁང་། ལྷ་མགར་ཁང་། ལྷ་བྲིས་ཁང་བཅས་རིགས་མི་འདྲ་བས་ཐོག་ནས་སྐུ་གསུང་ཐུགས་རྟེན་གཙོས་པའི་དགོས་མཁོ་རྣམས་དག་བཞེངས་བྱེད་པའི་ལོ་རྒྱུས་ཡོད་ཅིང་། དེང་གི་ཆར་ཡང་ལྡེབས་རིས་རྙིང་པ་དང་དཔེ་རྙིང་བཅས་རྙིང་ཉམས་ལྡན་པ་བཞུག་ཐུབ་པ་བྱུང་ཡོད། སྨོན་གཤེན་ནམ་མཁའ་གྲགས་པའི་སྐུ་དུས་སུ་ཁྱུང་པོ་ཁོག་གི་ཡིག་བྲིས་མཁས་ཅན། མ་ཎི་དགའ་རིས་དང་། ལྷུན་གྲུབ་ཕུན་ཚོགས་གཙོས་པའི་ཡིག་བྲིན་མཁན་མང་དག་ཞིག་གདན་ཞུས་ཐོག་ནས། གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལག་བྲིས་དག་མ་ཆ་ཚང་ཅན་བཞེངས་གྲུབ་གནང་ཡོད་པ་དང་། བསྟན་འགྱུར་རིགས་པོད་གྲངས་བདུན་བཅུ་ཡན་མན་ཙམ་ཞིག་དག་བཞེངས་གྲུབ་ནས་བཀའ་འགྱུར་ལྷ་ཁང་དང་བསྟན་འགྱུར་ལྷ་ཁང་གཉིས་སུ་ཕྱེས་ནས་དེ་དག་ཆ་ཚང་ཤིང་པར་བཞེངས་རྒྱུའི་དགོངས་བཞེད་ཡོད་ལ། མ་ཚད་བཀའ་འགྱུར་གྱི་པར་ཤིང་བརྐོས་ཀྱང་དམངས་བཅོས་ཀྱི་དུས་ཟིང་གཡོ་འཁྲུགས་ལ་ཁེལ་ནས་དེ་དག་ཆ་ཚང་མཇུག་མ་གྲུབ་པ་རེད། དེ་ལྟ་བུ་དམངས་བཅོས་སྐབས་ཉམས་རྒུད་ཚད་མེད་དེ་ཙམ་བྱུང་ཡོད་ནའང་། བཀའ་བསྟན་འགྱུར་དེ་དག་ཁོང་ནས་བྱོན་པའི་ལག་བྲིས་དཔེ་རྙིང་པོད་གྲངས་༦༠ཙམ་དེང་སང་སྨོན་རྒྱལ་བླ་བྲང་དུ་བཞུགས་ཡོད། ཐོག་མར་ཆགས་འདེབས་མཁན་དང་དུས་རབས་ནི། སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་དུས་མགོར་སྨོན་གཤེན་དྲང་སྲོང་ནམ་མཁའ་དབང་རྒྱལ་དང་སྨོན་གཤེན་གདུང་འཛིན་ནམ་མཁའ་བསྟན་འཛིན་རྣམ་གཉིས་ལ་དཀར་རུ་དཔོན་རྣམ་པ་རྟ་མགྲིན་དབང་འདུས་གཙོས་པའི་ཁྱུང་ཡུལ་གྱི་བླ་སྡེ་ཡུལ་མི་ཀུན་གྱི་རེ་ལྟོས་ལྟར་གདན་ས་བཏབས་པ་ཞིག་རེད། སྤྱིར་སྨོན་རྒྱལ་གདན་ས་དང་བླ་རབས་རིམ་བྱོན་ནང་ཐོག་མར་རྨ་རྒྱལ་པོམ་ར་ནས་དབུ་བཟུངས་ཏེ་རྨ་ཁོག་གཡང་ར་དང་། འབར་ཁམས་སྨོན་རྒྱལ་དམ་པ་རང་གྲོལ་དགོན། ཤར་རྒྱ་རོང་དམུ་རྡོ་ལྷ་གཉན་གི་ཉེ་འགྲམ་གཡུང་དྲུང་ལྷ་སྟེང་དགོན། དཀར་མཛེས་ཁུལ་སྡེ་དགེ་རྫོངས་དུ་གནས་པའི་སྨོན་རྒྱལ་དར་རྒྱས་གླིང་སོགས་སྨོན་རྒྱལ་གྱི་གདུང་རབས་རིམ་བྱོན་རྣམ་པའི་གདན་ས་ཁག་དུ་མར་བཏབས་པ་འདུག་ལ། དམངས་བཅོས་ཀྱི་སྐབས་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་གཙུག་ལག་ཁང་ནི་ཁྲ་ལུང་ཤང་གི་དམངས་བཙུགས་སློབ་གྲྭ་འཚོགས་ས་དང་། གཟིམ་ཆུང་གོང་འོག་རྣམས་ནི་ཤང་གི་གཞུང་ལས་ཁང་བྱས་ཤིང་། སྒྲུབ་ཁང་དང་ལྷ་ཁང་གཞན་པ་རྣམས་ནི་འབྱོར་མེད་ཁག་ལ་བགོས་པར་བརྟེན་དགོན་པའི་ལྡེབས་རིས་སོགས་གཏོར་བརླག་རྒྱ་ཆེན་མ་སོང་ཞིང་། སྤྱི་ལོ་༡༩༨༤་ལོར་རྒྱལ་ཡོངས་སུ་མི་རིགས་སྲིད་བཟང་ཆོས་དད་རང་མོས་གཏན་ཕབ་གནང་བར་བརྒྱུད། སྨོན་རྒྱལ་བླ་རབས་༡༨༨པ་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེ་མཆོག་གིས་ཕྱི་ནང་རྟེན་དང་བརྟེན་པ་རྣམས་རྒྱས་བཞེངས་ཉམས་གསོ་གནང་མཛད་པ་དང་། འདི་ནི་སྨོན་རྒྱལ་གྱི་གདན་ས་ཕྱི་མ་འམ་སྨོན་རྒྱལ་གྱི་གདུང་རྒྱུད་ད་ལྟའི་བར་དུ་རྒྱུད་འཛིན་སུ་གནས་ཐུབ་པ་འདི་མ་གཏོགས་གཞན་མེད་པས་ད་ལྟའི་སྨོན་རྒྱལ་གྱི་གདུང་འཛིན་གདན་ས་གཅིག་པུ་དེ་ཆགས་ཡོད་ལ། སྨོན་རྒྱལ་བླ་བྲང་འདི་ཉིད་ཁྱུང་ཡུལ་ཆགས་བཏབ་ནས་ད་བར་བླ་རབས་རིམ་བྱོན་བཞི་ཙམ་གྱི་རྒྱུད་འཛིན་མཛད་དེ་གདན་ས་རྒྱུན་སྐྱོང་གནང་བའོ།། དགོན་པ་འདིའི་ནང་གནའ་ནས་ད་བར་འཚོགས་རྒྱུན་གྱི་དུས་མཆོད་ཁག་རྣམས་རྣམས་ནི། བོད་ཟླ་དང་པོའི་ནང་རྗེ་མཉམ་མེད་པའི་དུས་ཆེན་དང་ལྷ་མོའི་སྟོང་ཚོགས། བོད་ཟླ་གཉིས་པའི་ནང་མ་ཏྲི་རིན་ཆེན་སྒྲོལ་མ། བོད་ཟླ་གསུམ་པའི་ནང་ཆོ་ག་བཅུ་གཉིས། བོད་ཟླ་བཞི་པའི་ནང་སྨོན་གཤེན་ནམ་མཁའ་དབང་རྒྱལ་གྱི་འདས་མཆོད་ཞི་ཁྲོ་དམ་པ་རིགས་བརྒྱ་དང་མ་མོ་སྦོད་གཏོང་གི་ཕྱྭ་སྒྲུབ། བོད་ཟླ་ལྔ་པའི་ནང་རྣམ་རྒྱལ་གཡང་སྒྲུབ། བོད་ཟླ་དགུ་པའི་ནང་ཁྲོ་རྒྱལ་གཤེད་དམར་སྤྱི་འདུལ། བོད་ཟླ་བཅུ་གཅིག་ནང་སྟག་ལ་བཀྲ་ཤིས་གཏེར་རྫོང་། བོད་ཟླ་བཅུ་གཉིས་ནང་གདུགས་དཀར་གཏོར་ཟློག་ཆེན་མོ་བཅས་དུས་མཆོད་བཅས་འཚོགས་རྒྱུན་ཡིན་ལ། ལྷག་པར་དུ་བོད་ཟླ་བཞི་པའི་ནང་འདས་མཆོད་ཞི་ཁྲོ་དམ་པ་རིགས་བརྒྱ་འཚོགས་སྐབས་ལྷོ་གཏམ་སྨད་བེ་དགོན་བསམ་གཏན་གླིང་དང་ཀོ་བོ་དགོན་ཀུན་གྲགས་གླིང་གཉིས་ཀྱི་འདུས་གྲྭ་དང་སེར་ཁྱིམ་པ་བཅས་ལྷན་འཛོམས་གནང་ནས་འཚོགས་དགོས་པའི་སྲོལ་རྒྱུན་ཡོད་ཅིང་ད་ལྟའང་སྔ་སྲོལ་ལྟར་རྒྱུན་འཁྱོངས་གནང་དང་གནང་མུས་ཡིན། སྤྱི་ལོ་༢༠༡༠ལོར་སྨོན་རྒྱལ་སེམས་དཔའ་ནམ་མཁའ་གྲགས་པ་རིན་པོ་ཆེ་སྐུ་འཁྲུངས་ནས་མྱི་ལོ་ཧྲིལ་པོ་༡༠༠འཁོར་བའི་དུས་སྐབས་དང་བསྟུན་ནས་སྨོན་གཤེན་གདུང་རབས་༡༨༨པ་ཀུན་གྲོལ་ནམ་མཁའ་དབང་ལྡན་མཆོག་གི་དབུ་འཛིན་འོག་རིག་འཛིན་གསང་སྒྲུབ་དང་ཕུར་པའི་སྨན་གྱི་སྒྲུབ་བ་ཆེན་མོ་སྟོད་དྭངས་ར་རྟ་སྒོ་མན་ཆད་སྨད་རྒྱ་རོང་གཡུང་དྲུང་ལྷ་སྟེང་དགོན་ཡན་ཆད་ཀྱི་བླ་གྲྭ་༣༠༠ལྷག་གིས་གླིང་འདིར་ཟབ་རྒྱས་ངང་རྒྱས་འཚོགས་གྲུབ་པའོ། ༢༠༡༡ལོར་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་ཡར་ཞུ་ཞུས་པར་བརྟེན། ཞང་ཞུང་སྒོ་པའི་འདུས་སྡེ་ཆེན་མོ་དཔལ་རྩེ་དྲུག་ཤེལ་དྲག་དྲི་མེད་གླིང་གི་དཔོན་གསས་ཁྱུང་སེར་བསྟན་འཛིན་འོད་ཟེར་རིན་པོ་ཆེ་མཆོག་གི་ཐུགས་ཁུར་ཟབ་མོ་གནང་བར་བརྒྱུད་། ནག་རུ་མཁའ་དཔའ་སྨན་དགེ་ཚུལ་ཁྲིམས་རྒྱལ་མཚན་སྒྲུབ་གྲྭའི་མཁན་པོ་གནང་ནས་རྟེན་འབྲེལ་ཟབ་རྒྱས་ངང་ཐེང་དང་པོའི་སྒྲུབ་གྲྭ་དེ་དབུ་བརྙེས།

IMG_1659.JPG
གླིང་འདིའི་དུས་མཆོད་འཚོགས་བཞིན་པའི་ཟུར་ཞིག

   དགོན་འདིའི་ནང་དུ་གནའ་བོའི་བཟོ་རྩལ་ལྡན་པ། གཟིམ་ཆུང་གོང་འོག་དང་། གསེར་གདུང་སྣང་སྲིད་དཔལ་འབར་ཁང་། དེ་བཞིན་སྒྲུབ་ཁང་། བཀའ་འགྱུར་ལྷ་ཁང་། པད་འབྱུང་ལྷ་ཁང་། པར་ཤིང་ཁང་། ཉི་གཟིགས་ཁང་། ཇ་ཁང་སོགས་དམངས་གཙོ་བཅོས་བསྒྱུར་སྐབས་ཉམས་རྒུད་སུ་སོང་ཡང་རྩ་མེད་འཐོར་ཞིག་མ་སོང་བས་ད་ལྟའི་བར་གནས་ཐུབ་པ་བྱུང་བ་མ་ཟད་དུས་རབས་ཉེར་གཅིག་པའི་ནང་སྟེང་ཆེན་རྫོང་ཁོངས་ཀྱི་བོན་དགོན་རྙིང་གྲས་སུ་ཆགས་ཡོད་པ་དང་། མ་ཚད་ཆབ་མདོའི་མངའ་ཁོངས་ཀྱི་ད་ལྟའི་བར་གནས་ཐུབ་པའི་གཡུང་དྲུང་བོན་གྱི་དགོན་སྡེ་རྙིང་ཤོས་ཞིག་ལ་ངོས་འཛིན་གནང་ཏེ། སྟེང་ཆེན་རྫོང་རིག་དངོས་ཅུས་དང་། ཆབ་མདོ་ས་ཁུལ་རིག་གནས་ཅུས། དེ་བཞིན་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁག་ནས་ཚད་མཐོའི་ཉམས་ཞིབ་གནང་བར་བརྒྱུད།

IMG_2153.JPG
ཉམས་གསོའི་སྐབས་ཀྱི་འདྲ་པར།
tyrty.jpg
ཉམས་གསོ་ལེགས་གྲུབ་སྐབས་ཀྱི་འདྲ་པར།

   སྤྱི་ལོ་༢༠༠༧ལོར་ཀྲུང་གོ་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་ཚུད་པ་དང་། དགོན་འདིའི་ལྡེབས་རིས་དང་ངོ་སྤྲོད་མདོར་བསྡུས་སྐོར་སོགས་བོད་ལྗོངས་བརྙན་འཕྲིན་ལས་ཁུང་དང་། ཁམས་སྐད་བརྙན་འཕྲིན་ཁང་བཅས་ནས་ཤར་གཏོང་བྱས་པ་རེད། འདི་ནི་སྟེང་ཆེན་མངའ་ཁོངས་ཀྱི་བོན་གྱི་དགོན་སྡེ་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྲྭལ་དུ་ཚུད་པ་ཐེང་དང་པོར་སོང་སྟབས། སྤྱི་ལོ་༢༠༡༢ལོར་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབས་སྡེ་ཚན་དང་། ས་ཁུལ་རིག་དངོས་ཅུས། རྫོང་རིག་དངོས་ཅུས་བཅས་ནས་གནའ་བོའི་ཉམས་གསོའི་འཆར་འགོད་གི་བཀོད་སྒྲིག་མཛུབ་སྟོན་འོག ཐད་ཀར་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་གི་མ་དངུལ་འབོར་ཆེན་བཏང་ནས་ཐེང་དང་པོའི་ཉམས་གསོའི་ལས་གྲྭ་དེ་༢༠༡༣ལོར་ཡོངས་སུ་མཇུག་གྲུབ་པའོ།།

DSCF9735.JPG
གླིང་འདིའི་དཔོན་གསས་བླ་མ་དང་སྒྲུབ་གྲྭའི་དགེ་སློབ་ལྷན་རྒྱས།

   འདི་ལོ་༢༠༡༣ལོར་བོད་ཟླ་དང་པོའི་༥སྟེ་དཔལ་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་བསྟུན་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང་། སྨོན་རྒྱལ་ནམ་མཁའ་དབང་ལྡན། སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་བཅས་དབུ་བཞུགས་ཐོག་གཏམ་སྨད་བེ་དགོན་བསམ་གཏན་གླིང་གི་འདུས་གྲྭ་དང་། དེ་བཞིན་འབར་ཁམས་རྫོང་སྨོན་རྒྱལ་དམ་པ་རང་གྲོལ་དགོན། སྡེ་དགེ་ཏ་འུད་བཅས་ནས་ཕེབས་པའི་བླ་གྲྭ་ཁག་གླིང་འདིར་ཕེབས་ཏེ་སྒྲུབ་ཐེང་གཉིས་པ་བོད་ཟླ་དང་པོའི་ཚེས་༥ཉིན་དབུ་འཛུགས་གནང་བའོ། །དགོན་འདིའི་སྒྲུབ་གྲྭའི་བཞུགས་ཤག་དང་གསོལ་ཟས་སོགས་མཐུན་རྐྱེན་ཚང་མ་སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་ནས་མཐུན་རྐྱེན་སྦྱར་གི་ཡོད་པ་རེད།

DSCF0594.JPG
སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་།
2222.jpg
གླིང་འདིའི་དཔེ་རྙིང་ཁག་ཅིག
IMG_2235.jpg
IMG_2238.jpg
IMG_2240.jpg
IMG_2241.jpg
IMG_2242.jpg
གླིང་འདིའི་ལྡེབས་རིས་གི་ཟུར་ཞིག
IMG_2241.jpg

   མདོར་ན། སྡེ་བཞི་ནོར་འཛིན་འཁྱིལ་གླིང་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་དཔོན་གསས་སྨོན་གཤེན་ནམ་མཁའ་དབང་ལྡན་རིན་པོ་ཆེ་མཆོག་གི་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་དམིགས་ནས་སྨོན་རྒྱལ་བླ་རབས་གོང་མའི་བརྒྱུད་འཛིན་ཐོག་བསྟན་པ་དར་ཞིང་རྒྱས་པ་དང་འགྲོ་བ་བདེ་སྐྱིད་འབྱུང་བའི་ཐབས་ལམ་ལ་དམིགས་ནས་ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་སྐྱོང་མུས་སུ་མཆིས། ངོ་སྤྲོད་མདོར་བསྡུས་སུ་བཀོད་པ་རྫོགས་སོ།། བཀྲ་ཤིས་བདེ་ལེགས།
གླིང་འདིར་མཆོད་མཇལ་དང་། ལྟ་སྐོར་ཞིབ་འཇུག་བཅས་དགོས་ངེས་ཡོད་ཚེ་འབྲེལ་བ་གནང་ས་ནི།
སྨོན་རྒྱལ་བླ་བྲང་གི་སྨོན་སྲས་ཚེ་དབང་ནམ་མཁའ་དང་། སྒྲུབ་གྲྭའི་སྤྱི་གཉེར་བསྟན་འཛིན་ཉི་མ་བཅས་ལ་འབྲེལ་བ་གནང་ན་ཆོག
ལག་ཁྱེར་ཞལ་པར་ཨང་གྲངས། 13549059958-15089078129

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།