གནས་མཆོག་གབ་ཏོག་ཤྭ་བ་རིའི་བྲག་དབེན་སེང་གེ་རྫོང་།
[ཟླ་ཚེས། 2025-12-08 09:56:34][རྩོམ་པ་པོ། རྨེའུ་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རིག་པ་མངོན་དུ་གྱུར་པའི་རྟོགས་ལྡན་ཤེས་རབ་རྒྱལ་མཚན་ལ་ན་མོ།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་འདུ་གནས་ཆེན་པོ་གཡས་རུ་དབེན་ས་ཁར་བྲུ་ཡི་དབུ་རྩེ་དཀར་དམར་གྱི་རྒྱལ་ཐེབས་མཛད་ནས་བཞུགས་སྐབས། བཀའ་དྲིན་ཅན་གྱི་ཡབ་ཡུམ་གཉིས་དང་ལན་གཅིག་མཇལ་བའི་ཞལ་བཞེས་ཡོད་པ་ཐུགས་ལ་འཕྲེང་སྟེ་སློབ་མ་རིན་ཆེན་རྒྱལ་མཚན་ཕྱག་ཕྱིར་ཁྲིད་ནས་ཡབ་གཞིས་མདོ་སྨད་རྒྱལ་རོང་སྟེགས་ཅོག་བྲག་ར་རུ་སླེབས་ཚེ། མ་ཡུམ་གྱིས་ཆུ་ཁུར་ནས་ཕེབས་པ་དང་འཕྲད་པར་ཆུང་ངུའི་དུས་ནས་གྲྭ་སར་ཕེབས་ཏེ་སྐུ་ཚད་རྒྱས་པ་དང་བྱད་འགྱུར་བས་བུ་ཡིན་པ་ངོས་མ་ཟིན། རྗེ་ཡི་ཞལ་ནས་ངེད་གཉིས་སྟོད་དབུས་གཙང་ཕྱོགས་ནས་འོངས་པའི་གནས་སྐོར་པ་ཞིག་ཡིན། གནས་ཚང་ཞིག་གཡར་རོགས་ཞུ་གསུངས་པར། མ་ཡུམ་གྱིས་ང་ལ་བུ་ཞིག་ཡོད་པའང་སྟོད་དབུས་གཙང་དུ་གྲྭ་སར་སོང་ནས་ཡུན་རིང་འགོར་བས་ཁྱེད་རྣམ་གཉིས་ཀྱིས་མ་གཟིགས་སམ་ཞུས། སྐྱེ་གཟུགས་དང་ལོ་ཚོད་གང་འདྲ་ཞིག་ཡོད་གསུངས། འདི་འདྲ་ཡོད་ཞུས་པས། ཁྱེད་ཀྱི་བུ་དེ་དང་ངེད་གཉིས་གྲྭ་སར་གནས་གཅིག་ཡིན། སང་ལོ་ཕ་མ་གཉིས་དང་ངོ་ཐུག་པར་འབྱོན་ངེས་ཡོད་པས་སེམས་ཁྲལ་གནང་མི་དགོས་འདུག་གསུངས། མ་ཡུམ་ཐུགས་ཤིན་ཏུ་དགའ་ནས་ནང་དུ་གདན་འདྲེན་ཞུས། བསྙེན་བཀུར་གང་ལེགས་ཞུས་ཤིང་ཟླ་དུས་འགར་སྐལ་ལྡན་གྱི་སློབ་མ་རྣམས་ལ་དབང་ལུང་མན་ངག་གི་གདམས་ཁྲིད་གང་དགོས་བསྩལ་། སློབ་མ་ཡེ་ཤེས་ཚུལ་ཁྲིམས་དང་རིན་ཆེན་ཚུལ་ཁྲིམས་བྱ་བ་གཉིས་བྱུང་། དེ་ནས་ཡར་དབུས་གཙང་དུ་འབྱོན་ཁར་ཡབ་ཡུམ་གཉིས་ལ་ཀློང་རྒྱས་མེ་ཏོག་སྨོན་ལམ་མཛད་ནས་གསུངས་པ། ང་འདིར་བསྡད་པའི་དུས་ཡུན་ལ་གནས་ཚང་གཡར་ཞིང་འཚོ་བའི་མཐུན་རྐྱེན་གང་ལེགས་གནང་བར་བཀའ་དྲིན་དང་འོ་བརྒྱལ་གནང་སོང་། ངའི་ཁྲི་འདི་ཞག་མ་བདུན་ལ་མ་བཤིག་པར་ཞོགས་ཤིག །བཤིག་ན་རྟེན་འབྲེལ་འཁྱུག་འགྲོ། ཞག་བདུན་ནས་བཤིག་དང་དངོས་གྲུབ་ཅིག་ཡོད་གསུངས་ནས་ཕེབས། དེ་ལྟར་བྱས་པས་བཞུགས་ཁྲིའི་ནང་དུ་བལ་དངུལ་སྲང་འདེགས་བརྒྱ་དང་ཕྱག་བྲིས་ཤིག་འདུག་པར་འདི་ལྟར་གསུངས་ཡོད། བཀའ་དྲིན་ཅན་གྱི་ཡབ་ཡུམ་གཉིས་དང་ལན་གཅིག་མཇལ་བའི་དམ་བཅའ་ཡོད་པས་ཆེད་དུ་ཡབ་གཞིས་རྒྱལ་རོང་ལ་སླེབས་པ་ཡིན། ད་ནི་གྲྭ་ས་ཆེན་པོ་སྐྱོང་བར་མ་སོང་ན་རྩ་བའི་བླ་མའི་བཀའ་དང་འགལ་འགྲོ། དངུལ་འདི་དང་ཁྱེད་རང་ལ་བདོག་པའི་རྒྱུ་རྫས་ཀྱིས་གྲོང་བའི་གོང་འདིར་ངའི་སློབ་མ་རྣམ་གཉིས་དང་བསྡེབས་ལ་གསས་ཁང་ཞིག་བཞེངས་དང་རྟེན་འབྲེལ་ཆེན་པོ་ཡོད། ཅེས་གསུངས་པར་འདུག དེ་ལྟར་དགོན་པ་དང་རི་ཁྲོད་གཉིས་གྲུབ་པས་སྟེགས་ཅོག་བྲག་ར་དགོན་པ་དང་བྲག་དབེན་སེང་གེ་རྫོང་རི་ཁྲོད་ཡིན་པར་བཤད། སློབ་མ་རྣམ་གཉིས་ཀྱིས་དགེ་འདུན་པའི་སྡེ་བཙུགས་་ཤིང་གབ་ཏོག་བྲག་དབེན་རི་ཁྲོད་དུ་སྒོམ་སྒྲུབ་བསྐྱངས་ནས་འཇའ་ལུས་སུ་གཤེགས་པས་རྒྱལ་རོང་སློབ་མ་རྣམ་གཉིས་གྲགས།(ཡེ་ཤེས་ཚུལ་ཁྲིམས་དང་རིན་ཆེན་ཚུལ་ཁྲིམས་རྣམ་གཉིས)ཞེས་སུ་གྲགས། རྗེ་མཉམ་མེད་ཆེན་པོའི་བྱིན་གྱིས་བརླབས་ཤིང་རྒྱལ་རོང་སློབ་མ་རྣམ་གཉིས་འཇའ་ལུས་སུ་གཤེགས་གནས་བྲག་དབེན་རི་ཁྲོད་སྒྲུབ་ཕུག་གོང་འོག་གཉིས་ཀྱི་སྡེབས་རིས་ཀྱི་ནང་དོན་གཞན་དུ་གསལ་བཤད་ཞུས་ཡོད་པས་འཐུས་པར་བྱས། སྤྱི་ལོ 2010 ལོར་ཕྲན་གྱིས་ཆུ་ཆེན་རྫོང་མི་དམངས་སྲིད་གཞུང་ལ་རྒྱལ་བ་མཉམ་མེད་ཆེན་པོའི་མཛད་འཕྲིན་དང་བྲག་དབེན་རི་ཁྲོད་ཀྱི་སྡེབས་རིས་ནང་དོན་རིན་ཐང་སོགས་ཐེངས་ཁ་ཤས་ཡར་ཞུ་ཕུལ་བ་མ་ཟད། རི་ཁྲོད་གོང་འོག་གི་ཐོག་འགེབས་ཧྲུལ་བོར་ཞིག་ནས་ཆར་ཆུ་དང་ཉི་འོད་ཀྱིས་སྡེབས་རིས་འཇིག་ཉེན་ཆེ་བས་མྱུར་སྐྱོབ་དགོས་ཚུལ་ཞུས་ནའང་། ནང་ཁུལ་གྱི་ཕྲག་དོག་ཅན་རེ་འགས་འུར་སྒྲོག་བཟོས་པའི་རྐྱེན་གྱིས་གནས་སྐབས་སུ་དོན་སྨིན་མ་བྱུང་། 2013ལོར་རྩིག་གཞི་འཇིག་རྒྱུར་ཉེན་ཁར་ཐུག་པར་ངོས་ནས་དགེ་ཕྲུག་འགའ་ཁྲིད་དེ་ན་གཞོན་ལས་ཀ་པ་ཕོ་མོ་བཅུ་ལ་ཉིན་གླ་སྟེར་ནས་ཟླ་ཕྱེད་ཙམ་ལ་མྱུར་སྐྱོབ་བྱས་སྐབས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་ལས་མཚམས་བཞག་དགོས་བྱུང་། དེ་འཕྲལ་རྫོང་མི་དམངས་སྲིད་གཞུང་ལ་ཡང་བསྐྱར་ཡར་ཞུ་བྱས་པས་རྒྱབ་སྐྱོར་དང་བསྟོད་བསྔགས་ཤིག་ཀྱང་ཐོབ། ད་སྐབས་མྱུར་སྐྱོབ་དང་ཉམས་གསོའི་ལས་ཀ་མུ་མཐུད་དུ་གཉེར་བཞིན་པའི་སྒང་ཡིན། ཕྲན་གྱིས་དེ་ལྟར་གསལ་བཤད་ཞུ་བའི་རྒྱུ་མཚན་ནི། རྒྱལ་རོང་གི་ཡུལ་གྲུ་འདིར་ཕྱི་རྐྱེན་ནང་རྐྱེན་སོགས་གཉེན་འཕྲེང་སྣ་ཚོགས་ཀྱི་དབང་གིས་གནའ་བོའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་དང་སྐད་ཡིག་གཉིས་ཀ་ཉིན་མོའི་སྐར་མ་ལྟར་གྱུར་་པས། ཤུལ་ལུས་ཤེས་རིག་དང་དགོན་གནས་དེ་དག་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་མྱུར་སྐྱོབ་དང་སྲུང་སྐྱོབ་ཞུ་མ་ཐུབ་ན། མེས་པོ་བཀའ་དྲིན་ཅན་རྣམས་ལ་འོས་མེད་བཟོས་པ་མ་ཚད་རྗེས་འཛིན་གྱི་གོ་མ་ཆོད་པ་མ་ཡིན་ནམ།
གབ་ཏོག་ཤྭ་བ་རིའི་གནས་ལག་བྲག་དབེན་སེང་གེ་རྫོང་གི་ངོ་སྤྲོད་མདོར་བསྡུས་འདི། རྗེ་ཡི་རྣམ་ཐར་གནའ་བོའི་ཞལ་ལུང་གི་གཞི་བྱས། ཡུལ་མི་རྒན་པ་རྣམས་ཀྱི་ངག་སྒྲོས་དང་རང་གི་དངོས་སུ་རྒྱུས་ལོན་བྱུང་བ་ལྟར་རྗེ་ཡི་འཁྲུངས་གཞིས་ཆུ་ཆེན་སྟེགས་ཅོག་ཏུ་རྒྱལ་ཁམས་པ་རྨེའུ་བཙུན་འཇམ་དབྱངས་བརྩོན་འགྲུས་ཀྱིས་2013 ལོའི་སྤྱི་ཟླའི 6 ཚེས་12 ཉིན་བྲིས།





སྒྲུབ་ཕུག་གོང་མའི་ནང་གི་ཞང་ཞུང་སྙན་རྒྱུད་ཀྱི་བླ་རབས་དགོངས་རྒྱུད་དགུ་དང་འཇའ་ལུས་ཉེར་བཞི་སོགས་ཀྱི་ལྡེབས་རིས།





སྒྲུབ་ཕུག་འོག་མའི་ནང་གི་དུས་གསུམ་སྟོན་པ་དང་བདེར་གཤེགས་གཙོ་བཞི་ཡི་དམ་བོན་སྐྱོང་སོགས་ཀྱི་ལྡེབས་རིས།















བྲག་དབེན་སེང་གེ་རྫོང་གི་སྒྲུབ་ཕུག་གོང་འོག་མྱུར་སྐྱོབས་བྱེད་སྐབས་ཡུལ་དངོས་ཀྱི་པར།






རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་གནས་རྒྱལ་རོང་ཆུ་ཆེན་སྟེགས་ཅོག །
