ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་།

[ཟླ་ཚེས། 2014-06-19 09:07:07][རྩོམ་པ་པོ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་སྒྲུབ་པ་གྲྭ་ཚང་༼ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་༽ངམ་དབེན་གནས་བསམ་གཏན་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་གི་བཅའ་ཡིག་བློ་མུན་སེལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ།།
1.jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་གྲྭ་ཆུང་བདེ་བླག་ཡར་རྒྱས་སློབ་གླིང་གི་དགེ་སློབ་ལྷན་རྒྱས།

ན་མོ་གུ་རུ་མངྒ་ཝེར་ཞི་ཡ། མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་ཀུན་མཁྱེན་ཆེན་པོ་ཤར་རྫ་བ་ཡབ་སྲས་ལ་གུས་པས་ཕྱག་འཚལ་ཞིང་དྭངས་བས་སྐྱབས་སུ་མཆིའོ།། བདག་སོགས་ཡོངས་ཀྱི་རྒྱུད་བྱིན་གྱིས་རླབས་པར་མཛོད་ཅིག

སྐྱེ་མེད་གདོད་དག་བོན་སྐུ་ནམ་མཁའི་དབྱིངས།། འགག་མེད་རྩལ་རྫོགས་ལོངས་སྐུ་མཁའ་ཟླའི་འོད།།

གཉིས་མེད་སྣ་ཚོགས་སྤྲུལ་སྐུ་ཆུ་ཟླའི་གར།། སྐུ་གསུམ་དབྱེར་མེད་མངྒ་ཝེར་ཞིར་འདུད།།

རྣམ་དག་ཚུལ་ཁྲི༷མས་གཙང་མའི་པད་དཀར་ལ།།མང་ཐོས་མཁྱེན་རབ་རིག་པའི་དྲི་བསུང་འཐུལ།།
རྒྱལ་གཤེན་བསྟ༷ན་པ༷འི་རྒྱ༷ལ་མཚ༷ན་བསྒྲེང་མཁས་པའི།།སྐྱབས་མཆོག་ཚུལ་ཆེན་གཉིས་པ་གཙུག་ན་རྒྱལ།།

རྔ་ལྗོངས་ས་ཆེན་གཡས་སུ་འཁྱིལ་བ་རུ།།སྔོན་མེད་ལེགས་་བཤད་འཕྲེང་བ་སྤེལ་མཁས་པའི།།
རྨད་བྱུང་མཁས་གྲུབ་གསེར་རིའི་འཕྲེང་བའི་ཚོགས།།རིམ་བྱོན་རྣམས་ལ་སྙིང་ནས་ཕྱག་བགྱིའོ།།

འགྲོ་ལ་རྗེས་སུ་ཆགས་པའི་མཛུམ་མདངས་གཡོ།།མ་དག་སྣང་ངོར་ཁྲོས་པའི་སྡང་མིག་བགྲད།།
འདོད་ཁམས་བདག་མོས་དགྱེས་པའི་གར་དང་བཅས།།བཀའ་ཡི་གནང་བའི་མེ་ཏོག་སིལ་མ་སྩོལ།།

2-(1).jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བྱེད་གླིང་གི་དགེ་སློབ། 

 ད་ལེ་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་སྒྲུབ་པ་གྲྭ་ཚང་ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་ངམ་དབེན་གནས་བསམ་གཏན་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་གི་སྒྲུབ་གྲྭར་བཞུགས་པ་རྣམས་ཀྱིས་དགོང་པ་འཚལ་བའི་བཅའ་ཡིག་གི་རིམ་པ་བློ་མུན་སེལ་བའི་ཉི་མ་ཞེས་པ་བྲི་བ་ལ། འདུལ་བ་ལས། འདུས་སྡེ་དང་ངང་བ་ཁྱུ་ཡིས་འཚོ། ཞེས་གསུངས་པ་ལྟར། ཅིག་སྐྱ་མི་ཐུབ་པའི་ལས་དང་པོ་བའི་གཤེན་གྱི་འདུས་སྡེ་རྣམས་སྒྲིག་ལམ་གྱི་རྣམ་པར་བཞག་པ་ཁོ་ན་ལ་བརྟེན་དགོས་པས།དང་པོར་རྒྱལ་གཤེན་བསྟན་པའི་སྒོར་གཞུགས་པའི་ཐོག་མ་བསམ་པ་ངེས་འབྱུང་གིས་ཀུན་ནས་བསླང་བའི་བློས་མཁྲས་ནད་ཅན་གྱི་མདུན་སར་བཙོ་ཟན་བཀྲམ་པ་ལྟ་བུར་ཞིག་བྱུང་ན་འཇིགས་སྐྱོབས་དང་།ལེགས་སྨོན་གྱི་ཀུན་སློང་དམན་པའི་ཆ་ལས་ལྡོག་པ་ཡིན་པས།ལྟར་སྣང་གི་བཙུན་གཟིགས་ཙམ་ལས་ཆེས་ལྷག་པ་ཞིག་ཡོང་པར་བྱེད་རྒྱུ་རང་གིས་རང་ལ་བསྐུལ་མ་དྲག་པོས་གསོས་འདེབས་པ་གལ་ཆེ།དེ་ལྟར་མ་བྱུང་ན་གནས་སྐབས་སམ་ཁྱིམ་གྱི་ཉེས་པ་བརྒྱ་ཕྲག་གི་དབུས་སུ་ལྟུང་བ་ལ་ཚེགས་མེད་པས་རྟག་པར་གང་ལ་འང་དགོས་མེད་ཞེན་ལོག་གི་བློ་དང་ལྡན་པའི་ངོས་རྒྱུད་དུལ་ཞིང་ཁོངས་འཇམ་པ།ཤིང་བལ་ལྡོག་པས་བརྫིས་པ་ལྟ་བུ་འཇམ་འབོལ་ལེ་བ་ཞིག་ཅི་ནས་ཀྱང་དགོས།དེ་མ་བྱུང་ན་ནང་དུ་རང་གི་ལྷག་པའི་བསམ་སྦྱོར་ཆུད་མཛའ་ཕྱི་རོལ་དུ་གཞན་ཡིད་དྭངས་བ་མི་འདྲེན།ཁྱིམ་པ་སུན་འབྱིན་གྱི་ཉེས་པ་བསྐྱེད་པའི་གཞི་ཡིན།རང་གིས་ཁོང་མ་ཞི་པའི་བསམ་པ་ཚེར་མའི་ནགས་ཚལ་ལྟ་བུ་ཕྲག་དོག་དང་ཀོ་ལོང་གིས་རྒྱུད་མ་རུང་བར་བྱས་པས།མཆེད་གྲོགས་ཕན་ཚུན་དུ་སེལ་འཇུག་ཕོག་ཐུག་གི་གཏམ་དང་སྐྱོན་འདོགས་ལ་དགའ་བ།ཆུ་སྐྱར་གྱིས་ཉེའུ་སྒུག་པའི་དཔེ་བཞིན་གཞན་གྱི་སྐྱོན་རྟོགས་ཇི་ལྟ་བུ་ཞིག་སྙེད་ན་བསམ་པའི་བློ་ངན་དེ་ཚོ་དུས་སྙིགས་མའི་དགོན་གྲོང་ཆེ་ཆུང་གང་ནའང་ཡོད་པས།ཉེས་པ་བརྒྱ་ཕྲག་བསྐྱེད་པའི་རྩ་བ་ཡིན་པས་རང་གཞན་སུའི་ཐད་དུ་དག་སྣང་སྦྱོང་བ་བསླབ་དགོས།དེ་ནས་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེའི་བོན་སྒོར་ཞུགས་པའི་དགོས་པའི་དོན་པོ་ནི།བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོས། སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན།།ཚུལ་ཁྲིམས་མེད་ན་བསྟན་པ་མེད།།ཞེས་གནང་བ་བཞིན།ཡོན་ཏན་གྱི་བརྟེན་གཞི་བསླབ་པ་ལ་གུས་ཤིང་།སྤྱིར་སོ་སོ་ཐར་བ་དང་བྱང་ཆུབ་སེམས་དཔའ་གསང་བ་སྔགས་བཅས་གསུམ་གྱི་སྡོམ་པ་དམ་ཚིག་གཙང་བ་ཐུགས་དམ་འཕེལ་བ།འདིར་སྣང་གི་བྱ་བ་བཏང་བ་ལ་རགས་ལས་པ་དང་བྱེ་བྲག་ཕྱི་ཚུལ་གོས་དྲུག་གདིང་བདུན།ནང་ཁྲིམས་རྩ་བཞི་སྲུང་ཁྲིམས་འདུལ་བའི་གནང་བཀག་རྣམས་ཆ་ཕྲོམ་ནས་ཞིབ་ཏུ་བརྩི་སྲུང་བྱེད་པ་ལས།མི་འོས་པའི་ལས་བྱེད་ན་སངས་རྒྱས་བསྟན་པའི་ཆོམས་པོར་འགྱུར་བས་དེ་རིགས་ཕྱིར་དེངས་དགོས།བསྟན་པའི་མིག་ལྟོས་ལ་གནོད་པའི་ལས་བོན་དང་སྤྱོད་ལམ་ཡ་མ་ཟུང་ཕྱོགས་ཙམ་མི་ཆོག་པས་མཚོན།བླང་དོར་གྱི་གནས་ཐམས་ཅད་དོན་གྱིས་ཚང་བ་ལྟ་བུ་རུ་ལེན་དགོས།འདིར་བཞུགས་རང་དགོན་གྱི་བླ་གྲྭ་དང་གཞན་དགོན་གྱི་གྲྭ་བ་སུ་ཞིག་ཡིན་ནའང་རུང་སྟེ།སྒྲུབ་གྲྭར་བཞུགས་པ་རྣམས་འདུན་མའི་སྒོ་འགེགས་ཀྱི་གཟུགས་བརྙན་ཙམ་མིན་པར་ཐར་བ་དོན་གཉེར་དགོས་པས་རྩི་ཁ་བློ་ཡིས་དང་དུ་བླང་བ་ཁོ་ན་ཡིན་དགོས་ཕྱིར།དེ་འདྲའི་རྒྱུ་རྐྱེན་ཆ་ཚང་བའི་གཤེན་པོ་རྣམས་བགྲང་བྱ་གསུམ་གྱི་བཅད་རྒྱར་ལ་བཞུགས་པའི་ཐོག་མར།རང་གི་མཁན་སློབ་དང་དགོན་པའི་དོ་དམ་མི་སྣ་ལ་རེ་འདུན་ཞུ་ཡིག་ཕུལ་ནས་གོང་རིམ་གྱིས་ཆོག་མཆན་ཐོབ་པ་དང་།ལོ་གང་ཡིན་གྱི་ས་ག་ཟླ༤་བའི་ཚེས༡༡་ལ་གསར་དུ་བཞུགས་པའི་གྲ་སྒྲིག་མཐུས་ཚང་བྱས་པ་དང་།སྔ་མོའི་ཆར་ལྷ་ཁང་རྣམས་མར་མེ་མཆོད་མཇལ་ཡུལ་ལྷ་ལ་བསང་མཆོད་ཀླུང་རྟ།་སྲུང་མ་ལ་སྙན་ཤལ་བཅས་ཕུལ་ནས་བགྲང་བྱ་གསུམ་གྱི་བཅད་རྒྱར་བར་ཆད་མེད་པ་གནད་སྨིན་མཐར་ཕྱིན་ཡོང་བའི་སྐྱབས་འཇུག་དང་དགེ་བསམ་ཐོག་མེད་འགྲུབ་པའི་འཕྲིན་ལས་བཅོལ་དགོས།དེ་ནས་དགོང་མོ་ནས་བསམ་གཏན་གྱི་ཁང་ཆུང་རྣམས་ལ་ཨང་གྲངས་དཀྲུགས་ནས་རང་ཉིད་ལ་གང་ཐོབ་པའི་ཁང་ཆུང་ཕྱི་དོར་གཙང་སྦྲ་ལེགས་པར་མཛད།ཆབ་དང་བསང་གིས་བདུག་པ་དང་བགེགས་བསྐྲད་བཅས་ཡང་དག་སྔོན་དུ་སོང་ནས།ལྷ་ཁང་གི་མཆོད་རྫས་རྟེན་གསུམ་རྔ་གཤང་རོལ་མོ་རྣམས་དང་།ཁང་ཆུང་གི་སྒོ་དང་དཀར་ཁུང་ཡན་ཆད་ཀྱི་རྩིས་སྤྲོད་དོ་དམ་མི་སྣའི་སྤྱན་ལམ་དུ་ལེགས་པར་བྱེད་ནས་བཞུགས་སུ་གསོལ།ཚེས་༡༣ཉིན་མཁན་པོ་རིན་པོ་ཆེ་ནས་སྒྲུབ་གྲྭའི་བཅའ་ཡིག་འཆད་སྦྱོང་དང་ནང་ཁུལ་གྱི་སྒྲུབ་དབོན་ནམ་བླ་མ།དབུ་མཛད།དགེ་བསྐོས་།མཆོད་དཔོན།གཉེར་བ།བཅས་བསྐོ་བཞག་མཛད་དགོས།དེ་ནས་བཟུངས་བགྲང་བྱ་གསུམ་གྱི་རིང་ལ།

2-(3).jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བྱེད་གླིང་གི་དགེ་སློབ།

   སྒྲུབ་དཔོན་ནམ་མཁན་པོས་སྒྲུབ་ཆོག་ཆེ་ཆུང་གསོ་སྦྱོང་གང་གིས་སྐབས་སུ་གཡུང་དྲུང་སློབ་དཔོན་དང་མཁན་པོའི་ལས་འགན་གནང་རྒྱུ།མཆེད་གྲོགས་རྣམས་ཀྱི་བསམ་བློའི་ལང་ཕྱོགས་ལུས་ཀྱི་ཀུན་སྤྱོད།བཤད་སྒྲུབ་ཉམས་ལེན་གྱི་བཟང་ངན་སོགས་ཐམས་ཅད་ལ་ཞིབ་ཚགས་དང་དོ་དམ་བྱེད་ནས་ཟིན་ཐོ་བྲི་དགོས།མ་ཟད་སོ་སོའི་ནང་མི་ཉེ་འབྲེལ་ཐུག་པར་སླེབ་ཚེ་དགོངས་འཁྲོལ་གནང་རྒྱུ།རྩ་རླུང་སོགས་གནད་ཆེའི་བཅད་བརྒྱར་བཞུགས་སྐབས་ནང་མི་སོགས་གཏད་ནས་གཏུག་འདུག་མི་ཆོགདགོས་པ་གལ་ཆེན་བྱུང་ཚེ་མཁན་པོ་རིན་པོ་ཆེས་བཀའ་འཁྲོལ་གནང་དགོས།དེ་དག་རེ་རེ་བཞིན་ཟིན་ཐོ་བཀོད་དགོས།དུས་དང་རྒྱུན་དུ་སྒྲུབ་ཁང་གི་སྒོ་ཕྱིར་གཏད་ནས་ཕེབས་མི་ཆོག་སྤྱོད་དང་ཆབ་བསང་གང་ཡང་ར་བའི་ནང་ལོག་ནས་བཞུགས་པ་ལས་བུག་རལ་གྱི་བྱ་བ་གང་ལའང་དོ་སྣང་ཟབ་མོ་བྱེད་དགོས།བཏུང་བྱ་སོགས་ལེན་རྒྱུར་ནང་ནུབ་ཀྱི་མཚན་མོ་མི་ཡི་རྒྱུ་འགྲུལ་གང་ཡང་མེད་སྐབས་ཕེབས་པ་སོགས་ལ་ཟབ་ནན་གྱི་དོ་དམ་བྱེད་དགོས། དབུ་མཛད་ནས་ཐུན་མོང་གི་སྒྲུབ་ཆོག་ཆོ་ག་དབང་བསྐུར་རིམ་གྲོ།ཤི་གསོན་གྱི་སྐྱབས་ཞུས་གང་ཡོད་དང་།མཁན་པོས་དཔེ་ཁྲིད་སྐབས་སོགས་འདོན་པ་གང་དགོས་ལ་རང་དགོན་གྱི་ཕྱག་ལེན་མ་འཆུགས་པར་དབུ་བསྐུལ་གནང་ནས་སྔ་སྲོལ་རྣམས་ཉམས་མེད་དོ་དམ་གཟབ་ནན་བྱེད་དགོས། མཆོད་དཔོན་གྱིས་སྒྲུབ་ཆོག་གང་གི་སྐབས་སུ་ལྷ་ཁང་ཕྱི་དོར།མཆོད་རྫས་བཤམ་བཀོད།གཏོར་མ་དང་མར་མེ་ཡོན་ཆབ་མེ་ཏོག་སོགས་ཀྱིས་མཆོད་བཤམ་གཙང་དག་བྱེད་དགོས།མཆོད་འབུལ་བསང་སོགས་གང་དགོས་སྐབས་བསྟུན་ལྟར་དམ་པའི་ཕྱག་ལེན་ནོར་མེད་ཀྱི་ཞབས་འདེགས་ཞུ་རྒྱུ།
དགེ་སྐོས་ཀྱིས་ཉ་སྟོང་གི་སྨྱུང་གནས་གསོ་སྦྱོང་།ཚེ་འདས་སྐྱབས་ཞུ་ལ་སྐྱབས་འཇུག་ནང་ནུབ་བཞེངས་གཟུམ་གྱི་དུས་ཚོད།དབྱར་དགུན་སོགས་རྩ་རླུང་གི་དུས་ཚོད་གོ་རིམ།ལོ་རེ་རེ་བཞིན་གྱི་བཤད་སྒྲུབ་ཀྱི་དུས་སོགས་རྒྱུན་གྱི་བཅའ་ཡིག་ལྟར་སྒྲིག་ལམ་ཐམས་ཅད་ལ་དོ་དམ་གནང་རྒྱུ།ཚེ་འདས་ཀྱི་ཞེ་དགུ་བཅོལ་བའི་ཉིན་གྲངས་རིམ་གྲོ་གང་དགོས་བཅོལ་ཡོན་སོགས་གཉེར་བ་ དང་མཉམ་དུ་ཐོ་འགོད་བྱེད་རྒྱུ།མ་ཟད་ཉིན་མོ་སྒོ་ཕྱིར་ཕེབས་པ་སོགས་ལ་དོ་དམ་ཟབ་མོ་གནང་དགོས། གཉེར་བས་སྒྲུབ་ཁང་དུ་ཡོན་བདག་ཚོས་ཞེ་དགུ་དང་རིམ་གྲོ་བཅོལ་ཡོན་བསྔོ་རྟེན་སོགས།དགེ་སྐོས་དང་མཉམ་དུ་ཐོ་འགོད་དང་ཐུན་མོང་ལ་དབང་བའི་དངུལ་དང་བཅའ་ལག་ཆུད་ཟོས་དང་བོར་བརླག་མི་བྱེད་པར་ཐམས་ཅད་དོ་དམ་ཡང་དག་བྱེད་ནས།ལོ་མཇུག་དུ་དངུལ་ལྷག་ཕྱག་འགྱེད་འགྲོ་ཡོང་ཐམས་ཅད་དགེ་སྐོས་དང་མཉམ་དུ་རྩིས་གྲངས་ཞིབ་མོ་བྱས་ནས་ཡར་ཞུ་ཕུལ་དགོས།དེ་ལྟར་ལས་སྣེ་རྣམས་བསྐོས་བཞག་དང་རང་རང་གི་འགན་འཁྲི་རྣམས་ངོ་སྤྲོད་ཞིབ་པར་སོ་སོའི་འགན་ལེན་བྱེད་པ་གལ་ཆེ། ས་ཟླའི་བཅོ་ལྔ་ལ་ནི་འདུ་ཁང་དུ་མཆོད་པ་རྣམ་ལྔ་སོགས་བཀོད་ལེགས་གཙང་དག་བཤམས་ལ།ལམ་དང་སྒོ་ཕྱི་ཁྱིམ་ཀུན་ཏུ་ཕྱི་དོར་གཙང་མ་བྱེད་ནས་དྲི་བཟང་གི་ཆུས་ཆག་ཆག་གདབ་པ་དང་།ས་ཐིག་ལེགས་པས་མཛེས་པར་བྱས་ལ་སྔ་དྲོའི་ཆར་སྐྱབས་མགོན་མཆོག་གི་དྲུང་དུ་བསྙེན་པ་རྫོགས་དགོས་པས།ཚང་མས་དྲི་ཞིམ་གྱི་བདུག་སྤོས་བསྣམས་ནས་སྣེ་ལེན་དང་བསུ་མ་མཛད་ནས་གཙུག་ལག་ཁང་དུ་གདན་ཞུས་བྱས་ནས་བཞུགས་སུ་གསོལ།དེ་ནས་འདུལ་བའི་ལས་ཆོག་ལྟར་དཔལ་ལྡན་བྲུ་ཡི་རིང་ལུགས་རྒྱལ་བ་མཉམ་མེད་ཆེན་པོའི་ཕྱག་ལེན་མ་ནོར་བའི་ཆོ་ག་ལ་བརྟེན་ནས།བསྙེན་པ་རྫོགས་ནས་ཕྱི་ཚུལ་ནང་ཁྲིམས་ཟུང་འབྲེལ་དྲན་ཤེས་དང་བག་ཡོད་སྒོས་ཞིབ་པར་སྲུང་ཞིང་ཉིན་མཚན་ཀུན་ཏུ་ལན་གྲངས་མང་པོར་བསྔོ་བགྲང་མཛད་ཅིང་།ནང་ནུབ་དུས་དྲུག་ལ་ཕྱིར་བཅོས་ཀྱི་ཆོ་ག་ལ་རྒྱུན་དུ་བརྩོན་པ་དང་།གུང་ཚིགས་ཆབ་ལེན།ཕྱི་ནང་ཀུན་ཏུ་གཟན་ཤམས་འབྲལ་མེད་མཛད་དགོས།རྒྱུན་ཏུ་ཀུན་མཁྱེན་ཤར་རྫ་བའི་རྒྱུན་སྤྱོད་ལྟར་ཉིན་རེ་བཞིན།སྔ་དྲོའི་ཆར་ཆུ་གཏོར།དཀར་གསུར།ཕྱི་དྲོའི་ཆར་རང་སྲུང་བསྐང་གསོལ་འཕྲིན་བཅོལ་མདོར་བསྡུས་དང་མཁའ་འགྲོ་གསང་གཅོད་ཀྱིས་གཅོད་དམིགས་དང་།དམར་གསུར་སོགས་ཐམས་ཅད་རང་རང་གི་དམིགས་རིམ་ལྟར་སླ་ཆོས་སུ་མ་སོང་བར་ཚིག་རྗེས་དོན་དྲན་གྱིས་འོག་ནས་ཞུས་པ་ལྟར་ཆད་མེད་གསུང་དགོས།ཟླ་བ་རེ་རེ་བཞིན་གྱི་ཉ་སྟོང་དུས་སུ་སྨྱུང་གནས་ལ་བཞུགས་ཚེ་རྒྱལ་བ་རྒྱ་མཚོའི་ཆོད་ག་ལྟར་གསོ་སྦྱོང་དང་།སྔ་ཕྱི་དྲོ་ཆོ་ག་ཆད་ལྷག་མེད་པར་གསུང་དགོས།དབྱར་གནས་སྐབས་ཀྱི་གྲྭ་ཚང་གི་གསོ་སྦྱོང་ལ་ཕེབས་སྐབས།གཞན་གང་སར་མི་ཕེབས་པ་སྒྲུབ་ཁང་དུ་ཤར་ཕེབས་དགོས་པ་སོགས་སྒྲིག་ལམ་ལྟར་ཞིབ་པར་མཛོད།

2-(4).jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བྱེད་གླིང་གི་དགེ་སློབ།

                                         དེ་ནས་ལོ་རེ་བཞིན་དུ་རིམ་པར་ལོ་གསུམ་དུ་ཟླ་བ་བཅོ་བརྒྱད་ལ་འཆད་ཉན་ཟླ་བ་བཅོ་བརྒྱད་ལ་ཉམས་ལེན་བྱེད་དགོས་པ་ལ།
    མདོ་བསྟན་དང་།རྒྱས་བཤད་གཉིས་ལས། དང་པོ་ནི།འཆད་ཉན་སྐོར་ལ་སྔོན་འགྲོ་ཁྲིད་ཡིག་དམར་མོ་མཛུབ་ཚིག་རྩ་བ་ཀུན་གྲོལ་ཅན།འགྲེལ་བ་ཤར་རྫ་ཅན།ཀུན་མཁྱེན་རིན་པོ་ཆེའི་མཛོད་ཆེན་གཉིས་པ་སྡེ་སྣོད་མཛོད་སྔ་ཕྱི་དུམ་གཉིས་བཅས་ཁྲིད་ཁ་ཚར་གཅིག བསྐྱེད་རྫོགས་ལྷ་གཉེན་ཤེལ་སྒོང་།སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ།རྫོགས་ཆེན་སྙིང་ཏིག་ཁྲིད་ཁ་ཚར་གཅིག ཚུལ་ཆེན་རིན་པོ་ཆེའི་གསུང་འབུམ་ལས་ལམ་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ།སྒོམ་རིམ་རྣམ་མཁྱེན་གྲོང་འཇུག གསུར་གྱི་དམིགས་ཁྲིད་ཕན་བདེའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་གཅོད་ཀྱི་དམིགས་ཁྲིད་རིག་འཛིན་དགོངས་རྒྱན།མཚན་དཔེའི་རྣམ་བཤད་ལེགས་བཤད་པད་དཀར་ཆུན་པོ་སོགས།མདོ་སྔགས་ཡོངས་སུ་རྫོགས་པའི་གཞུང་དོན་ཟབ་ཁྲིད་སྨིན་རྒྱས་སུ་མཛད་བཞིན།རང་རང་ས་ནས་གཞུང་དོན་ཉིན་རེའི་ཁྲིད་ཚན་ལ་དྲི་བ་དྲི་ལན་དང་།འཕྲོས་པ་གཤར་སྦྱང་བཅས་བྱེད་ནས་དོན་བློ་རུ་ཆུད་ངེས་ཀྱིས་སླབ་སྦྱང་ཁོ་ནས་ཉིན་མཚན་འདའ་བར་མཛད་དགོས།གཞན་ཡང་རྒྱལ་བ་མཉམ་མེད་ཆེན་པོའི་བཀའ་འབུམ་སྐོར།ཀུན་མཁྱེན་བཀའ་འབུམ།ཚུལ་ཆེན་གསུང་འབུམ་སོགས་ཀྱི་ལྗགས་ལུང་བཅས་གནང་བ་མཐར་ཕྱིན་མཛད་དགོས།སྒྲུབ་པ་ཉམས་ལེན་སྐོར་ལ་དམར་མོ་མཛུབ་ཚིག་གི་འབུམ་དགུ་གྲངས་ཚང་།བཀའ་ལུང་རྒྱ་མཚོའི་འབུམ་དགུ།མ་རྒྱུད་ཀྱི་འབུམ་དགུ་གྲངས་ལྡན་ཚང་དགོས།རྩ་རླུང་སྐོར་ལ་མཁའ་འགྲོ་གསང་མཛོད་ཀྱི་རྩ་རླུང་།རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་རྩ་རླུང་།སྙན་རྒྱུད་རྩ་རླུང་བཅས་དང་།རྒྱབ་ཐུར་བཅུད་ལན་ཐོད་རྒལ།མུན་མཚམས་ཞེ་དགུ་སོགས་དང་།གཞན་ཡང་ཨ་ཁྲིད་ཐིག་ལེ་ཉག་གཅིག་གི་དབང་།གསང་གཅོད་ཀྱི་དབང་།བོད་ཡུལ་མའི་དབང་།རྫོགས་པ་ཆེན་པོའི་དབང་བཞི།བདེ་གཤེགས་འདུས་པའི་དབང་བཞི་ཞུ་དགོས།གཏང་རག་གི་ཚོགས་འཁོར་ལ་བདེར་འདུས་ཀྱི་ཚོགས་འཁོར།སྦྱིན་སྲེག་རྒྱས་པ་མཐར་ཕྱིན་མཛད་དགོས།དེ་ལྟར་ཐོས་བསམ་སྒོམ་སྒྲུབ་གང་གི་སྐབས་སུའང་མཁན་སློབ་ཀྱི་བཀའ་གསུང་དང་ཁྲིད་གཞུང་གི་དགོངས་དོན་ཇི་ལྟ་བ་ལས་ཉི་མ་འགྲོ་ཐབས་དང་།སླ་ཆོས་ཁྲལ་ཆོས་སུ་མི་སེམས་པར།ཉིན་མཚན་ཀུན་ཏུ་བཤད་དང་སྒྲུབ་པ་གང་གི་དེ་ཉིད་ཁོ་ནས་དུས་འདའ་བ་དང་།བཅད་བརྒྱར་གྲུབ་ཚུན་ཆད་ཉེ་དུ་རྩ་ལག་གི་སར་ན་ཤི་སྐྱེན་དབང་གིས་མཚོན་དགོས་དོན་གལ་ཆེན་ལའང་དགོངས་གནང་མེད་ངེས་ཤིང་ཉེ་གནས་ལྟ་བུ་རེ་གཉིས་ལས་མིས་རྒྱུ་འགྲུལ་གྱིས་དབེན་པ་ཞིག་དགོས།དེར་མ་ཟད་སྒྲུབ་གྲྭའི་སྒྲིག་ལྟར་ལས་གཞན་པའི་མཚམས་བསྙེན་སྒྲུབ།ཐ་སྙད་ཀྱི་རིག་གཞུང་གང་ཡང་བསླབ་གཉེར་གཏད་ནས་བྱེད་མི་ཆོག གཞན་གསར་དུ་བཀོད་སྒྲིག་བྱས་པའི་སྒྲུབ་པ་ལ་བར་ཆད་ཞི་ཞིང་སྒྲུབ་པ་མཐར་ཕྱིན་ཆེད་གསང་བ་སྔགས་ཀྱི་སྒྲུབ་ཆེན།ལོ་དང་པོ་ལ་དབལ་གསས། ལོ་གཉིས་པ་ལ་སྟག་ལྷ།ལོ་གསུམ་པ་ལ་བདེ་གླིང་ཕུར་བ་བཅས་བསྙེན་སྒྲུབ་ལས་གསུམ་ཚད་ལྡན་སྒྲུབ་དགོས།གཉིས་པ་གོང་གསལ་བཤད་སྒྲུབ་ཀྱི་བྱ་བ་རྣམས་ལོ་རེ་བཞིན་ལག་ལེན་དུ་བསྟར་བའི་རིམ་པ་རྒྱས་པར་བཤད་པ་ལ་ལོ་དང་པོ་ལ་ཁྲིད་ཡིག་དམར་མོ་མཛུབ་ཁྲིད་ཀྱི་འགྲེལ་བ་བདེ་ཆེན་ཐར་བའི་ལམ་བཟང་འཆད་ཉན་ཆ་ཚང་།དེ་དང་འབྲེལ་སྔོན་འགྲོའི་བསགས་སྦྱང་ཉམས་སུ་ལེན་ཚུལ་བློ་མུན་སེལ་བའི་སྒྲོན་མེ་ལྟར་ཕྱག་དང་སྐྱབས་འགྲོ་འབུམ།སེམས་བསྐྱེད་ཀྱི་ཆོ་ག་དོན་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ་ལྟར་སེམས་བསྐྱེད་འབུམ།ཡིག་བརྒྱའི་སྒོམ་བཟླས་ལྟར་ཡིག་བརྒྱ་འབུམ།དེ་ནས་སྒོམ་རིམ་ལྟར་མཎྜལ་འབུམ།བླ་མའི་རྣལ་འབྱོར་ཉུང་འདུས་དངོས་གྲུབ་ཀུན་འབྱུང་ལྟར་བླ་མའི་བསྙེན་པ་འབུམ།གཞན་ཡང་སྙིང་པོ་རྣམ་གསུམ་རེ་རེ་བཞིན་འབུམ་ཕྲག་རེ་འགྲོ་ངེས་བྱེད་དགོས།དེ་དག་ཉིན་རེ་ལ་སྟོང་རེ་བསག་པའི་ཞག་བརྒྱ་ལ་སྔོན་འགྲོ་འབུམ་དགུ་རྫོགས་པ་ཡིན།དེ་རྣམས་གང་ལའང་སྦྱོར་དངོས་རྗེས་གསུམ་པོ་དམ་པ་གསུམ་དང་འབྲེལ་བར་ཉམས་སུ་ལེན་དགོས་པ།ཐུན་རེ་ལའང་དེ་བཞིན་ཚང་དགོས་པ་གཅེས་ནོར་དམ་པ་ཡིན་པས་ལམ་ཁྲིད་སྒོམ་རིམ་དུ་གསལ་བ་ལྟར་བླང་དོར་ཞིབ་ཕྲ་མཛད་པར་ཞུ།དེ་བཞིན་ལོ་རེའི་ཟླ་བ་གསུམ་པ་ལ་ཚོགས་ཆེན་གྱི་བཤད་གྲྭ་བ་དང་མཉམ་དུ།ལམ་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་སྒྲ་ཁྲིད་དག་པར་མཛད་དགོས།མ་ཟད་ཚན་པ་རེ་བློ་རྒྱུགས།གཞུང་ལ་འགྲེལ་རྒྱུགས་དཀའ་གནད་ལ་དོགས་སེལ་བཅས་བྱེད་ནས་གཞུང་དོན་འཐུས་ཚང་གོ་བ་ཡང་དག་ལེན་དགོས།འཆད་ཐུན་རེ་རེ་བཞིན་དུ་དབུ་ལ་བདེ་རྒྱལ་མ།སིལ་རོལ།མདོ་ཡན་ལག་བརྒྱད་པ།མནྜལ་དབུལ།བཀའ་འཁོར་བསྐོར་བ་ཡན་བརྗོད།འཇུག་ཏུ་བསྔོ་བ་བའི་ཡན་ལག་སོགས་ནས་མཐར་ཕྱུང་བསྟན་འབར་མ་བཅས་གསུང་རྒྱུན་སྔོན་མའི་ཕྱག་ལེན་ནོར་ཆད་མེད་པ་དགོས།ལམ་ཁྲིད་སྐབས་ཀྱི་སེམས་བསྐྱེད་དང་སྐྱབས་འགྲོའི་མཆོད་པ།སྔོན་འགྲོའི་སྐབས་སོགས་གང་ལའང་སླ་ཆོས་སུ་མ་སོང་བར་མཆོད་པ་རྣམ་ལྔ་རྒྱས་པ་གཞུང་ནས་གསུང་པ་ལྟར་སྔོན་མའི་ཕྱག་ལེན་བཞིན་ལེགས་པར་བྱ་དགོས་པ་སོགས་ཐུགས་ལ་འཇོག་དགོས།དེ་ནས་གཟའ་སྐར་བཟང་བོའི་དུས་ཚེས་ལ།ཀུན་མཁྱེན་ཆེན་པོ་འཇའ་ལུས་པ་ཤར་རྫ་བ་རིན་པོ་ཆེའི་མཛོད་ཆེན་ལྔ་ཡི་ཡ་གྱལ་སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་དབུ་ནས་བཟུང་སྔ་དུམ་ལེའུ་བཅུ་བོ་རྫོགས་པར་བླ་མའི་ཞལ་ཁྲིད་དང་མ་འཛོལ་བར་འཆད་ཉན་གནད་སྨིན་སྐལ་ལྡན་གྱི་སློབ་མའི་རྒྱུད་ལ་ངེས་ཤེས་འདྲོང་ངེས་བྱ་དགོས།འདིའི་སྐབས་ལོ་གསུམ་ལ་སྡེ་སྣོད་མཛོད་ཀྱི་རྩ་བ་ལེའུ་ཉེར་གཅིག་པོ་སྒྲུབ་གྲྭ་བ་རེ་རེ་བཞིན་ཀྱིས་བློ་རྒྱུགས་འབུལ་དགོས་པས་ལོ་རེར་ལེའུ་བདུན་ལས་མི་ཉུང་བ་བློ་རྒྱུགས་འབུལ་ནས་འཕྲོད་ངེས་བྱེད་དགོས།འཆད་ཐུན་སྐབས་སུ་དང་པོ་བདེ་རྒྱལ་དང་སྨྲ་སེང་བསྟོད་པ།བླ་རྒྱུད་གསོལ་འདེབས་མནྜལ་བཀའ་འཁོར་བསྐོར་བ་བཅས་དང་རྗེས་སུ་བསྟན་འབར་མ་སོགས་སྔ་མའི་ཕྱག་ལེན་་ཆད་མེད་གནང་དགོས།དེ་ནས་མཁའ་འགྲོ་གསང་བའི་གཅོད་གདམས་ཀྱི་གཞུང་བསྲིང་ལ་བླ་མའི་མདུན་ནས་ཤར་རྫའི་དབང་ཁྲིད་ལྟར་དབང་བཞི་ཡོངས་རྫོགས་བསྐུར་ནས་དབང་གི་དམ་ཚིག་ལ་གནས་དགོས།དབང་ཐོབ་ནས་གསང་གཅོད་ཀྱི་ལུས་སྦྱིན་ཕྱི་ནང་གསང་གསུམ་གྱི་རྒྱུན་བཟུང་ལ་ཁས་བླང་དོན་མཐུན་བྱའོ།།དེའི་ཞལ་ལ་གསུར་དམིགས་དང་གཅོད་དམིགས་གཉིས་ཀྱི་དགོང་དོན་གསལ་བོ་སློབ་མའི་བློ་ཐོག་ཏུ་ལོན་ངེས་ཀྱི་ཁྲིད་གདབ་དགོས་ཤིང་།དེ་ནས་བཟུང་ཤར་རྫའི་རྒྱུན་སྤྱོད་ལྟར་ནང་ནུབ་དུ་དཀར་གསུར་དམར་གསུར་གྱི་རྒྱུན་ཆད་མེད་དང་བསྔོ་སྨོན་དུང་སྒྲ་བཅས་མཛད་ནས།ཉམས་ཐག་པའི་ཚེ་འདས་བར་མ་དོ་རུ་འཁྱམས་པ་རྣམས་ལ་དམིགས་མེད་ཀྱི་གསུར་མཆོད་རྒྱ་ཆེན་གནང་ན།འབད་པ་ཆུང་ངུས་རླབས་ཆེན་གྱི་ཚོགས་རྫོགས་ཤིང་ཉམས་ཐག་འགྲོ་མང་བདེ་བ་ལ་དབུགས་འབྱིན་པའི་དགོས་པ་ཁྱད་པར་ཅན་ཡོད་པའོ།།དེ་བཞིན་དུ་མཁའ་འགྲོ་གསང་བའི་གཅོད་གདམས་ཀྱི་ལུས་སྦྱིན་ཕྱི་ནང་གསང་གསུམ་ཉིན་རེ་བཞིན་རེས་མོས་ཀྱིས་མ་ཆག་པར་ཌལ་སིལ་རྐང་དུང་གི་སྒྲ་བཅས་ཁ་ཡེངས་མིག་ཡེངས་མ་ཡིན་པར་དམིགས་རིམ་རྣམས་ལྷག་ཆད་མེད་པར་བློ་ལ་འདྲོང་ངེས་ཀྱིས།ལྷ་སྲིན་འབྱུང་བོ་མི་མ་ཡིན་གྱི་སྡེ་རྣམས་ལ་ལུས་གཅེས་འཛིན་གྱི་འཁྲི་བ་རེས་སུ་བོར་ནས་ཆགས་མེད་ལུས་ཀྱི་སྦྱིན་པས་ཚིམས་པར་བྱས་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟེན་ནས་བློ་ཁ་ཡང་དག་པའི་ལམ་དུ་བསྒྱུར་ཏེ་གནས་སྐབས་དང་མཐར་ཐུག་གི་གདུལ་བྱ་དམ་པར་འགྱུར་བའི་སྨོན་ལམ་ཟབ་མོ་དང་འབྲེལ་ནས་ཅི་གསུང་རྒྱལ་བའི་བཀའ་དང་ཅི་མཛད་གཞན་དོན་དུ་ཅི་འགྱུར་ལ་དམིགས་རིམ་སྐྱོང་དགོས།དེ་དག་གང་གི་སྐབས་སུའང་ཀུན་སློང་འཆོས་པ་དང་བྱང་ཆུབ་སེམས་སྙིང་རྗེའི་རྩ་བ་ཅན་ཁྱད་པར་ཅན་འབྲེལ་བར་ཉམས་ལེན་གནང་རྒྱུ་ཅི་ནས་ཀྱང་གལ་ཆེ་བས་དེ་བཞིན་ནམ་རྒྱུན་དུ་ཐུགས་བཞག་ནན་མོ་མཛོད་ལགས།དེ་ནས་ཕལ་ཆེར་བོད་ཟླ་བརྒྱད་པའི་ཡར་ཚེས་ཙམ་གྱི་དུས་ཚེས་བཟང་པོ་ནས་སྒྲུབ་པ་ཉམས་ལེན་གྱི་དབུ་ཚུགས་དགོས་ཏེ།དེ་ལ་དང་བོ་སྔོན་འགྲོའི་བསགས་སྦྱང་ཕལ་ཆེར་གྲུབ་མོས་ཀྱི་སྐབས་སུ།སྦྱོར་བ་མན་ངག་ཨ་ཁྲིད་ཐུན་ཚམས་བཅོ་ལྔའི་དངོས་གཞི་སྐུ་གསུམ་རང་ཤར་ལྟར་དང་བོ་ལ་ཁྲུས་དང་བགེགས་བསྐྲད་ཨ་གཏད་སོགས་ལ་བརྟེན་ནས་སེམས་བཟུང་བ།ཁྱེད་པར་གྱི་སྔོན་འགྲོ་སེམས་ཀྱི་གནས་ལུགས་གཏན་ལ་དབབ་པ་སོགས་ནས་རིམ་པར་གཞུང་འགྲེལ་དང་མ་འཛོལ་བའི་སྒོ་ནས་དམར་ཁྲིད་གནང་དགོས།དེའི་ཞལ་ལ་ཤར་རྫའི་བཀའ་འབུམ་དུ་བཞུགས་པའི་སེམས་ཀྱི་བྱུང་གནས་འགྲོ་གསུམ་དང་།ཚུལ་ཆེན་རིན་པོ་ཆེའི་སེམས་རིག་དབྱེ་བ་སོགས་ཞལ་ཁྲིད་གནང་དགོས།དངོས་གཞི་སེམས་འཚོལ་གྱི་རིག་པ་དང་སེམས་དང་རིག་པ་དབྱེ་བའི་ལམ་འདི་ནི།གཞི་རང་བཞིན་རྫོགས་པ་ཆེན་པོའི་དོན་སྒོམ་པའི་ཉམས་ལེན་གྱི་སྒོ་ལྟ་བུ་ཡིན་པས།དེ་ལ་དང་བོ་འདི་ཉིད་གནད་དུ་འགྲོ་ངེས་དང་ལམ་འདི་ལ་ཐག་ཆོད་ཟབ་མོ་ཞིག་གི་རྨིང་ཞིག་ཡོད་དགོས་པ་སྒྲུབ་གཤེན་རྣམས་ཀྱིས་ཐུགས་འཛིན་ཞུ།དེ་ནས་བསྐྱེད་རྫོགས་ལྷ་གཉེན་ཤེལ་སྒོང་ལྟར་ཏིང་འཛིན་རྣམ་གསུམ་དང་གཞལ་ཡས་ཁང་བཅས་ཀྱི་གསལ་གདབས་དག་དྲན་བཅས་བློ་ལ་འདྲོང་ངེས་ཀྱི་ཞལ་ཁྲིད་མཛད་དགོས།དེ་ནས་སྟོན་ཟླ་ཐ་ཆུང་གི་ཚེས་གང་རུང་ཞིག་ནས་དངོས་གཞི་རྩ་རླུང་གི་རིམ་པ་ལ།ལོ་དང་བོར་མཁའ་འགྲོ་གསང་མཛོད་ཀྱི་རྩ་རླུང་ཉམས་ལེན་གནང་དགོས།དེ་ལ་དང་བོ་བོད་ཡུལ་མའི་ཚོགས་འཁོར་རྒྱས་པ་ཕུལ།དེ་ནས་གསང་མཛོད་ཀྱི་དབང་ཁྲིད་ཡེ་ཤེས་རང་ཤར་ལྟར་དབང་ཞུ།ཁྲིད་ཡིག་སོ་སོའི་ལུང་ཞུ་དགོས།དེའི་སྐབས་ཡིག་ཆ་འདི་དག་གྲ་སྒྲིག་བྱེད་དགོས།༡རྩ་རླུང་བསྐྱེད་རིམ་ལྷ་ཡི་རྣམ་བཞག༢རྩ་རླུང་མཁའ་འགྲོ་གསང་མཛོད་ལས་སྔོན་འགྲོ་རྗེས་ཀྱི་ཚིག་བཤད་༣རྡོ་རྗེ་རྣལ་འབྱོར་སྒྲུབ་ཐབས་༤རྩ་རླུང་ཟིན་བྲིས།༥ཐུན་མོང་གཏུམ་མོའི་ཉམས་ལེན་ལ་ཉེ་བར་མཁོ་བའི་ཞལ་ཤེས།༦གསང་མཛོད་ཀྱི་ཐུན་མོང་གཏུམ་མོའི་འཁྲུལ་འཁོར་༧ནང་འབྱིན་འཇུག་རླུང་གི་ཉམས་ལེན་བཅས་དཔེ་ཆ་རྣམས་ཚག་མཛད་ལ་དེ་དག་གི་ནང་དོན་གསན་སྦྱང་བློ་ལ་འདྲེས་ངེས་སུ་བྱ་ལ་བཅད་བརྒྱར་བཞུགས་དགོས།རྩ་རླུང་འདིའི་སྦྱང་ཚུལ་གྱི་ཟིན་བྲིས་དང་རེའུ་མིག་སོགས་ཟུར་དུ་ཡོད་པ་ལྟར་ལག་ལེན་མཛད་དགོས།དེ་དག་གང་ལའང་རང་བཟོའི་སླད་མ་ཞུགས་པར་སྔོན་བྱོན་དམ་པའི་ཕྱག་ལན་ལ་ངེས་ཤེས་འདྲོང་བར་མཛོད་ལ་གྲུབ་པའི་རྟགས་རྣམས་ཐོན་ངེས་བྱེད་པར་གཡོ་ཟོལ་མེད་པ་སྙིང་རུས་རྡོ་རུས་འཕྲད་པ་ལྟ་བུས་ཉམས་ལེན་གནང་དགོས།དེར་མ་ཟད་ཡི་དམ་གྱི་བསྙེན་དམིགས་སོ་སོས་སྐབས་སུའང་མི་ཚིག་གིས་མ་ཆོད་པར་དམིགས་རིམ་དང་མ་བྲལ་བར་གསུང་རྒྱུ་གལ་ཆེ།དེ་བཞིན་རྩ་རླུང་མཐར་ཕྱིན་ནས་གཏང་རག་གི་ཚོགས་འཁོར་འབུལ་དགོས།དེ་ནས་ལོ་རིམ་གཉིས་པའི་སྐབས་སུ་གསན་སྦྱང་གི་སྐོར་ལ།མཁན་ཆེན་དམ་པའི་མདུན་ནས་ཚུལ་ཆེན་རིན་པོའི་ལམ་ཁྲིད་གསན་སྦྱང་མཛད་དགོས་པ་གཞིར་བཞག ལོ་འདིར་དཀའ་ལུང་རྒྱ་མཚོ་གསན་བསམ་ཡོངས་རྫོགས་མཛད་པ་དང་།སྒོམ་རིམ་ཐར་ལམ་མྱུར་བསྒྲོད་དང་།ཨ་ཁྲིད་ཀྱི་ཚིག་བཤད་ལྟར་སེམས་བསྐྱེད་སྐྱབས་འགྲོ་ཕྱག་ཡིག་བརྒྱ་མནྟལ་བླ་མའི་རྣལ་འབྱོར་བཅས་ལ་འབུས་ཕྲག་རེ་འགྲོ་ངེས་བྱ་དགོས།དེ་རྗེས་སྙིང་བོ་རྣམ་གསུམ་འབུམ་ཕྲག་རེ་རྫོགས་དགོས།དེ་དག་གང་ལའང་དམ་པ་གསུམ་དང་འབྲེལ་བར་ཉམས་སུ་ལེན་དགོས།ལོ་འདིར་དཔེ་ཁྲིད་སྐོར་ལ་སྡེ་སྣོད་མཛོད་ཀྱི་ཕྱི་དུམ་ལེའུ་བཅུ་གཅིག་དང་།བསྐྱེད་རྫོགས་ལྷ་གཉེན་ཤེལ་སྒོང་བཅས་གསན་བསམ་ལེགས་པར་མཛད་དགོས།ཉམས་ལེན་སྐོར་ལ་སྟོན་ཟླ་འབྲིང་བོ་ཙམ་དུ་རྫོགས་ཆེན་གཞུང་བཞིས་ཚོགས་འཁོར་རྒྱས་པ་འབུལ།མཚན་ལྡན་དཔོན་གསས་དམ་པའི་དྲུང་ནས་རྫོགས་ཆེན་དབང་བཞི་བསྐུར་གནང་ཡོད་པར་རེ་འདུན་ཞུ།དེ་ནས་དུས་ཚེས་བཟང་པོར་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལྟར་ཞག་བརྒྱ་ཚད་ལྡན་ལ་བཞུགས་དགོས།དེ་ལའང་༡རྫོགས་ཆེན་སྐུ་གསུམ་རང་ཤར་ལས་སྔོན་འགྲོ་རྗེས་ཀྱི་ཚིག་བཤད་ཐུགས་རྗེས་མྱུར་གཟིགས་༢རྫོགས་ཆེན་རྩ་རླུང་གི་ཞག་བརྒྱ་འགྲོ་ཚུལ་གྱི་ཟིན་བྲིས་དམ་པའི་ཞལ་རྒྱུན་༣གཏུམ་མོ་ཡེ་ཤེས་མེ་དཔུང་གི་ཁྲིད་ཡིག་༤བོག་འདོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ་༥རྫོགས་ཆེན་གཞུང་བཞིའི་དཔེ་ཆ་༦ཐུན་རེ་བཞིན་གྱི་དུས་ཚོད་ཀྱི་རེའུ་མིག་བཅས་གྲྭ་བསྒྲིགས་མཛད་ནས་བླ་མའི་ཞལ་ཁྲིད་དང་གཡུང་དྲུང་གི་མཆེད་པོ་ཚོས་གསལ་གདབ་སོགས་ལ་བརྟེན་ནས་རྩ་རླུང་གི་བཅད་བརྒྱ་གནད་དུ་འགྲོ་བ་ཞིག་མཛད་དགོས།འཁྲུལ་འཁོར་ལ་ཁྲིད་ཡིག་སྒྱུ་མའི་རོལ་མོ་ལྟར་བསླབ་ཁྲིད་དོགས་མེད་མཛད་དགོས།ཆུ་རས་རླུང་རས་སོགས་ཀྱང་གཏུམ་མོའི་ཁྲིད་གཞུང་ལས་གསུང་པ་ལྟར་བླ་མའི་ཞལ་ཁྲིད་དང་མ་འཛོལ་བར་གྲོགས་ལ་བརྟེན་ནས་ལག་ལེན་ཡང་དག་གི་སྒོ་ནས་རབ་དགུ་འབྲིང་ལྔའམ་དྲུག་ཐ་མས་གསུམ་ཡང་ཐས་ཀྱང་གཅིག་ངེས་པར་སྐམ་དགོས་པས་དེའི་མཐུ་ནུས་དང་ལྡན་པ་སླ་ཆོས་དང་གཡོ་ཟོལ་མེད་པ་ཚུལ་བཞིན་དུ་འབད་པར་བགྱིའོ།།རྒྱབ་ཐུར་སྐབས་སུ་སྙོམ་འཇུག་གི་ལྡེབ་༣༢ན༤་གསལ་བ་ལྟར་སློབ་སྦྱོང་དང་རྩལ་སྦྱོང་གནད་དུ་ཁེལ་བ་གནང་ནས་སྦྱང་ཐབས་བཅུད་ལེན་ཕན་ཡོན་བཅས་ལ་ཉམས་ལེན་ཡང་དག་མཛད་ནས་སྔོན་བྱོན་དམ་པའི་ཉམས་ཁྲིད་འཁྲུལ་མེད་ལྟར་རྫོགས་པ་མཐར་ཕྱིན་པ་དང་རྗེས་སུ་ཡབ་སྲས་ཀྱི་ཚོགས་ལེགས་པར་འབུལ་དགོས་སོ།།

3.jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་ཐེངས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ།

   དེ་ནས་ལོ་རིམ་གསུམ་པའི་སྐབས་སུ་འཆད་ཉན་སྔོན་འགྲོ་རྩ་རླུང་བཅུད་ལེན་ཐོད་རྒལ་མུན་ཁྲིད་བཅས་སྦྱང་དགོས་པ་ལ།དང་བོ་འཆད་ཉན་སྐོར་ལ་སྡེ་སྣོད་མཛོད་ཀྱི་རྩ་བའི་ཚིག་འགྲེལ་རྫོགས་པ་ཆེན་པོའི་སྙིང་ཏིག་སོགས་གང་དགོས་སློབ་མ་རང་གིས་རེ་འདུན་ཞུ་དགོས།གཞན་ཡང་ཀུན་ཆེན་འཇའ་ལུས་པའི་བཀའ་འབུམ་ཡོངས་རྫོགས་དང་།ཚུལ་ཆེན་རིན་པོ་ཆེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་ཞུ་དགོས།སྔོན་འགྲོ་ལ་མ་ཧཱ་པཎྜི་ཏ་ཆེན་པོ་ཚུལ་ཆེན་རིན་པོའི་གསུངས་པའི་ཤེས་བ་རྒྱུད་མཆོག་ཐུགས་རྗེས་ཉི་མའི་སྔོན་འགྲོའི་བསགས་སྦྱང་ཉམས་སུ་ལེན་ཚུལ་གྱི་སྒོམ་རིམ་ཟུང་འཇུག་ཉེ་ལམ་ལྟར།

7.jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སྒོམ་གྲྭ་ཐེག་ཆེན་གསང་སྔགས་གླིང་གི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་ཁག

   དང་བོ་ཀུན་སློང་འཆོས་པ་ནས་བཟུང་ཚོགས་ཞིང་གསལ་གདབ།༡སྐྱབས་འགྲོ་༢ཕྱག་དང་སྦྲགས་ནས་འབུམ་༣སེམས་བསྐྱེད་འབུམ་༤ཡིག་བརྒྱ་འབུམ་༥མནྜལ་འབུམ་༦ཡི་དམ་དགོངས་སྤྱོད་འབུམ་༧མཁའ་འགྲོའི་དགོངས་སྤྱོད་འབུམ་བཅས་དང་གཞན་ཡང་སྙིང་བོ་རྣམ་གསུམ་ལ་འབུམ་ཕྲག་རེ་གསུངས་དགོས་པ་སྔོན་མའི་ཕྱག་ལེན་ཡིན་པས་དེ་ལྟར་ཚུལ་བཞིན་ཉམས་བཞེས་མཛོད།ལོ་འདིར་སྙན་རྒྱུད་བོད་ཡུལ་མའི་རྩ་རླུང་ཟླ་གཅིག་སྦྱང་ཚུལ་རྩ་རླུང་ཞལ་ཤེས་བརྗེད་ཐོར་བཀོད་པ་དམ་པའི་ཕྱག་ལེན་ལྟར་ཉམས་བཞེས་མཛོད།སྙན་རྒྱུད་ཞལ་ཤེས་དང་འཁྲུལ་འཁོར་སོགས་ཀྱི་ཡིག་ཆ་གྲ་སྒྲིག་མཛོད།རྩ་རླུང་འགྲུབ་པ་དང་བཅུད་ལེན་བདུན་མཚམས་ལ་བཞུགས་དགོས།དེའི་རྗེས་སུ་ཐོད་རྒལ་གྱི་ཟེར་སྦྱང་བྱ།དེ་ནས་མུན་ཁྲིད་འོད་གསལ་ཞེ་དགུ་ལ་བཞུགས་དགོས།དེ་ཡང་བདུན་ཕྲག་རེ་རེའི་སྐབས་སུ་མཚན་ལྡན་དཔོན་གསས་བླ་མ་དམ་པའི་ཞལ་ཁྲིད་དང་མ་འཛོལ་བར་འོད་གསལ་ཁོར་ཡུག་གི་གདམས་པ་ལ་མཉམ་བཞག་གི་མཐིལ་དུ་མཛད་ནས་སྙིང་རུས་མཛད་པར་ཞུའོ།།དེ་ལྟར་བགྲང་བྱ་ལོ་གསུམ་གྱི་བཅད་བརྒྱ་ལེགས་པར་གྲུབ་པ་དང་ཡང་ཟབ་ནམ་མཁའ་མཛོད་ཆེན་གྱི་གཞུང་ལྟར་བདེར་གཤེགས་འདུས་པའི་ཚོགས་ཀྱི་འཁོར་ལོ་རྒྱས་པ་དང་སྦྱིན་བསྲེག་དབང་བཞི་བཅས་གྲུབ་པར་མཛད་ནས་གཏང་རག་གི་མཎྜལ་རྒྱས་པ་འབུལ་བར་བྱའོ།།གཞན་ཡང་སྒྲུབ་པ་གྲྭ་ཚང་ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་ངམ་དབེན་གནས་བསམ་གཏན་འོད་གསལ་ཟླ་གཞོན་གླིང་འདིར་ལན་གཅིག་བཞུགས་པའི་བསྐལ་པ་དང་ལྡན་པའི་སྐབས་སུ་མཚན་ལྡན་བཤེས་གཉེན་དམ་པའི་མདུན་ནས་དབང་ལུང་ཁྲིད་ཀྱི་དགོས་པ་གང་མཆིས་སྐབས་སུ་ཞུས་ནས་འདི་ཕྱི་དོན་དང་ལྡན་པར་མཛོད་ཅིག དེ་ཡང་ཐོས་བསམ་སྒོམ་གསུམ་གང་གི་སྐབས་སུ་མཁན་སློབ་རྣམས་ཀྱིས་ཇི་ལྟར་གསུང་གནང་བ་དང་སྒྲིག་ཡིག་ལས་ཇི་ལྟར་གསུང་བ་མཛད་པ་ལས་ཉི་མ་འབྱིད་ཐབས་དང་ཁྲལ་ལས་སླ་ཆོས་སུ་མི་སེམས་པར་ཉིན་མཚན་ཀུན་ཏུ་བཤད་དང་སྒྲུབ་པའི་དེ་ཉིད་ཁོ་ནས་དུས་འདའ་བ་དང་བཅད་རྒྱ་གྲུབ་ཟིན་ཚུན་ཆད་ཉེ་གནས་རེ་གཉིས་ལས་མི་ཡི་རྒྱུ་འགྲུལ་གྱིས་དབེན་པ་སྒྲིག་ལམ་ལེགས་པར་བསྲུང་བ།ཕུན་ཚུན་ཐུགས་མཐུན་སྒོས་བརྩི་བཀུར་མཐུན་སྒྲིལ་ལེགས་པར་བྱེད་ནས་ཡང་དག་པ་དང་ཚུལ་མཐུན་པར་བསླབ་ནས་སྐལ་ལྡན་དྭངས་པ་འདྲེན་པའི་མིག་ལྟོས་བྱེད་པ་རྒྱུན་འཁྱོངས་གནང་བ་ལས་ནང་ཕན་ཚུན་དུ་སྡེ་རིས་ཕྱོགས་རིས་རྩོད་པ་དང་འཛིང་ནོག་བརྡུང་བརྡེག་སོགས་མ་རབ་ཐ་ཤལ་གྱི་སྤྱོད་ངན་མཐའ་དག་གཏན་སྤང་བྱེད་དགོས།དེ་ལྟ་བའི་སྤྱོད་ངན་རིགས་ཆ་ཙམ་མངོན་དུ་གྱུར་ཚེ་དེ་མ་ཐག་ནས་སྒྲུབ་གྲྭ་ནང་ཁུལ་གྱི་སྒྲུབ་དཔོན་སོགས་ལས་སྣེ་རྣམས་ཀྱིས་གཙང་བཅོས་ཐག་བཅོད་མཛད་པ་ལས་ཐ་ཤལ་གྱ་ཚོམ་གྱི་སྤྱོད་པ་བརླང་པོ་ཕྲན་བུ་ཙམ་ཡང་སློངས་གཏད་ནས་མི་ཆོག་པ་ཐུགས་དམ་གཡུང་དྲུང་གི་གུར་ཁང་ནས་ནམ་ཡང་མི་འདོར་བ་ལན་བརྒྱར་ཞུས་པ་ལགས་སོ།།ལར་འདིར་བཞུགས་ཀུན་གྱི་འཇིག་རྟེན་གྱི་འཕེར་རྒྱ་སོགས་གཏད་ནས་མི་བྱེད་པར།བསྟན་པའི་མིག་རྐྱེན་མཆོག་འདི་འཛིན་པ་ལས་ཞིག་པོ་དང་ཐོ་ཅོའི་སྤྱོད་པ་ནམ་ཡང་བསྐྱང་པར་མི་བྱའོ།།འདིར་སྙིང་པོར་དྲིལ་བའི་བཅའ་སྒྲིག་རྣམ་པར་བཞག་པ་འདི་དག་འཇིག་རྟེན་པ་རྣམས་འཕྲལ་སྡུག་བསྔལ་ཆེ་ལ་ཕུག་སྙིང་བོས་སྤང་བའི་བྱ་བ་ཕྲན་བུ་ལའང་འབད་རྩོལ་བསྐྱེད་ན་རང་ཅག་སྟོན་པས་བཅས་པའི་བོན་གྱི་སྤྱོད་པ་ལ་བསླབ་ཏུ་ཡོད་པ་འདི་ནི་ཤིན་ཏུའང་བསོད་ནམས་ཆེན་པའི་མཐུ་རུ་ངེས་སྙམ་པས་སྒྲིག་རྣམས་གཙོ་བོ་རང་རང་གིས་རང་ཁུར་གནང་བ་དང་གཡོ་སྒྱུ་མེད་པ་ཐུགས་ལ་ཞོག་ཅིག འདི་ནས་སྒྲུབ་པ་གྲྭ་ཚང་གི་སྤྱིར་བཏང་ཉིན་གཅིག་གི་དགེ་སྦྱོར་དུས་ཚོད་ཀྱི་རེའུ་མིག་བཀོད་ན།ནང་སྔ་མོའི་དུས་ཚོད་4:00ནས་ཡར་བཞེངས་ནས་རྒྱུན་ཕྱག་ལྔ་བརྒྱ་འཚལ།དུས་ཚོད་6:00ནས་རྣམ་འཇོམས་བྱབ་ཁྲུས་སྒོས་ཞལ་ཁྲུས་གཙང་མ་བྱུང་རྗེས།མཆོད་པ་བརྒྱ་འཐེབ་དང་མར་མེ་མེ་ཏོག་བདུག་སྤོས་ཞལ་ཟས་སོགས་མཆོད་པ་རྣམ་ལྔ་ཅི་འབྱོར་ཀྱི་བཤམ་བཀོད་ལེགས་པར་བྱ་དགོས།དུས་ཚོད6:30ནས་རྒྱུན་སྤྱོད་ལྟར་ཆབ་གཏོར་དང་དཀར་གསུར་གཏོང་།དུས་ཚོད་8:00ནས་འཆད་ཉན་དང་ཉམས་ལེན་གང་དགོས་ཕྱག་བཞེས་མཛད་པར་ཞུ།དུས་ཚོད་12:00-2:00བར་གུང་ཚིགས་དང་སྤྲོ་བསང་མཛད།2:00-5:00བར་རྒྱུན་ཕྱག་ལྔ་རྒྱ་འཚལ་དུས་ཚོད་5:00-6:00བར་ཞལ་འདོན་གནང་། དུས་ཚོད་6:00-8:00བར་ལུས་སྦྱིན་དང་དམར་གསུར་གཏོང་ལ་ཉིན་གཅིག་གི་དགེ་བའི་རྩ་བ་ཐམས་ཅད་འཁོར་གསུམ་ཡང་དག་གིས་བསྔོ་སྨོན་མཛད་པར་ཞུ་ལགས།གཞན་ཡང་ལོ་གསུམ་གྱི་རྩ་རླུང་གསུམ་གྱི་འགྲོ་ལུགས་རེའུ་མིག་གཤམ་དུ་བཀོད་པ་གསུམ་ཡོད་པའང་ཟུར་དུ་ཡོད་པ་ལྟར་དགོངས་འཇག་འཚལ།

སླར་སྨྲས་པ།
རྒྱལ་བསྟན་དྲི་མེད་ལུང་རྟོགས་ཆུ་གཏེར་ཆེ།།རྣམ་དཔྱོད་ལྷུན་པོས་བསྲུབས་པའི་སྙིང་པོའི་སྐྱེས།།
སྔོན་མེད་འཕྲོས་དོན་བདུད་རྩིའི་ཀེ་ལ་ཤ།བསྐལ་བཟང་འཆི་མེད་ཚོགས་ཀྱི་ཉེ་འཁོར་མཐོ།།

དྲང་བོར་སྲོང་བའི་གཏམ་འདི་འདུས་པའི་སྡེ།།བཅས་མཚམས་ཡིན་གྱི་རྒྱལ་ཁྲིམས་གཉའ་ལྕི་མིན།།
ཐབས་ཚུལ་སྐྱོང་བརྒྱ་མཛད་འདི་གཞན་གྱི་དོན།།ཡིན་གྱི་རང་འདོད་འཁྲི་བ་ཀ་ལ་ཞིག།

ལྷ་དང་བླ་མའི་རྗེས་བརྩེས་སྐྱེད་ཚལ་ལས།།ཐོན་པའི་བཀའ་ཁྱབ་ཇི་ལྟ་བ་ཡི་གཏམ།།
སྡེབ་ལེགས་མེ་ཏོག་ཕོན་པོར་བཅིང་བ་འདི།།དད་གསུམ་མགུལ་བའི་རྒྱན་དུ་འཆང་བར་རིགས།།

ཚུལ་བཞིན་ཉམས་བཞེས་བསྟར་བ་གང་དག་ལ།།འདོད་ཁམས་དབང་གི་ལྷ་མོ་གཙོ་འཁོར་སོགས།།
མཐུ་ལྡན་སྲུང་མའི་དགྱེས་པའི་འཛུམ་སྟོན་ལ།།བསྟན་པའི་བ་དན་ས་གསུམ་དཔལ་དུ་ཕྱོར།།

གཟུ་བོར་གནས་པའི་བློ་ཡིས་མ་བསྐྱངས་ཕྱིར།།མ་བཤད་ལོག་བཤད་བཟློས་བཤད་ཐལ་བ་སོགས།།
རྩ་གསུམ་བཀའ་སྐྱོང་སྲུང་མའི་སྤྱེན་སྔ་རུ།།མི་དགེའི་ལས་སྒྲིབ་ཚོགས་དང་ལྷན་ཅིག་འཆགས།།

འདིས་མཚོན་དུས་གསུམ་བསགས་པའི་རྣམ་དཀར་དགེ།པད་རྩ་ཆུ་ཤེལ་ཁ་བ་དུང་ལྟ་བུས།།
བསྟན་འཛིན་ཆེ་རྣམས་སྐུ་ཚེ་མཛད་འཕྲིན་རྒྱས།།བསྟན་པ་སྲིད་མཐའི་བར་དུ་ཁྱབ་གྱུར་ཅིག།

འདུས་སྡེ་འདི་ཡང་ཐུགས་མཐུན་ཁྲིམས་གཙང་ཞིང་།།བཤད་སྒྲུབ་འཁོར་ལོ་གསུམ་གྱི་ཉིན་མཚན་འདའ།།
ཚེ་དཔལ་འབྱོར་བའི་ཧ་རིའི་ལུས་ཕྲ་མ།།ས་སྟེང་འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག།

4.jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་ཐེངས་ཉེར་གཅིག་པའི་ཟུར་བཞུགས་སློབ་མ།

   ཅེས་པའི་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་སྒྲུབ་པ་གྲྭ་ཚང་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་ངམ་ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་གི་བཅས་ཁྲིམས་བློ་མིན་སེལ་བའི་ཉི་མ་ཞེས་བྱ་བ་འདི་ནི་སྔ་སོར་གཞུང་ལུགས་རབ་འབྱམས་ལ་སྨྲ་བའི་ཟླ་དང་བྲལ་བ་མཁན་ཆེན་ཡོངས་འཛིན་རིན་པོ་ཆེ༧ངག་དབང་ལུང་རིག་རྒྱ་མཚོའམ་བཟོད་པ་རྒྱལ་མཚན་མཆོག་གིས་རེབ་གོང་སྐུ་སྐྱེས་འཇིགས་མེད་ལུང་རྟོགས་རྒྱ་མཚོ་ངག་དབང་མཚོ་བྱུང་བཞད་པའི་ལང་ཚོའི་དཔལ་ཡོན་མཆོག་ལ་ཞུས་པའི་བཅའ་ཡིག་ཉུང་བསྡུས་ཤིག་སྔ་མོར་ཡོད་པ་གཞིར་བཞག་ནས་དེ་ལས་རྒྱས་ཙམ་གོ་སླ་བའི་ཁ་གསལ་ཞིག་བྲི་དགོས་ཞེས་རང་ཅག་གི་གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་པར་རོལ་བའི་རྗེ་བཙུན་རྟོགས་ལྡན་ཁྲི་བ་རིན་པོ་ཆེ་ནས་གསུང་གི་གསང་བའི་གཅེས་མཛོད་སྤྱི་བོར་བསྩལ་མོས་སུ་ཡུལ་ཤར་རྫའི་ཞིང་དུ་དལ་རྟེན་རྙེད་པའི་བླུན་རྨོངས་ཐ་ཤལ་བ་རང་ལ་འདི་འདྲའི་བྲི་ཡོན་གང་ཡང་མེད་ཅིང་གསུང་མ་ལྡོག་ཙམ་དུ་གཤེན་གྱི་དགེ་སྦྱོང་བ་ཚུལ་ཆེན་སྐྱེ་བ་གསུམ་པའི་ཡང་སྤྲུལ་གྱི་མིང་ཙམ་འཛིན་པའི་ཚུལ་ཁྲིམས་བསྟན་འཛིན་རྣམ་རྒྱལ་གྱིས་བོད་རབ་བྱུང་༡༧པའི་བགྲང་བྱ་༡༣་པ་མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོའི་ས་ཀ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས༡༣ལ་ལེགས་པར་གྲུབ་པར་སྦྱར་བས་སྔ་འགྱུར་རྒྱལ་བ་ཞྭ་དཀར་བའི་རྨད་བྱུང་བཤད་དང་སྒྲུབ་པའི་བསྟན་པ་སྲིད་མཐར་གསལ་བའི་རྒྱུར་གྱུར་ཅིག།སརྦ་མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག།

5.jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་ཐེངས་ཉེར་གཅིག་པའི་ཟུར་བཞུགས་སློབ་མ།
གསལ་བཤད་ཞུ་བ་ལ།

   མདོ་སྨད་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་ཞང་ཞུང་རྫོགས་ཆེན་སློབ་གླིང་འདི་ཉིད་དང་བོ་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་བྱ་ཡི་ལོར་སྤྱི་ལོར་༡༩༢༡ལོར་གསུམ་ལྡན་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ་མ་ཧཱ་པཎྜི་ཏ་ཆེན་པོ་མཁས་མཆོག་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་མཆོག་གིས་རང་ཅག་གི་འདི་དང་ཕྱི་མའི་གཏན་གྱི་སྐྱབས་གནས་དམ་པ་ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་མཆོག་རང་དགོན་དུ་གདན་ཞུས་མཛད་ནས་ཁོང་རིན་པོ་ཆེས་ཐུགས་བཀོད་ལྟར་སྒྲུབ་གྲྭ་གསར་དུ་འཛུགས་རྒྱུའི་གྲ་སྒྲིག་རིམ་པར་གནང་ནས་བོད་རབ་བྱུང་༡༦པའི་བགྲང་བྱ་དང་པོ་ཤིང་མོ་གླང་གི་ལོར་སྤྱི་ལོ་༡༩༢༥ལོར་སྒྲུབ་ཐེངས་དང་བོ་གསར་དུ་བཙུགས་ནས་ལོ་གསུམ་རེ་བྱས་ཏེ་རིམ་བཞིན་སྒྲུབ་ཐེངས་བཅུ་གཅིག་རྫོགས། སྒྲུབ་པའི་གཤེན་པོ་སྒྲུབ་ཐེངས་རེར་མི་ལྔ་རེར་བཞུགས་ནས་གཤེན་གྱི་རྣལ་འབྱོར་བ་༥༥སྒྲུབ་མཐར་ལེགས་པར་ཕྱིན་པ་རེད། རབ་བྱུང་བཅུ་དྲུག་པ་བོད་ས་ཕོ་ཁྱིའི་ལོར་སྤྱི་ལོ་༡༩༥༨ལོར་དམངས་གཙོ་བཅོས་བསྒྱུར་བྱས། ལོ་ཉེར་དྲུག་གི་རིང་ལ་བོད་ཀྱི་དགོན་ཁག་ཚང་མ་བསྟན་སྒོ་རྒྱབ། བོད་རབ་བྱུང་བཅུ་བདུན་པ་ཤིང་ཕོ་བྱི་བའི་ལོར་སྤྱི་ལོ་༡༩༨༤ལོར་དགོན་སྡེ་སླར་ཡང་བསྟན་སྒོ་ཕྱེས། བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་གླང་གི་ལོར་སྤྱི་ལོ་༡༩༨༥ལོར་ནས་ཡང་སྐྱར་སྒྲུབ་ཐེངས་བཅུ་གཉིས་པའི་དབུ་བཟུང་སྟེ་ལོ་གསུམ་རེར་རང་དགོན་གཙོའི་བོན་གྱི་དགོན་ཁག་སོ་སོའི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་བཅུ་རེར་བཅད་རྒྱར་བཞུགས་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟའི་ལོར་སྤྱི་ལོ་༢༠༡༤ལོའི་བར་སྒྲུབ་ཐེངས་ཉེར་གཅིག་ཕྱིན། སྒྲུབ་པའི་གཤེན་པོ་གཤེན་གྱི་རྣལ་འབྱོར་བ་ལོ་རེ་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་བཅུ་རེར་བཞུགས་པ་ཡིན་ལ་གཤེན་གྱི་རྣལ་འབྱོར་བ་༡༥༥དང་ཟུར་ཞུགས་ལོ་རེར་བདུན་རེ་བྱས་པའི་གཤེན་གྱི་རྣལ་འབྱོར་བ་ཟུར་ཞུགས་༧༠ཙམ་བཞུགས་ནས་སྒྲུབ་མཐར་ལེགས་པར་ཕྱིན་པ་རེད། དེ་དག་གང་གིས་ཕྱི་བསླབ་པ་གསུམ་གྱི་སྐུ་བཙུན་པ་དང་ནང་སྡེ་སྣོད་ཀྱི་ཁོག་མཁས་པ་གསང་བ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་བསྟན་དང་འགྲོ་བའི་ཕྱག་ལས་ཀྱི་མཛད་འཕྲིན་རྒྱུན་མེད་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་དང་སྒྲུབ་བཞིན་ཡོད་པ་དེ་ལྟར་ལགས་སོ།།

6.jpg
ཞང་ཞུང་རྫོགས་ཆེན་སློབ་གླིང་གི་ཐེངས་ཉེར་གཉིས་པའི་གསར་བཞུགས་སློབ་མ།
DSC_0001.jpg
རྟོགས་ལྡན་ཁྲི་རིན་པོ་ཆེས་ཕྱག་བྲིས་གནང་བའི་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་སྒྲུབ་པ་གྲྭ་ཚང་༼ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་༽ངམ་དབེན་གནས་བསམ་གཏན་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་གི་བཅའ་ཡིག་བློ་མུན་སེལ་བའི་ཉི་མ།

   དེ་མིན་མདོ་སྨད་རྟོགས་ལྡན་དགོན་ཆེན་གྱི་ཞང་ཞུང་རྫོགས་ཆེན་སློབ་གླིང་ལ་དབྱེ་ན་སློབ་གླིང་ལྔ་ཡོད་ལ། གྲྭ་ཆུང་བདེ་བླག་ཡར་རྒྱས་གླིང་། བཤད་གྲྭ་སྡེ་སྣོད་ཐོས་བསམ་གླིང་། སྒོམ་གྲྭ་ལྷུན་འགྲུབ་འོད་གསལ་གླིང་། སྒྲུབ་གྲྭ་ཐེག་ཆེན་གསང་སྔགས་གླིང་། སྨན་གྲྭ་ཀུན་ཕན་གསོ་རིག་གླིང་། བཅས་ཡོད་ལ་བོད་ཀྱི་བཅུ་ཕྲག་རིག་གནས་ཀུན་ལ་སྦྱང་བརྩོན་བྱེད་འདོད་མཁན་གྱི་སྐྱེས་བུ་ཚོ་གླིང་འདིར་རིག་གནས་ལ་རོལ་མྱོང་བྱེད་དུ་ཕེབས་ཚེ་དགོན་འདིའི་བླ་མ་དང་སྤྲུལ་སྐུ་དགོན་པའི་དོ་དམ་ཁང་གིས་བཀོད་སྒྲིག་འོག་གྲྭ་སར་སུ་ཞིག་འབྱོར་ཚེ་རང་དགོན་གྱི་གྲྭ་བ་ལྟར་སྣེ་ལེན་དང་བདག་སྐྱོང་བྱེད་པའི་བཀོད་སྒྲིག་བྱེད་འདུག་པས་དེ་ལྟར་བོད་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་ཡོངས་ནས་ཐུགས་ལ་འཇག་པར་ཞུ།

ཞེས་རྟོགས་ལྡན་དགོན་གྱི་སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་ཀྱི་སློབ་བུ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་ཟག་མེད་འཇའ་ལུས་སུ་འཕོས་ནས་ལོ་འཁོར་༨༠འཁོར་བའི་རྗེས་དྲན་ཉིན་མོར་བྲིས་པ་དགེ་གྱུར་ཅིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།