རྒྱལ་རོང་སྤ་གཤེན་བསྟན་ངོ་མཚར་ནོར་བུའི་གླིང༌།

[ཟླ་ཚེས། 2013-04-16 22:44:15][རྩོམ་པ་པོ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2012090810291462.jpg

   སྤ་ཚང་དགོན་ནི། སྤ་ཡི་གདུང་རྒྱུད་དམ་པ་སྤ་པོ་དམ་མེ་རི་མེ་དཔུང་དང༌། སྤ་རིན་ཆེན་དཔལ་མཆོག་བཟང་པོ་གཉིས་ཀྱིས་སྤྱི་ལོ༡༠༢༠ཡས་མས་སུ་ཉ་གྱང་རྒྱབ་རི་གཡུང་དྲུང་བརྩེགས་འདྲའི་མདུན་ངོས་སུ་གསར་བཏབ་མཛད། ཕྱིས་སུ་སྤ་ཡི་བླ་རབས་སྤ་རྡོ་རྗེ་རྒྱལ་པོ། སྤ་ཆབ་རལ་དཀར་པོ། སྤ་རྡོ་རྗེ་འབུམ། སྤ་ཚང་དབོན་པོ་རྒྱལ་བ་བློ་གྲོས་སོགས་སྔ་ཕྱི་བར་གསུམ་དུ་རིམ་པར་བྱོན་ནས། མདོ་སྨད་སྣང་ཞིག་དོ་འཕགས་ཆེན་པོའི་རྒྱུད་འཛིན་རིམ་བྱོན་རྣམས་དང་བླ་སློབ་ཀྱི་འབྲེལ་བ་རྒྱ་ཆེར་ཆགས། ཕྱིས་སུ་སོག་དམག་གིས་སྤ་ཚང་དགོན་དུ་གཏོར་སྐྱོན་ཚབས་ཆེན་བྱུང་སྟེ་ཤུལ་མེད་བཟོས། དེ་རྗེས་སྤ་ཡི་རྒྱུད་འཛིན་ཏེ་པོ་དམ་ཉི་མ་འཛིན་རིན་པོ་ཆེས་སྤ་ཚང་དགོན་སླར་གསོ་བྱས་ཏེ། སྤ་པོ་དམ་མེ་རིའི་བླ་བྲང་དང༌། སྒྲུབ་ཁང༌། འཁོར་ཕྲེང་སོགས་ནང་རྟེན་དང་བཅས་ལེགས་གྲུབ་བྱུང༌། དེ་རྗེས་སྤ་སྤྲུལ་ནག་དཀར་པོ་དང༌། སྤ་གཡུང་དྲུང་རྒྱལ་མཚན་གཉིས་བྱོན་ནས་སྤ་ཚང་དགོན་པའི་བསྟན་པ་རྒྱ་ཆེར་སྤེལ་བར་མ་ཟད་སྣང་སྟོན་ཆེན་པོའི་དངོས་སློབ་ཏུ་གྱུར། དེ་རྗེས་སྤ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་བསྟན་པ་འཛིན་སྐྱོང་གནང་སྟེ་རྩ་བའི་བླ་མ་སྣང་སྟོན་ནམ་མཁའ་བློ་གྲོས་རིན་པོ་ཆེ་མཆོག་གི་ཐུགས་སྨོན་ལྟར་སྒྲུབ། དམ་པ་ཁོང་གིས་ཅོག་རྩེ་རྒྱལ་རབས་བཅོ་ལྔ་བ་ཚེ་རིང་བསྟན་པའི་ཉི་མའི་གཟིམ་ཤག་གསར་བཞེངས་གནང་འདུག་པ་ད་ལྟའང་ཡོད། དེ་རྗེས་སྤ་བླ་གཡུང་དྲུང་བསྟན་འཛིན་རིན་པོ་ཆེས་སྤ་བྲག་གནས་གདན་ས་རུ་སྐུ་སྐྱེ་བ་བཞེས་ཤིང་སྣང་སྟོན་གཡུང་དྲུང་བསྟན་པའི་ཉི་མའི་དངོས་སློབ་ཏུ་གྱུར་ཏེ་བསྟན་པ་རྒྱ་ཆེར་སྤེལ། དེ་རྗེས་སྤ་བླ་སྐུ་སྐྱེས་རིན་པོ་ཆེ་དང༌། སྤ་ཚང་ཤེས་རབ་གཉིས་ཀྱི་དུས་སུ་སྐུ་སྐྱེས་རིན་པོ་ཆེ་ཁོང་གིས་ཡི་དམ་ཕྱི་ནང་གི་སྒྲུབ་པ་མཛད་དེ་གྲུབ་རྟགས་སྣ་ཚོགས་ཀྱི་སྒོ་ནས་འགྲོ་དོན་བཞེས་ཏེ་སྤ་ཚང་དགོན་པའི་བསྟན་པ་སྤེལ། ཕྱིས་སུ་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་དངོས་སློབ་སྤ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེའི་སྐབས་སུ་ཅོག་རྩེ་རྒྱལ་རབས་བཅུ་དྲུག་པ་དགེ་གོ་ནམ་མཁའ་མཆོག་གིས་སྣང་སྟོན་ནམ་མཁའ་བློ་གྲོས་འབར་ཁམས་བོན་དགོན་ཡོངས་ལ་གདན་ཞུ་བྱས་སྐབས་སྤ་ཚང་དགོན་དུ་ཕེབས་ཏེ། སྤ་གཤེན་བསྟན་ངོ་མཚར་ནོར་བུའི་གླིང་ཞེས་མཚན་གསོལ་བ་དང༌། ཕྱིས་སུ་སྤ་གཡུང་དྲུང་རྒྱལ་མཚན་དང༌། སྤ་ཚང་སྤྲུལ་སྐུ་བསྟན་པའི་སྒྲོན་མེ་གཉིས་ཀྱིས་སྣང་སྟོན་བསྟན་པ་རབ་རྒྱས་རིན་པོ་ཆེ་ལ་སྣང་བཙུན་ནམ་མཁའ་རིན་ཆེན་མཆོག་རྒྱལ་རོང་སྤ་ཡི་གདན་ས་འཛིན་པའི་བསྟན་བདག་ཏུ་བཀོད་པར་རེ་ཞུ་བྱས་མཐར་སྣང་བཙུན་ནམ་མཁའ་རིན་ཆེན་མཆོག་སྤ་ཚང་དགོན་པའི་གསེར་ཁྲི་ལ་མངའ་གསོལ། ལྷ་སྡེ་མང་ཚོགས་ནས་དགའ་སྟོན་རྒྱ་ཆེར་སྤེལ།

2012090810320463.jpg

སྤྱི་ལོ༡༩༥༢ལོར་སྤ་གཡུང་དྲུང་རྒྱལ་མཚན་དགོངས་པ་བོན་དབྱིངས་སུ་ཐིམ་སྟེ་སྤ་ཚང་གདུང་རྒྱུད་དཀར་པོ་མཐའ་ཟད་དུ་གྱུར། སྤ་ཚུལ་ཁྲིམས་བསྟན་པའི་སྒྲོན་མེ་མཆོག་ནི། སྣང་སྟོན་རིན་པོ་ཆེས་སྤ་ཚང་བླ་མ་སྐུ་སྐྱེས་ཀྱི་ཡང་སྤྲུལ་དུ་དངོས་འཛིན་གནང་བ་ལྟར་བསྟན་པའི་མཛེས་རྒྱན་དུ་བཞུགས། དམ་པ་ཁོང་གིས་ཅོག་རྩེ་རྒྱལ་རབས་བཅུ་བདུན་པ་བསོད་ནམས་ཚེ་རིང་མཆོག་གི་དྲུང་ཡིག་ཆེན་མོའི་འགན་བཞེས་ཏེ། སྤ་ཚང་དང་ཅོག་རྩེ་རྒྱལ་པོའི་བར་གྱི་འབྲེལ་བ་དམ་དུ་སོང་བའི་སྐབས་དེར་བཅོས་བསྒྱུར་བྱས། ཕྱིས་སུ་སྤྱི་ལོ༡༩༨༥ལོར་སྣང་ཞིག་ནམ་མཁའ་རིན་ཆེན་རིན་པོ་ཆེས་གཙོས་ལྷ་སྡེ་མང་ཚོགས་ནས་དགོན་པ་སླར་གསོ་བྱས་ཏེ་འདུ་ཁང་དང༌། ཇ་ཁང༌། བླ་བྲང་དང༌། སྒྲུབ་ཁང་སོགས་ནང་རྟེན་སྐུ་གསུང་ཐུགས་རྟེན་གྲངས་མང་བཞེངས་གསར་བཞེངས་མཛད།

2012090810300813.jpg

སྤྱི་ལོ༡༩༨༥ལོར་སྤ་ཚང་བྲག་གནས་ཀྱི་གདན་སར་སྐུ་འཁྲུངས་པའི་ཡང་སྤྲུལ་ཚུལ་ཁྲིམས་བསྟན་པ་དར་རྒྱས་རིན་པོ་ཆེ་མཆོག་ནི། སྣང་ཞིག་ནམ་མཁའ་བློ་ལྡན་དང༌། ལྷ་བ་གཡུང་དྲུང་རྒྱལ་མཚན། སྣང་ཞིག་ནམ་མཁའ་རིན་ཆེན། ཡོངས་འཛིན་ཚུལ་ཁྲིམས་བློ་གསལ་སོགས་སྐྱེས་ཆེན་དམ་པ་དུ་མས་ཐུགས་ཐག་བཅད་དེ། སྤ་ཚུལ་ཁྲིམས་བསྟན་པའི་སྒྲོན་མེའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་དང༌། སྤྱི་ལོ༡༩༩༤ལོར་སྤ་ཚང་དགོན་པའི་གསེར་ཁྲི་ལ་མངའ་གསོལ་མཛད། ཁོང་གིས་ཀྱང་སྤ་ཚང་དགོན་གྱི་བསྟན་པའི་བྱ་བ་ཕྲ་རགས་མང་པོ་ལ་ཐུགས་ཁུར་བཞེས་ཏེ་དགོན་གནས་སླར་གསོའི་ཕྱོགས་ལ་ཞབས་ཕྱི་མཛད་པ་དང་བསྟན་པའི་འཕྲིན་ལས་རྒྱ་ཆེན་སྤེལ། ད་ལྟའི་ཆར་སྤ་ཚང་ཚུལ་ཁྲིམས་བསྟན་པ་དར་རྒྱས་རིན་པོ་ཆེ་ནས་སྤ་ཚང་དགོན་དང་མིང་ངེས་དགོན་སོགས་ལ་གཟབ་རྒྱས་བོན་གྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་ཏེ་གཟིགས་རྟོག་གནང་འདུག སྤ་ཚང་ཚུལ་ཁྲིམས་བསྟན་པ་དར་རྒྱས་རིན་པོ་ཆེ་གཙོས་བླ་གྲྭ་ལྷན་རྒྱས་དང་མིང་ཚོགས་ཚང་མ་ནས་གྲོས་མཐུན་འོག་དགོན་གནས་སྔོན་མ་དེ་གྲུབ་ཆུ་ཁ་རུ་གསར་སྤོ་མཛད་དེ་ཚོགས་ཆེན་འདུ་ཁང་དང་ཇ་ཁང་ནང་ཆེན་ཁག་གསུམ་དང་གྲྭ་ཤག་བཅས་ལེགས་གྲུབ་བྱུང་འདུག་པའི་སྐབས་ཡིན་ལ།

2012090810312734.jpg

ལྷག་པར་དུ་དགོན་འདི་ལ་ལྷག་བསམ་རྣམ་དག་གི་ཞབས་ཕྱི་སྒྲུབ་མཁན་མཆོག་སྤྲུལ་ནམ་མཁའམ་བསྟན་འཛིན་ནོར་བུ་མཆོག་ནི། སྣང་ཞིག་སྐྱབས་མགོན༧བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་དང༌། སྣང་ཞིག་ནམ་མཁའ་རིན་ཆེན་ཟུང་གིས་རིག་འཛིན་རྟོགས་ལྡན་དམར་པོའི་ཡང་སྤྲུལ་དུ་ངོས་འཛིན་གནང་བར་མ་ཟད།

2012090810323955.jpg

སྤ་ཚང་གི་བསྟན་པའི་བདག་པོ་ཚུལ་ཁྲིམས་བསྟན་པ་དར་རྒྱས་རིན་པོ་ཆེས་གཙོས་དོ་དམ་ཨུ་ཡོན་ནས། སྤ་ཚང་དགོན་པའི་རྒྱལ་ཚབ་ཏུ་བསྐོས་བཞག་མཛད་ཡོད་པ་དང༌། དམ་པ་ཁོང་གིས་སློབ་མ་རྒྱ་རིགས་མང་བོའི་སྦྱིན་བདག་མཛད་འོག་སྤ་ཚང་དགོན་གསར་རྙིང་གཉིས་ལ་སྒོར་ཁྲི་ཕྲག་མང་པོའི་འགྲོ་གྲོན་བཏང་སྟེ་རྟེན་བཞེངས་རྒྱ་ཆེར་མཛད་ཡོད་པ་དང༌། ད་ལྟའི་ཆར་སྤ་ཚང་ཚུལ་ཁྲིམས་བསྟན་པ་དར་རྒྱས་རིན་པོ་ཆེ་མཆོག་དང༌། སྤ་ཚང་རྒྱལ་ཚབ་མཆོག་སྤྲུལ་ནམ་མཁའ་རྣམ་གཉིས་ཀྱིས་བཀའ་དྲིན་དང་བླ་གྲྭ་ལྷ་སྡེ་ཡོངས་ནས་དགོན་གསར་བཞེང་གི་ལས་ལ་གཞོལ་འདུག་པ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།