བྲག་དམར་ཟངས་གཡག་དང་ཕ་བོང་བོན་མོའི་ལོ་རྒྱུས་བྱུ་རུའི་དོ་ཤལ་བཞུགས་སོ། །
[ཟླ་ཚེས། 2025-08-23 22:49:02][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བྲག་དམར་ཟངས་གཡག་དང་ཕ་བོང་བོན་མོའི་ལོ་རྒྱུས་བྱུ་རུའི་དོ་ཤལ་བཞུགས་སོ། །
བྲག་དམར་ཟངས་གཡག་གི་ཐ་སྙད་བསྟན་པ།
བྲག་དམར་ཟངས་གཡག་ལ་བྲག་དམར་ཟངས་ཡག་དང་། བྲག་དམར་ཟངས་ཡགས། དབལ་རི་བྲག་དམར་ཟངས་གཡག་དང་། གཡུང་དྲུང་བྲག་དམར་ཟངས་གཡག །གནས་ཆེན་འབྲོང་དེའུ་དམར་པོ། ཕ་བོང་བོན་མོ་བྲག་དམར་ཟངས་གཡག་ཅེས་ཀྱང་འབོད། བྲག་དམར་ཟངས་གཡག་ཅེས་པའི་ཐ་སྙད་དམ་མིང་དེ་ལ་བཤད་ཚུལ་མི་འདྲ་བ་ལྔ་ཙམ་འདུག་སྟེ།
དང་པོ། ཞང་བོད་སྐད་གཉིས་ཤན་སྦྱར་གྱི་དབང་དུ་བཏང་ནས་བཤད་ན། བྲག་དམར་ཞེས་པ་དེ་བོད་སྐད་ལ་བྲག་རི་དམར་པོའི་དོན་དང་། ཟངས་ཡག་གམ་ཟངས་གཡག་ནི་ཞང་ཞུང་སྐད་དུ་བྱུ་རུ་ལ་གོ་སྟེ། དྲི་མེད་གཟི་བརྗིད་ལས་སངས་རྒྱས་ཀྱི་བསྟན་པ་ཆག་ཕེབས་པའི་གནས་དང་ཞིང་ཁམས་ཀྱི་མདོ་ལས། རིན་པོ་ཆེ་བྱི་རུ་ཟངས་ཡག་ཅེས་བྱ་བ་དང་། ཞེས་དང་། ཁབ་ཀྱི་དཔལ་འབར་བཞེས་པའི་མདོ་ལས། ཟངས་གཡག་བྱུ་རུ་དང་། ཞེས་དང་། སྟོན་པས་ལྷ་ལ་བོན་བསྟན་པའི་མདོ་ལས། བྱུ་རུ་ཟངས་ཡགས་ཀྱི་མདོག་འདྲ་བ། ཞེས་དང་། བེེཊཱུརྱ་འོད་དམ་པའི་གཟུངས་ལས། ཟངས་ཡག་ཞེས་བྱ་བ་བྱུ་རིའི་རི་བོ་དང་། ཞེས་སོ། །མདོར་བསྡུས་ནས་བཤད་ན། བྲག་དམར་ཟངས་ཡག་ཅེས་བྱ་བ་ནི། བྲག་དམར་བྱུ་རུའི་མདོག་འདྲ་བའི་གནས་རི་ལ་གོ།
གཉིས་པ། བོད་སྐད་རྐྱང་བའི་དབང་དུ་བཏང་ན། བྲག་དམར་ཟངས་ཀྱི་རི་བོ་ལ་གོ་སྟེ། ལྷ་བུ་དུང་ལེ་དཀར་པོའི་རྒྱུད་ལས། ལྟ་བ་བྲག་དམར་ཟངས་ཡག་ཙམ། ཞེས་དཔེ་བསྟན་ཏོ། །
གསུམ་པ། དཔེ་དོན་གཉིས་ཀྱི་དབང་དུ་བཏང་ན། བྲག་རི་དེ་མདོག་དམར་པོ་ཟངས་དམར་དང་འདྲ། དབྱིབས་ནི་འབྲོང་གཡག་ཉལ་བ་དང་འདྲ་བའི་སྒོ་ནས་བཤད་པ་ཡང་ཡོད།
བཞི་པ། བྲག་དམར་ཟངས་གཡག་ཅེས་པའི་བྲག་དམར་དེ་ཕ་བོང་གཡག་འདྲ་བའི་རྒྱབ་རི་དེ་དང་། ཟངས་གཡག་ནི་ཕ་བོང་བོན་མོ་རྡོ་ཆེན་པོ་གཡག་འདྲ་བ་ལ་གོ། རྒྱབ་རི་དང་ཕ་བོང་བོན་མོ་གཉིས་ཀྱི་བསྡུས་མིང་ལ་བྲག་དམར་ཟངས་གཡག་ཅེས་འབོད་དོ། །སྤྱིར་བྲག་དམར་ཟངས་ཡག་གི་གནས་རི་ཡིན་ན་ངེས་ཅན་ཉག་རོང་གི་བྲག་དམར་ཟངས་ཡག་ཡིན་མི་དགོས། གངས་ཅན་ལྗོངས་ན་བྲག་དམར་ཟངས་ཡག་ཅེས་བྱ་བའི་གནས་རི་མང་པོ་སྣང་ངོ་། །
ལྔ་པ་ནི། ཨ་བསྭེ་བྲག་བཙན་དམར་པོའི་སྒྲུབ་གནས་ཡིན་པས་བྲག་དམར་ཟངས་ཡག་ཅེས་གསོལ་བ་ཡིན་ཏེ། བྲག་བཙན་དམར་པོའི་རྒྱུད་སྤུ་གྲི་རེག་གཅོད་ལས། བྲག་དམར་ཟངས་ཡག་རྡོ་ལ་སྲོག་བསྙེན། ཨཱོྃ་ཨ་བཱི་ཤི་ས་མ་ཡ་ཏྲི་རྦད་བྷྱོ། བྲིས་པ་དང་ཕ་ཝང་ལོང་བུ་ལ། ཞེས་པ་ནས་བསྟེན་པ་ནི་བྲག་དམར་ཟངས་ཡག་གནས་རི་དག་བྲག་བཙན་གྱི་སྒྲུབ་གནས་དང་སྒྲུབ་རྟེན་ཡིན་པར་བསྟན་ཏོ། །
ཕ་བོང་བོན་མོ་ཞེས་པའི་ཐ་སྙད་བསྟན་པ།

ཕ་བོང་བོན་མོ་གནས་རི་ལ། རྟ་གཉན་ཕ་བོང་བོན་མོ། རྟ་གཉན་ཕ་ཝཾ་བོན་མོ། རྟ་གཉན་ཕ་ཝང་བོན་མོ། རྡོ་གཉན་ཕ་བོང་བོན་མོ། ཕ་བོང་བོན་མང་། ཕ་བོང་བོན་མཛོད་དང་། ཕ་ཝཾ་བོན་མོ། གཡུང་དྲུང་ཕ་བོང་བོན་མོ། གཡུང་དྲུང་བོན་མོ། གཡུང་དྲུང་བོན་མོ་རྡོ་རྗེ་བདུད་འདུལ། ཨ་བསྭེ་བོན་མོ་སོགས་འབྲི་སྲོལ་མི་འདྲ་བ་མང་པོ་འདུག་གོ། ཕ་བོང་བོན་མོ་ཅེས་པའི་ཐ་སྙད་དམ་མིང་དེ་ལ་བཤད་ཚུལ་མི་འདྲ་བ་གཉིས་ཙམ་འདུག་སྟེ།
དང་པོ་ནི། མཁའ་འགྲོ་ཅོ་ཟ་བོན་མོའི་སྒྲུབ་གནས་ཡིན་པ་བསྟན་ཏེ། ལྷ་ས་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས1998ལོ་ལྷ་སར་དཔར་བསྐྲུན་བྱས་པའི་ཁྲོ་བོ་རོལ་པའི་རྒྱུད་ཕྱག་ནང་དུ་གཡུང་དྲུང་ཡེ་ཤེས་ཀྱིས་མཁའ་འགྲོ་ཅོ་ཟ་བོན་མོའི་སྒྲུབ་གནས་ཆེན་པོ་ཕ་འོང་བོན་མོ་ནས་སྦྱར་བ་དགེ་ཞིང་འཕེལ་རྒྱས་ཤོག་ཅེས་པའི་བོན་གྱི་གནས་རི་ཆེན་ཤོས་གཅིག་ཡིན་པར་བསྟན། སྤྱིར་ཕ་བོང་བོན་མོ་ཡིན་ན་ངེས་ཅན་དུ་ཉག་རོང་བྲག་དམར་ཟངས་གཡག་གི་ཕ་བོང་བོན་མོ་དེ་ཡིན་པའི་ངེས་པ་མེད་ཀྱང་། ཕ་བོང་བོན་མོ་ཞེས་པའི་གནས་རི་ཡིན་ན་ངེས་ཅན་དུ་བོན་པོ་དང་མཁའ་འགྲོ་ཅོ་ཟ་བོན་མོ་གཉིས་གང་རུང་ལ་འབྲེལ་བ་ཡོད་དགོས་འདུག་སྙམ། གང་ལྟར་ཡང་ཉག་རོང་བྲག་དམར་ཟངས་གཡག་གི་ཕ་བོང་བོན་མོ་དེ་ནི་མཁའ་འགྲོ་ཅོ་ཟ་བོན་མོའི་སྒྲུབ་གནས་ཡིན་པས་དེ་སྐད་བརྗོད་དོ། །
གཉིས་པ། ཕ་བོང་དེ་བོན་གྱི་གཏེར་གནས་ཡིན་པས་ཕ་བོང་བོན་མོ་ཞེས་པའི་ཐ་སྙད་ཐོག་པ་ཡིན་ཏེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཕ་བོང་བོན་མོ་ལ་བོན་གྱི་རྒྱུད་ཕྲན་སུམ་བཅུ་རྩ་བཞི་སྦས། ཞེས་པ་ལ་བརྟག་ན་ཤེས་སླ། ལྷག་པར་དུ་སྲིད་པ་རྒྱུད་ཀྱི་ཁ་བྱང༌རྣམ་ཐར་ཆེན་མོ་ལས། གསང་གཏེར་བོན་གྱི་སྒོ་དབྱེ་ཞེས་བྱ་བ་རྡོ་ཕ་བོང་བོན་མོའི་གཏེར་སྒོ་འབྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ། །ཞེས་པའི་ནང་དུ་ཕ་བོང་བོན་མོ་ལ་གཏེར་སྦས་ཚུལ་དང་གཏེར་དྲངས་ཚུལ་་སོགས་གསལ་ཞིང་རྒྱས་པ་བསྟན་འདུག་པས་དེ་ལ་གཟིགས་པ་ཙམ་གྱིས་བོན་གྱི་གཏེར་གནས་ཡིན་པ་ནི་ཤེས་སླའོ། །
ཕ་བོང་བོན་མོའི་རྣམ་གྲངས་སྐོར་བསྟན་པ།
སྤྱིར་བོན་པོའི་ལུགས་ལ། ཕ་བོང་བོན་མོ་ཞེས་པའི་མིང་ཐོགས་པའི་གནས་རི་ལ་མདོ་དབུས་ཁམས་གསུམ་ས་ཕྱོགས་མང་ཙམ་ལ་ཡོད། དཔེར་ན། དབྱི་ར་ངེར་གྱི་ཕ་བོང་བོན་མོ། ལྷོ་རི་ཕ་བོང་བོན་མོ། རྡོ་གཉན་ནམ་རྟ་གཉན་ཕ་བོང་བོན་མོ། ལྕམ་མོ་ཕ་བོང་བོན་མོ་ཞེས་པ་སོགས་ཡོད་ཚུལ་ནི་སྲིད་པ་རྒྱུད་ཀྱི་ཁ་བྱང༌རྣམ་ཐར་ཆེན་མོ་ལས་གསལ་ཡང་གནས་དེ་དག་ས་ཕྱོགས་གང་ན་ཡོད་པའི་ངོས་འཛིན་གསལ་བོར་བསྟན་མེད་དོ། །
གཞན་དུ་ཕ་བོང་བོན་མོའི་ཕུག་ཅེས་པ་དུས་རབས་བཅུ་གཅིག་པའི་ནང་ཞུ་སྒོམ་འཁྲུལ་ཞིག་དེར་བསྒྲུབ་པར་བཞུགས་ཤིང་འབྲུ་ཞིག་དང་སེ་ཞིག་གཉིས་ལ་ས་ལེ་འོད་ཀྱི་གདམས་པ་བསྟན་པའི་གནས། གཉན་པོ་གཡུ་རྩེའི་ལྷོ་ངོས་སུ་ཡོད་པ་དེང་སང་བཀའ་རྒྱུད་སྒྲུབ་ཕུག་ཅེས་གྲགས་སོ། །ཡང་ན། རྫ་སྟོད་ཕ་བོང་བོན་མཛོད་ཅེས་པ་ནི་ཤར་རྫ་ཁོག་སྟོད་ཀྱི་བོན་གྱི་གནས་ཤིག དེང་དཀར་མཛེས་ཁུལ། སྡེ་དགེ་རྫོང་། རྫོགས་ཆེན་ཤང་ཁོངས་སུ་གནས་ཡོད། ཉག་རོང་བྲག་དམར་ཟངས་གཡག་མདུན་གྱི་ཕ་བོང་བོན་མོ་དེ་ལ་རྡོ་གཉན་ཕ་བོང་བོན་མོའམ་རྟ་གཉན་ཕ་བོང་བོན་མོ་ཞེས་པ་དེ་རེད། དེ་ནི་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱི་སྲིད་པ་རྒྱུད་ཀྱི་ཁ་བྱང་གི་གཏེར་གནས་ཡིན་པ་ནི་སྲིད་རྒྱུད་ཁ་བྱང་ལས་གསལ་ལོ། །གཏེར་རྡོ་ཕ་བོང་བོན་མོའི་རྡོ་ངོགས་སུ་གཏེར་ཡིག་དང་། གཏེར་ཕུར་གྱི་རྗེས་སོགས་ཡོད་དོ། །

བྲག་དམར་ཟངས་གཡག་གནས་ཀྱི་ཡོན་ཏན་བསྟན་པ།
བྲག་དམར་ཟངས་གཡག་གནས་རི་དེ། ཕྱི་མཐའ་སྐོར་རྒྱང་ནས་ལྟོས་ན། རི་བོ་ཆེན་པོ་གཅིག་ལ་ཕྱོགས་མཚམས་རི་མཐོ་བ་བཞི་དང་དབུས་རི་བཅས་ལྔ་དང་། རི་ཕྲན་དུ་མས་བསྐོར་ཡོད་པ་དེ་ནི་ཀུན་ཏུ་བཟང་པོ་རྒྱལ་བ་འདུས་པ་ཞལ་ལྔ་ཕྱག་བཅུ་པའི་གནས་ཡིན་པ་དང་། ནང་གི་བྲག་དམར་ཟངས་གཡག་རི་དེ་ལ་ཅིར་ཡང་སྤྲུལ་པའི་སྐུ་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་དབྱིབས་དོད་པ་དེ་ནི་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་རམ་ཡི་དམ་སྐུ་ཡི་ངོ་བོ་དབལ་གསས་རྔམ་པ། གསུང་གི་ངོ་བོ་ལྷ་རྒོད་ཐོད་པ། ཐུགས་ཀྱི་ངོ་བོ་གཙོ་མཆོག་མཁའ་འགྱིང་སྟེ་སྐུ་གསུམ་ཁྲོ་བོ་ནང་ཚན་དྲག་པོའི་སྐུ་འཁྲོས་པའི་དབལ་གསས་རྔམ་པ་དབུ་དགུ་ཕྱག་བཅོ་བརྒྱད་གནས་ཡིན་པ་དང་། གསང་བའི་གནས་རི་ལྟར་ན་ཡེ་སྲིད་ཀྱི་ལྷ་ཀུན་ཏུ་བཟང་མོ་ནམ་མཁའི་ལྷ་མོ་གསལ་བྱེད་གདོས་བྲལ་མའི་གནས་ཡིན་པ་དང་། ཡང་གསང་གི་གནས་རི་ལྟར་ན་དོན་དམ་ངོ་བོ་ཉིད་དེ་རང་བྱུང་ཀུན་ཏུ་བཟང་པོའི་གནས་རི་ཡིན་པ་དང་། གནས་འདི་ལ་ཕྱག་སྐོར་སྒྲིབ་སྦྱང་བྱེད་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བར་དུ་འབྲལ་མེད་སྡོང་གྲོགས་མཛད་པ་ནི། འགྲོ་མགོན་བསོད་ནམས་རྒྱལ་མཚན་གྱི་སྙན་རྒྱུད་བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། ཕྱི་ལྟར་ཀུན་བཟང་རྒྱལ་བ་འདུས། །ནང་ལྟར་མཁའ་འགྱིང་ཁྲོ་བོའི་སྐུ། །གསང་བ་གསལ་བྱེད་གདོས་བྲལ་ཡུམ། །ཡང་གསང་དོན་དམ་ངོ་བོ་ཉིད། །བྱང་ཆུབ་བར་དུ་གཏན་གྱི་གྲོགས། །ཞེས་སོ། །

བྲག་དམར་ཟངས་གཡག་གི་གནས་ཡུལ་བསྟན་པ།
བྲག་དམར་ཟངས་གཡག་ནི་བོད་ཡུལ་ས་ཁུལ་དུ་ཧ་ཅང་མཐོང་དཀོན་པའི་བྱུ་རུའི་མདོག་དང་འདྲ་བའི་བྲག་རི་དམར་པོ་ཞིག་རེད། བོན་ལུགས་ལྟར་ན་ཡི་དམ་དབལ་གསས་རྔམ་པའི་གནས་རི་ཡིན་ཟེར། ས་གནས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་། ཡུལ་མདོ་ཤང་། ཨ་བསྭེ་ཁོག་ན་ཡོད། ཡུལ་མདོ་ཤང་སྲིད་གཞུང་ནས་ཕལ་ཆེར་སྤྱི་ལེ19ཙམ་གྱི་བར་ཐག་ཡོད། དཀར་མཛེས་རྫོང་དང་པད་ཡུལ་རྫོང་གཉིས་ཀྱི་ལམ་འབྲེལ་བར་ཐག་བར་སྤྱི་ལེ་48དང་། དཀར་མཛེས་གེ་སར་གནམ་གྲུ་ཐང་བར་དུ་སྤྱི་ལེ32ཙམ་གྱི་ས་ཆ་ན་ཡོད། ཡུལ་དེའི་དབང་དུ་བཏང་ན་རྟ་གཉན་ཟེར་བ་དང་དྲེའུ་བྲག་དཀར་ཟེར་བ་གཉིས་ཀྱི་བར་མཚམས་སུ། གནས་ཆེན་འབྲོང་དེའུ་དམར་པོའམ་དབལ་རི་བྲག་དམར་ཟངས་གཡག་གི་གནས་རི་དེ་ཡོད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། རྟ་དྲེའུ་གཉིས་ཀྱི་བར་མཚམས་སུ། །ཞེས་སོ། །
བྲག་དམར་ཟངས་གཡག་གི་ཁྱད་ཆོས་བསྟན་པ།
བྲག་དམར་ཟངས་གཡག་གི་རི་རྒྱུད་དེ་ལ་སྤྱི་ལེ་ཕལ་ཆེར18.50ཙམ་ཡོད། རི་རྒྱུད་དེའི་བྱང་ནས་དཀར་མཛེས་རྫོང་དང་འབྲེལ་མཚམས་ལ་ཐུག་ཡོད། ལྷོ་དང་བྱང་གཉིས་ནི་ཁ་ཞེང་ཆ་སྙོམས་སྤྱི་ལེ2ཙམ་དང་། སྔོག་འདོན་གྱི་རིན་ཐང་དང་ས་བབ་ཀྱི་ལྟེ་བའི་ཁུལ་གྱི་ཁྱབ་ཁོངས་ཕལ་ཆེར་སྤྱི་ལེ་32ཙམ་ཡོད། བྲག་དམར་ཟངས་གཡག་གི་ཕྱོགས་མཚམས་རི་འདབས་འབྲེལ་བའམ་ཆགས་ཚུལ་ལ་ཤུགས་རྐྱེན་ཐོན་སའི་ཁྱབ་ཁོངས་ཕལ་ཆེར་སྤྱི་ལེ150ཙམ་ཡོད། ཁྱབ་ཁོངས་ལ་ཉག་རོང་རྫོང་དང་དཀར་མཛེས་རྫོང་གཉིས་དང་འབྲེལ་ཡོད། བྲག་རི་གཙོ་བོ་ཉག་རོང་རྫོང་གི་ཁོངས་སུ་གཏོགས། བྲག་རི་དེ་ནི། འཁོར་ཡུག་གཙང་བ། ཡུལ་ལྗོངས་ཀྱི་མཐུན་རྐྱེན་འཛོམས་པ། ཡར་སྐྱེས་ཆ་ཚང་བ། བྲག་རི་སྡེབ་སྒྲིག་ཤིན་ཏུ་ལེགས་པ་འདི་ལྟ་བུ་བྲག་རི་ནི། ད་ལྟའི་བར་ཀྲུང་གོའི་བོད་ཁུལ་གསར་དུ་རྙེད་པའི་མཚོ་འཕགས་ཆེས་མཐོ་ཤོས་དང་ས་ཁོངས་ཆེས་ཆེ་བའི་བྲག་དམར་ཟངས་གཡག་འདི་རེད། བྲག་རི་འདི་ནི་ཤིན་ཏུ་མཐོ་ལ་མཛེས་རིག་རིན་ཐང་དང་། སྤྱན་གཟིགས་རིན་ཐང་དང་ལྡན་པ་མ་ཟད། བོད་ཁུལ་ཆེས་མཐོ་བའི་རང་བྱུང་ས་གཤིས་ཀྱི་སྤྱི་གླིང་ཞེས་བརྗོད་ན་མི་ཆོག་པ་མེད།
ཉག་རོང་གི་བྲག་དམར་འདི། སྤྱི་ཡོངས་ཀྱི་མཚོ་འཕགས་མཐོ་ཚད་སྨི་མང་ཆེ་བ་ནི4200-5000། སྨི5000ལས་བརྒལ་བའི་རི10ལྷག་ཡོད་པ་དང་། རི་དམན་སྨི800ཙམ་གྱི་ཁྱད་པར་ཡོད། བྲག་རི་ཕལ་ཆེར་ནི་རི་མཐོ་བས་ཁ་བ་གངས་དང་འཁྱགས་རོམ་གྱིས་གཡོག་ཡོད། བྲག་རི་དེ་ན་སྟག་ལྷ་ཞེས་པའི་རི་དེ་ནི་གསེར་རི་དང་དངུལ་རི་གཉིས་སྡེབ་སྒྲིག་པའི་མཛེས་ལྗོངས་ཕུན་སུམ་ཚོགས་པ། བྲག་རི་དེ་དག་གི་འཁོར་ཡུག་ནི་ཧ་ཅང་མཛེས་ཤིང་ཐོན་ཁུངས་ཐུན་མོང་དུ་གྲུབ་པའི་བྲག་རི་དམར་པོ། གངས་རི། གྲོག་རོང་། ཕུ་ཆུ། ནགས་ཚལ། རྩྭ་ས། སྡོང་ཐུང་ནགས་ཚལ། འདམ་ར། སྤང་ལྗོངས་བཅས་ཀྱི་མཛེས་ལྗོངས་ཕུན་སུམ་ཚོགས་པ་ཞིག་གོ།
བྲག་དམར་ཟངས་གཡག་གི་བྱུང་ཁུངས་བསྟན་པ།
བྲག་དམར་ཟངས་གཡག་དེ་ལ་གནས་ཆེན་འབྲོང་དེའུ་དམར་པོ་དང་། དབལ་རི་བྲག་དམར་ཟངས་གཡག་ཅེས་ཀྱང་ཟེར་བ་འདི་ཡི་བྱུང་ཁུངས་ནི། སྔོན་ཚེ་མི་རྣམས་ཚེ་ལོ་ཁྲི་ཐུབ་པའི་དུས་སུ་གསང་བ་སྔགས་ཀྱི་སྟོན་པ་ཆེན་པོ་འཆི་མེད་གཙུག་ཕུད་བྱ་བ་དེ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་སྐུ་འཁྲུངས། ཡབ་ཡུམ་གཉིས་ལས་བོན་གསན། དེ་ནས་རྫོགས་སྐུ་གཤེན་ལྷ་འོད་དཀར་མདུན་དུ་ཕེབས་ཏེ་གྲོལ་ལམ་རྫོགས་པ་ཆེན་པོ་སོགས་བླ་མེད་ཐེག་པའི་བོན་གསན། སྐབས་དེ་འཇིག་རྟེན་ན་ལྷ་སྲིན་སྡེ་བརྒྱད་སོགས་ཀྱི་མི་བདེ་བ་སྣ་ཚོགས་བྱས་པས། འཇིག་རྟེན་ཁམས་སུ་བཀྲ་མ་ཤིས། དོན་མི་འགྲུབ་པ། ནད་མུག་མཚོན་གསུམ་ཀྱི་འཇིག་པ་ཆེན་པོ་བྱུང་། དེའི་ཚེ་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས། སྐུ་མཆོག་དབལ་གསས་རྔམ་པ་དང་། གསུང་མཆོག་ལྷ་རྒོད་ཐོག་པ་དང་། ཐུགས་མཆོག་གཙོ་མཆོག་མཁའ་འགྱིང་ཁ་དང་གསུམ་གྱི་ངོ་བོའམ་རྣམ་པར་མངོན་སུམ་སྐུ་རུ་བཞེངས་ནས། ལྷ་ཀླུ་མི་སོགས་སྲིད་པ་གསུམ་མམ་ཁམས་གསུམ་ཀྱི་ལྷ་སྲིད་སྡེ་བརྒྱད་དང་སྐྱེས་བོ་དྲེགས་པ་ཅན་རྣམས་དང་། འགྲོ་བ་སེམས་ཅན་ལ་གནོད་བྱེད་བགེགས་རིགས་ཐམས་ཅད་དམ་ལ་བཏགས་པར་མཛད། འཇིག་རྟེན་དྲེགས་པའི་སྡེ་ཚོགས་ཐམས་ཅད་དབང་དུ་བསྡུས། གཡུང་དྲུང་བོན་སྤྱི་སྤུངས་གསང་བ་སྔགས་ཀྱི་བསྟན་པའི་རྒྱལ་མཚན་བཙུག །དེའི་སྐབས་སུ་བྲག་དམར་ཟངས་གཡག་སོགས་གནས་རི་ཐམས་ཅད་བྱིན་གྱིས་བརླབས་པར་མཛད། དེ་ནས་སྟོན་པ་འཆི་མེད་གཙུག་ཕུད་རྩ་གསུམ་ལྷ་གནས་ནས་རྣམ་པར་གཞན་དུ་སྤྲུལ་ནས་འོལ་མོ་ལུང་རིང་སྐུ་བལྟམས། བཀའ་འཁོར་དང་པོ་ཕྱྭ་གཤེན་ཐེག་པ་སོགས་ཐེག་པ་རིམ་པ་དགུ་དང་རིག་པའི་གནས་ལྔ་བསྟན། བཀའ་འཁོར་བར་བ་སྒོ་བཞི་མཛོད་ལྔ་བསྟན། བཀའ་འཁོར་ཐ་མ་མདོ་སྔགས་རྫོགས་གསུམ་སོགས་བོན་གྱི་བཀའ་འཁོར་རྒྱ་ཆེར་བསྐོར། དེའི་དུས་སུ་སྟོན་པ་གཤེན་རབ་མི་བོས་འཆི་མེད་གཙུག་ཕུད་ཀྱི་སྐུ་ཡི་རྣམ་པར་སྤྲུལ་ཏེ། བྱིན་གྱིས་རླབས་པའི་འོད་ཟེར་དེ་ཤར་ལུས་འཕགས་པོའི་གླིང་དང་། བྱང་སྒྲ་མི་སྙན་པའི་གླིང་། ནུབ་བ་གླང་སྤྱོད་ཀྱི་གླིང་། ལྷོ་འཛམ་བུ་གླིང་ལ་སོགས་གླིང་བཞི་ཡོངས་ལ་སྤྲོས་ཏེ་གསང་སྔགས་གཡུང་དྲུང་བོན་གྱི་ཞིང་དུ་བསྒྱུར། ཁྱད་པར་དུ་ལྷོ་རྒྱལ་འཛམ་བུ་གླིང་གི་ཞིང་འདིར་གནས་ཆེན་གྲངས་མེད་པ་བྱིན་གྱིས་བརླབས་པར་མཛད། དེའི་དུས་སྟོན་པ་སྟོན་པ་གཤེན་རབ་མི་བོས་འཆི་མེད་གཙུག་ཕུད་རྣམ་པར་སྤྲུལ་ནས་བྲག་དམར་ཟངས་གཡག་གི་གནས་རི་དེ་ཡང་ཐུགས་རྒྱུད་ཡེ་ཤེས་ལས་འཕྲོས་པའི་བྱིན་རླབས་ཀྱི་འོད་ཟེར་སྤྲོས་ནས་ཡི་དམ་དབལ་གསལ་རྔམ་པའི་གནས་རིར་མངའ་གསོལ་བ་དང་།

མ་འོངས་པ་ན་གསང་སྔགས་གཡུང་དྲུང་བོན་གྱི་སྦས་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པར་མཛད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། གནས་ཆེན་འབྲོང་དེའུ་དམར་པོའམ། །དབལ་རི་བྲག་དམར་ཟངས་གཡག་གི། བྱུང་རབས་གསལ་བའི་མེ་ལོང་བསྟན། །སྔོན་ཚེ་རྩ་གསུམ་ལྷ་གནས་ཀྱི། །གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ། །སྟོན་པ་འཆི་མེད་གཙུག་ཕུད་ཀྱིས། །སྐུ་མཆོག་དབལ་གསས་རྔམ་པ་དང་། །གསུང་མཆོག་ལྷ་རྒོད་ཐོག་པ་དང་། །ཐུགས་མཆོག་གཙོ་མཆོག་མཁའ་འགྱིང་གསུམ། །མངོན་སུམ་སྐུ་རུ་བཞེངས་ནས་ནི། །སྲིད་གསུམ་ལྷ་སྲིད་དམ་ལ་བཏགས། འཇིག་རྟེན་དྲེགས་ཚོགས་དབང་དུ་བསྡུས། །སྤྱི་སྤུངས་བོན་གྱི་བསྟན་པ་བཙུག། ཐེག་དགུའི་བོན་གྱི་བཀའ་འཁོར་བསྐོར། །དེ་དུས་སྟོན་པ་འཆི་མེད་ཀྱིས། །བྱིན་རླབས་འོད་ཟེར་གླིང་བཞི་ལ། སྤྲོས་ནས་གསང་སྔགས་ཞིང་དུ་བསྒྱུར། །ཁྱད་པར་ལྷོ་རྒྱལ་འཛམ་གླིང་གི ། གནས་ཆེན་གྲངས་མེད་བྱིན་གྱིས་བརླབས། །དེ་དུས་སྟོན་པ་འཆི་མེད་ཀྱིས། །བྱིན་རླབས་འོད་ཟེར་གནས་འདིར་སྤྲོས། །ཞེས་སོ། །ཁྱད་པར་དུ་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་གནས་རི་འདི་ལ་བྱིན་གྱིས་བརླབས་པའི་སྐབས་སུ་ཅིར་ཡང་སྤྲུལ་སྐུའི་མཆོད་རྟེན་བརྒྱ་དང་རྩ་བརྒྱད་རང་བྱུང་གི་གཟུགས་དབྱིབས་དོད་པ་བྱུང་བ་དང་། མཆོད་རྟེན་རེ་རེ་ལ་གནམ་རིམ་པ་བཅུ་གསུམ་གྱི་བརྡ་རྟགས་དང་། གཤང་དང་རྔ་སོགས་ཀྱི་རྗེས་ཤུལ་ཡོད་པར་བཤད་དོ། །
བྲག་དམར་ཟངས་གཡག་ལ་བོན་གཤེན་རྣམས་བྱོན་ཚུལ་བསྟན་པ།
བྲག་དམར་ཟངས་གཡག་གི་གནས་རི་དེ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་བྱིན་གྱིས་བརླབས་པར་མཛད། དེ་ནས་བར་གྱི་བསྐལ་པ་ཞིག་ལ། སྟོན་པ་འཆི་མེད་གཙུག་ཕུད་ཀྱི་དངོས་སློབ། ཞང་བོད་གྲུབ་ཆེན་བརྒྱད་ཅུ་དང་སྟོད་གྱི་བླ་མ་ཆེ་དྲུག་གི་ནང་ཚན་གསང་བ་འདུས་པས་སེམས་ཅན་གྱི་དོན་དུ་གསས་མཁར་བཅུ་གཉིས་དབུ་རྩེ་དང་བཅུ་གསུམ་བཞེངས། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པ་མཛད་པའི་སྐབས་སུ་གནས་ཆེན་བྲག་དམར་ཟངས་གཡག་དེ་ཡང་བྱིན་གྱིས་བརླབས་པར་མཛད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། དེ་ནས་བར་གྱི་བསྐལ་པ་ལ། །དབལ་གཤེན་གསང་བ་འདུས་པ་ཉིད། ཅེས་སོ། །བླ་མ་རྣམས་ཀྱི་ངག་རྒྱུན་ལ། བྲག་དམར་ཟངས་གཡག་རིའི་ངོས་སུ་གསས་མཁར་བཅུ་གཉིས་དབུ་རྩེ་དང་བཅུ་གསུམ་གྱི་རིས་རྟགས་ཡོད། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པའི་བཏགས་རྡོ་དང་མནན་རྡོ་ཡོད།

སྟོད་གྱི་བླ་མ་ཆེ་དྲུག་གི་བརྡ་རྟགས་ཡོད། གསང་བ་འདུས་པ་སྒོམ་པ་བཞུགས་པའི་སྒྲུབ་ཕུག་ཡོད་ཅེས་གསུངས། དེ་ནས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་ནས་བོན་གཤེན་རྣམས་ས་མཐར་བསྐྱུངས་པའི་སྐབས། ཞང་ཞུང་གི་རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་བྱ་བ་གནས་འདིར་བྱོན་ནས་ཡི་དམ་དབལ་གསས་རྔམ་པ་བསྒྲུབས། ཡི་དམ་དབལ་ཆེན་གེ་ཁོད་ཀྱི་སྐུ་རུ་བཞེངས། ལྷ་སྲིན་དྲེགས་པའི་སྡེ་ཚོགས་ཐམས་ཅད་དམ་ལ་བཏགས་པའི་བཀའ་རྟགས་གཡུང་དྲུང་དང་།

དབལ་གསས་ཀྱི་རྩ་བསྙེན་ཨ་མ་སོགས་ཕྱག་གིས་རྡོ་ལ་བྲིས་ནས་བཞག །ཁྱད་པར་ཨ་བསེ་བྲག་བཙན་དམར་པོ་དང་བཙན་རྒོད་ཧུར་པ་དམ་ལ་བཏགས་པ་དང་སྲོག་སྙིང་ཏྲི་ཡིག་རྡོ་ལ་བཀའ་རྟགས་བཞག་ནས་བོན་གྱི་བསྟན་པ་སྲུང་བའི་སྲུང་མར་བསྐོས། དབལ་གསལ་རྔམ་པ་སོགས་ཡི་དམ་ཕྱི་ནང་གསང་གསུམ་ལྷ་ཡི་བྱིན་གྱིས་བརླབས་པར་མཛད། གནས་དེར་ན་ཡོད་པའི་ཕ་བོང་གཡག་འདྲ་བ་ལ་གསང་སྔགས་གཡུང་དྲུང་བོན་གྱི་བཀའ་ལུང་ངམ་བོན་སྡེ་གྲངས་མེད་གཏེར་དུ་སྦས་པར་མཛད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། སླར་བྱོན་སྟོང་རྒྱུང་མཐུ་ཆེན་གྱིས། །དབལ་གསས་རྔམ་པ་འདི་རུ་བསྒྲུབས། །ཡི་དམ་དབལ་ཆེན་སྐུ་རུ་བཞེངས། །ལྷ་སྲིན་དྲེགས་ཚོགས་དམ་ལ་བཏགས། །ཁྱད་པར་ཨ་བསེ་བྲག་བཙན་ཉིད། །དམ་ལ་བཏགས་ནས་བསྟན་སྲུང་བསྐོས། ཡི་དམ་ལྷ་ཡི་བྱིན་གྱིས་བརླབས། །གསང་སྔགས་བོན་གྱི་བཀའ་སྐོར་བསྐོར། །བོན་སྡེ་གྲངས་མེད་གཏེར་དུ་སྦས། །ཞེས་སོ། །
དེ་དང་དུས་མཚམས་ཙམ་ལ། རྒྱ་ནག་གི་མཁས་པ་ཆེན་པོ་ལེགས་ཏང་རྨང་པོ་ཞེས་བྱ་བ་དེ་ཡང་གནས་འདིར་བྱོན་ནས་ཕྱྭ་ཚེ་གཡང་གི་གཏེར་ཁ་སྦས། ཚེ་ཡི་སྙིང་པོ་བསྭོ་དང་རྣྲི་ལ་སོགས་པའི་བཀའ་རྟགས་བྲག་ལ་ཕྱག་རྗེས་བཞག་པ་དང་། ཚེ་ཆུ་སྒྲུབ་ཆུ་རང་འབབ་ཡོད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། རྒྱ་ནག་ལེགས་ཏང་རྨང་པོ་ཡིས། །ཕྱྭ་ཚེ་གཡང་གི་གཏེར་ཁ་སྦས། །བཀའ་རྟགས་བྲག་ལ་ཕྱག་རྗེས་བཞག །ཅེས་སོ། །
དེ་ནས་བོད་རྒྱལ་སོ་བདུན་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། བོད་དབུས་གཙང་རི་བཞིར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྨང་མེད་ལྟར་བྱས་ཏེ་བསྣུབས་པའི་སྐབས། མཁན་སློབ་ཆོས་གསུམ་གྱིས་བོན་གཤེན་རིག་འཛིན་ཐམས་ཅད་ས་མཐར་བསྐྲད་པའི་སྐབས་ལོ་ཆེན་བཱེེ་རོ་ཙ་ན་དང་། རྒྱ་ནག་ལེགས་ཏང་རྨང་པོ་གཉིས་ཀྱིས་བོན་སྡེ་གྲངས་མང་པོ་ཞིག་བྲག་དམར་ཟངས་གཡག་དང་ཕ་བོང་བོན་མོ་ལ་གཏེར་དུ་སྦས། གཏེར་སྲུང་བྲག་བཙན་ཨ་བསེ་རྒྱལ་བ་བཞག་པར་མཛད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས། །དབུས་གཙང་རི་བཞིར་བོན་བསྟན་བསྣུབས། །བོན་གཤེན་རིག་འཛིན་ས་མཐར་བསྐྲད། །དེ་དུས་ལོ་ཆེན་བཱེེ་རོ་དང་། རྒྱ་ནག་ལེགས་ཏང་རྨང་པོ་གཉིས། །བོན་སྡེ་གྲངས་མང་གཏེར་དུ་སྦས། །གཏེར་སྲུང་བྲག་བཙན་ཨ་བསེ་བཞག །ཅེས་སོ། །དེ་ནས་རྒྱ་བོན་ཟིང་པ་མཐུནཆེན་ཞེས་བྱ་བ་དེ་རྒྱ་ཟིང་ཆུ་ཕྱོགས་ནས་ཉག་རོང་གི་ཡུལ་དུ་ཕེབས། བྲག་དམར་ཟངས་གཡག་རི་ལ་ཡི་དམ་དབལ་གསས་རྔམ་པ་བསྒྲུབས། ཡི་དམ་དབལ་གསས་རྔམ་པའི་སྐུ་རུ་གྱུར། བཀའ་རྟགས་བྲག་ལ་ཕྱག་རྗེས་དང་ཞབས་རྗེས་བཞག ལྷ་སྲིན་སྡེ་བརྒྱད་དང་ཡུལ་ས་གཞི་བདག མདུན་རི་བྱ་ཁྱུང་གདོང་པ་འདྲ་བ་ལ་ཀླུ་བདུད་ནག་པོ་དམ་ལ་བཏགས་ནས་བསྟན་སྲུང་བསྐོས། ཀླུ་བདུད་ནག་པོ་འདུལ་བའི་སྒྲུབ་ཆུ་འཁྱལ་མ་འཁྱིལ་དུ་བབ་པ་ཡོད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། རྒྱ་བོན་ཟིང་པ་མཐུན་ཆེན་གྱིས། །ཡི་དམ་དབལ་གསས་རྔམ་པ་བསྒྲུབས། ཡི་དམ་དབལ་གསས་སྐུ་རུ་གྱུར། །བཀའ་རྟགས་བྲག་ལ་ཕྱག་རྗེས་བཞག །སྡེ་བརྒྱད་ཡུལ་ས་དམ་ལ་བཏགས། །ཞེས་སོ། །
དེ་ནས་ལྔ་བརྒྱ་དུས་ངན་སྙིགས་མའི་འགྲོ་བ་འདྲེན་པའི་མགོན་པོ་བླ་ཆེན་དྲན་པ་ནམ་མཁའ་དེ་ཉིད་བྱ་རྒྱལ་ཁྱུང་དུ་སྤྲུལ་ནས་གནས་འདིར་ཕེབས་སྐབས་བྲག་དམར་ཟངས་གཡག་གནས་མདུན་དུ་བྱ་ཁྱུང་གི་རང་བྱུང་བྲག་སྟེང་བབ་ནས་ཁྱུང་དམར་གྱི་བོན་སྒོ་རྣམས་གཏེར་ལ་སྦས། གྱེར་སྤུངས་དྲན་པ་ནམ་མཁའི་བཞུགས་གནས་ངོ་མཚར་བ་སོགས་ཡོད།

ཁྱུང་དམར་སྒྲུབ་པའི་རྟགས་ཡི་གེ་ཁྲཱོྃ༔་གྱི་ཕྱག་རྗེས་བཞག །དེ་ནས་སྟག་ལའི་བྲག་ལ་ཡེ་ཤེས་ཀྱི་ལྷ་ཡི་དམ་སྟག་ལ་མེ་འབར་སྤུ་གྲི་དཀར་ནག་དམག་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་སྒྲུབ་པ་མཛད། གནས་དེར་སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ་ཀྱི་གནས་རི་ཡོད། རང་བྱུང་གི་སྟག་ལ་མེ་འབར་གྱི་མཆོད་རྟེན་ཡོད།

ས་གཞི་ཐམས་ཅད་བོན་ཉིད་དབྱིངས་སུ་བསྒྱུར་ཞིང་བཀའ་རྟགས་བྲག་ལ་བསྭོ་ཡིག་བཀོད། གནས་སྲུང་དབལ་སྟག་དམར་པོ་བསྐོས། དུས་བཟང་ཉིན་ལ་གནས་བདག་དངོས་སུ་རྒྱུ་བ་དང་། ཡང་ན་གཅན་ཟན་ལ་སྤྲུལ་ནས་རྒྱུ་བ་སོགས་ཡོད། རྡོ་ངོས་སུ་དབལ་སྟག་དམར་པོའི་སྐུ་རྗེས་སོགས་མཐོང་དུ་ཡོད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། ལྔ་བརྒྱ་དྲན་པ་ནམ་མཁའ་ཡིས། །ཁྱུང་དུ་སྤྲུལ་ནས་གནས་འདིར་ཕེབས། །ཡི་དམ་སྟག་ལ་མེ་འབར་གྱི། །དཀྱིལ་འཁོར་ཞལ་ཕྱེས་སྒྲུབ་པ་མཛད། །ས་གཞི་བོན་ཉིད་དབྱིངས་སུ་བསྒྱུར། །བཀའ་རྟགས་བྲག་ལ་བསྭོ་ཡིག་བཀོད། །གནས་སྲུང་དབལ་སྟག་དམར་པོ་བསྐོས། །དུས་བཟང་ཉིན་ལ་དངོས་སུ་རྒྱུ། །ཞེས་སོ། །
བྲག་དམར་ཟངས་ཡག་དེ་དབལ་གསས་ཀྱི་གནས་རི་བསྟན་པ།

སྤྱིར་བོད་གངས་ཅན་བསིལ་ལྡན་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་སྔ་དར་ནི་ཞྭ་དཀར་གཡུང་དྲུང་བོན་ཡིན་པས་བོད་ཡུལ་ཀྱི་གནས་རི་ཡོད་དོ་ཅོག་ཐོག་མ་བོན་གྱི་གནས་རི་ཡིན། ཕྱིས་སུ་རྒྱ་གར་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་དར་ནས་བཟུངས། བོན་གྱི་གནས་རི་མང་པོ་ཞིག་གྲུབ་མཐའ་གཞན་དུ་བསྒྱུར་ཡོད་པ་ནི་ལོ་རྒྱུས་དག་ལས་ར་སྤྲོད་ཐུབ། ས་ཕྱོགས་མང་ཙམ་ན་བོན་དགོན་བཤིག་ནས་བན་དགོན་བསྒྱུར་བ་དང་ཆབས་གཅིག་གནས་རི་ཡང་སྐོར་བ་རྒྱག་སྟངས་དང་མཚན་སོགས་བསྒྱུར་ཡོད་པ་ནི་མངོན་སུམ་རེད། འདས་པའི་དོན་ཕྱིར་ལེན་པ་ལ་དགོས་པ་དེ་ཙམ་ལས་འདས། སྐབས་སུ་བབ་པའི་གཏམ་ནི། བོད་ཡུལ་ན་མ་རྒྱུད་གནས་ཆེན་ཉེར་བཞི་འམ་མཁའ་འགྲོ་གནས་ཆེན་ཉེར་བཞི། ཚེ་དབང་རིག་འཛིན་འདུལ་གནས་བརྒྱད། གསས་མཁར་མཆོག་ལྔའི་གནས་རི་ལྔ་ལ་སོགས་མང་དུ་ཡོད་པ་ལས། ཁྱད་པར་གནས་མཆོག་བྲག་དམར་ཟངས་གཡག་འདི་ནི་བོན་གསས་མཁར་མཆོག་ལྔའི་ནང་ཚན་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་ངོ་བོ་ཡི་དམ་དབལ་གསས་རྔམ་པའི་གནས་རི་ཡིན། གནས་རི་དེའི་ཕྱི་ནི་ས་དང་རྡོ། བྲག་རི་དམར་པོ། མཐའ་གངས་རི། གྲོག་རོང་། ཕུ་ཆུ། ནགས་ཚལ། རྩྭ་ས། སྡོང་ཐུང་ནགས་ཚལ། འདམ་ར། སྤང་ལྗོངས་སོགས་མཛེས་ལྗོངས་ཡིད་དུ་འོང་བ། ནང་ནི་བོན་ཉིད་ཁྲོ་གཏམ་འབར་བའི་གསས་མཁར་ཆེ་བ་ཡི་དམ་དབལ་གསས་རྔམ་པའི་གནས་རི། སྟོན་པ་འཆི་མེད་གཙུག་ཕུད་དང་སྟོན་པ་གཤེན་རབ་མི་བོ། གསང་བ་འདུས་པ་སོགས་ཀྱིས་བྱིན་གྱིས་བརླབས་པ་དང་། སྟོང་རྒྱུངས་མཐུ་ཆེན་དང་དྲན་པ་ནམ་མཁའ་སོགས་ཞབས་བཅག་པའི་གནས། གནས་འདིར་ཡི་དམ་དབལ་གསས་རྔམ་པ་སོགས་གསས་མཁར་མཆོག་ལྔ་བསྒྲུབ་ན་མྱུར་དུ་འགྲུབ་པ་དང་གྲུབ་རྟགས་སོགས་མྱུར་བ་ནི། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། ཁྱད་པར་གནས་མཆོག་བྲག་དམར་ཟངས་གཡག་གི། །ཕྱི་ནི་ས་རྡོ་སྣང་ན་ཡང་། །ནང་ནི་བོན་ཉིད་ཁྲོ་གཏམ་འབར་བའི་གསས་མཁར་ཆེ། །ཡི་དམ་དབལ་གསས་རྔམ་པའི་བྱིན་བརླབས་གནས། །མཆོག་ལྔ་སྒྲུབ་ན་གྲུབ་རྟགས་མྱུར། །ཞེས་སོ། །
བྲག་དམར་ཟངས་གཡག་ལ་བོན་གཏེར་སྦས་ཚུལ་བསྟན་པ།
སྤྱིར་གངས་ཅན་ལྗོངས་འདིར་བོན་བསྟན་དར་ཞིང་རྒྱས་པ་བྱུང་། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་དང་། ཁྲི་སྲོང་ལྡེའུ་བཙན་སྐུ་རིང་བོན་བསྟན་བསྣུབས་སྐབས་སུ་ཞང་ཞུང་མཁས་པ་ཆེན་པོ་སྟོང་རྒྱུངས་མཐུ་ཆེན་དང་སྙ་ལི་ཤུ་སྟག་རིང་སོགས་ཀྱིས་བོན་གྱི་སྦས་གནས་རྟ་གཉན་ཕ་བོང་བོན་མོ་ལ་གཏེར་སྦས་ཚུལ་ནི། དྲན་པ་བཀའ་ཐང་ལས། ཕ་བོང་གཡག་ནང་རྒྱུད་ཕྲན་སྡེ་བཅུ་སྦས། མི་འགྱུར་བཀའ་རྟགས་དངུལ་གྱི་གཤང་ཆུང་རྒྱ། ཞེས་སོ། །ཞེས་དང་། ཕ་བོང་བོན་མོ་རྒྱུད་ཕྲན་བཞི་བཅུ་སྦས། མི་འགྱུར་བཀའ་རྟགས་གསེར་བུམ་རིང་བསྲེལ་རྒྱ། ཕ་བོང་སྡིག་རུང་བོན་སྡེ་བཅུ་གཉིས་སྦས། མི་འགྱུར་བཀའ་རྟགས་རིན་ཆེན་མནྚལ་རྒྱ། ཞེས་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། །ཕ་བོང་བོན་མོ་ལ་བོན་གྱི་རྒྱུད་ཕྲན་སུམ་བཅུ་རྩ་བཞི་སྦས། བཀའ་རྟགས་སུ་གསེར་གྱི་སྐུ་འབུམ་དང་རིང་སྲེལ་ཆ་ལྔ་ཡོད ། དབྱི་ར་ངེར་གྱི་ཕ་བོང་སྡིག་རུའི་ནང་ན་བོན་གྱི་ཆ་ལག་བཅུ་གཉིས་སྦས། བཀའ་རྟགས་སུ་རིན་ཆེན་མཎྜལ་མཐོ་སྐོར་བ་གཅིག་ཡོད། ཞེས་སོ། །རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོ་དང་། རྒྱ་བོན་ཟིང་པ་མཐུ་ཆེན་དང་། ལོ་ཆེན་བཱེེ་རོ་ཙ་ན། གྱེར་སྤུངས་དྲན་པ་ནམ་མཁའ་སོགས་ཀྱིས་བོན་གཏེར་སྦས་ཚུལ་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། །རྟ་གཉན་ཕ་བོང་བོན་མོའི་མགོ་བོ་རུ ། །བྷེ་རོ་ཙ་ནས་བོན་གཏེར་ཆ་གཅིག་སྦས། །བཀའ་རྟགས་གསེར་གྱི་སྐུ་གཟུགས་སྐུ་འབུམ་ཡོད། །ཤེལ་གྱི་མཆོད་རྟེན་བརྩིགས་པས་རྒྱ་ཡིས་བཏབ། །དེ་རྣམས་ཀུན་ལ་རིང་སྲེལ་ཆ་ལྔ་སྦས། །ཡིག་རྩིས་བོན་རྣམས་གཞུང་དང་ཆ་ལག་ཀུན། །མ་ཡིག་ཁ་བྲལ་ཕྱིས་སུ་གཞུང་དང་སྤྲད། །ཁ་བྱང་ལྡེ་མིག་ནང་དུ་གསལ་བར་བསྟན། །ཞེས་དང་། སྒོས་སུ་རྟ་གཉན་ཕ་བོང་བོན་མོ་ལ། །བོན་གྱི་ཆ་ལག་སུམ་བཅུ་རྩ་བཞི་དང་། །བྷེ་རོ་ཙ་ནའི་ཐུགས་དམ་རྟེན་རྣམས་ཐམས་ཅད་ཡོད། །ཞེས་དང་། ལེགས་བཤད་མཛོད་ལས། དང་པོ་སྦས་ཚུལ་ནི། ལོ་ཆེན་བཱཻ་རོ་ཙ་ནས་རྟ་གཉན་ཕ་བོང་བོན་མཛོད་དུ་སྦས་ཏེ་སྨོན་ལམ་གྱིས་རྒྱས་བཏབ་བོ། །ཞེས་དང་། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། ཁྱད་པར་ཕ་ཝང་བོན་མོ་འདི། མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། ལེགས་ཏང་རྨང་པོ་ཟིང་པ་མཐུ་ཆེན་དང་། ལོ་ཆེན་བཱེེ་རོ་གྱེར་སྤུངས་དྲན་པ་ཡིས། །བོན་སྡེ་གྲངས་མེད་གཏེར་དུ་སྦས་པའི་གནས། །ཞེས་སོ། །
བྲག་དམར་ཟངས་གཡག་ལ་བོན་གྱི་གཏེར་སྟོན་བྱོན་ཚུལ་བསྟན་པ།
སྤྱི་ལོ༡༢༨༠ལོ་སྟེ་ལྕགས་འབྲུག་ལོ་ལ་ཨ་མདོ་ཁོད་པོ་ཡུལ་དུ་སྐུ་བལྟམས་པའི་ཁོད་སྤུངས་བློ་གྲོས་ཐོགས་མེད་དེ་ཉིད་དགུང་ལོ་སོ་གཅིག་པ་ལྕགས་ཕོ་ཁྱིའི་ལོ་ལ། ཨ་བསེ་རྟ་གཉན་ཕ་ཝཾ་བོན་མོ༼ཕ་བོང་བོན་མོ༽་ནས་གཏེར་དྲངས་ཚུལ་ནི། བློ་གྲོས་ཐོགས་མེད་ལ་ཉིན་གཅིག་ཉམས་སྣང་ལ་རྣལ་འབྱོར་པ་ཁ་ཊཱཾ་བསྣམས་པ་ཞིག་གིས་བསྐལ་པ་བཟང་མོའི་བསྙེན་པ་ལ་འབད་ན་དངོས་གྲུབ་འབྱུང་གིས་ཞེས་ཟེར་བ་བྱུང་། དེའི་ཕྱི་ལོར་ཁྱེའུ་དར་དཀར་གྱོན་པ་ཞིག་བྱུང་ནས། ཁྱོད་ལ་ལས་འཕྲོ་ཡོད་པས་ལྷ་གཉན་ཕ་ཝང་བོན་མོའི་གཏེར་རྣམས། །ལྕགས་ཕོ་ཁྱི་ལ་དྲོངས་ལ། ལྕགས་མོ་ཕག་ལ་སྒྲོགས་ཤིག་ཟེར་བ་བྱུང་། སྟོན་ཟླ་ར་བའི་ཚེས་བཅུ་གཉིས་ཀྱི་ཐོ་རངས་སུ། མི་དམར་དར་དམར་གྱི་ན་བཟའ་ཅན་བསཱེ་རྨོག་གྱོན་པ། ལག་ན་སྦྲུལ་ཞགས་བཟུང་ཞིང་རྟ་དམར་ཞོན་པ་ཞིག་གིས། ང་ནི་བཙན་རྒོད་དམར་པོ་ཡིན། ངའི་རྗེས་སུ་ཤོག་དང་ཕ་བོང་བོན་མོ་ལ་དངོས་གྲུབ་ཡོད་པ་སྦྱིན་ཟེར་ནས་རླུང་ཚུབ་ཅིག་ཏུ་བརྫུས་ཏེ་སོང་། ནངས་པར་དེར་ཕྱིན་པས་སྲོད་ཐུན་ལ་སྲིད་པ་རྒྱལ་མོས་འདི་ནས་མར་མཐོ་བདུན་འཇལ་བའི་ས་ན་ཁ་བྱང་ཡོད་ཅེས་ལུང་བསྟན་པ་བཞིན་བཙལ་བས་ཁ་བྱང་སྟེ་འདི་ནས་མར་འདོམ་གསུམ་གཅལ་བའི་སར་བྲག་ལ་སྒོ་རང་དོད་ཀྱི་ནང་དུ་རྒྱུད་སྡེ་སུམ་ཅུ་རྩ་བཞི་དང་། དེ་བཞིན་གཤེགས་པའི་རིང་སྲེལ་དང་གསེར་སྐུ་གསེར་འབུམ་ཡོད་ཅེས་པ་བྱུང་། དེར་བྲག་ལ་སྒོ་རང་དོད་ལ་རྡོའི་ཁ་ལེབ་སྤྲད་པ་ཞིག་འདུག་པ་ཁ་ཕྱེས་ནས་སངས་རྒྱས་ཀྱི་རིང་བསྲེལ་དང་། ཤེལ་གྱི་སཙྪ། དེའི་འོག་ནས་ཤོག་སེར་དང་གསེར་སྐུ་གསེར་འབུམ་ཤོག་དྲིལ་མང་པོ་ཡོད་པ་རྣམས་དངོས་གྲུབ་ཏུ་བླངས་སོ། །བོན་གྱི་ཐེམ་བྱང་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། རིག་འཛིན་ཕོ་བྱང༌། མཁའ་འགྲོའི་མོ་བྱང༌། བཱཻ་རོ་ཙ་ནའི་རྫོགས་ཆེན་ཡང་ཏིག་བསྡུས་པ། བཞི་བརྒྱ་རྩ་བཞི་ནད་ཀྱི་གཉེན་པོ་བདུད་རྩི་ཧ་ས་རའི་འགྲེལ་པ། དམུ་བདུད་ཁམས་པའི་སྲོག་སྒྲུབ། བཙན་ཧེ་རུ་ཨའི་དྲག་སྒྲུབ། བཙན་རྒོད་སྲོག་གཅོད་ཀྱི་ཏནྟྲ། གཞན་ཡང་ཚེ་སྒྲུབ་ཉེར་གཅིག །སྲུང་བ་ཉེར་གཅིག ཟློག་པ་ཉེར་གཅིག བསད་པ་ཉེར་གཅིགརྫས་སྦྱོར་ཉེར་གཅིག རྟེན་འབྲེལ་སྦྱོར་བ་ཉེར་གཅིག ནོར་སྒྲུབ་ཉེར་གཅིག །དབང་སྡུད་ཉེར་གཅིག །དགྲ་བྲུབ་ཉེར་གཅིག །མནན་པ་ཉེར་གཅིག་རྣམས་བྱུང་ངོ༌། །གཞན་ཡང་སྣོལ་བྲག་རྒྱ་བོ་ནས་སྟོན་པའི་ཚེམས་དུང་དང༌། ཤེལ་དང་གནམ་ལྕགས་ཀྱི་ཕུར་བུ་གདན་དྲངས། དབྱིངས་ཆེན་རབ་མངར་ནས་གཡུའི་པྲོག་ཞུ་དང༌། མཐིང་གི་བུམ་པ། སྨན་གྱི་དུང་སྐྱོགས་རྣམས་གདན་དྲངས། སྙན་རྒྱུད་ལས་བྱུང་བའི་བོན་སྡེ། མདོ་སྡེ་བསྐལ་པ་བཟང་པོ་པོད་གཉིས། ཚེ་སྒྲུབ་བྱ་རི་མ། སྒྲིབ་སྦྱོང་གསང་བའི་ཡང་སྙིང༌། ཞི་ཁྲོའི་འཁོར་ལོ། ཆར་འབེབས་སྐོར། པོམ་རའི་སྐོར་སོགས་ཐོར་བུ་ནི་མང་དུ་བཞུག་པ་ནི། དྲན་པ་བཀའ་ཐང་ལས། དེ་རྗེས་ཁོད་པོ་བློ་གྲོས་ཐོགས་མེད་ཞེས། སྤ་ཞབས་བྲག་དཀར་གནས་ཀྱི་གཏེར་ཀ་ལ། གཤེན་རབ་གསུང་འབུམ་འཁོར་བ་དོང་སྤྲུགས་མདོ། རྫོགས་པ་ཆེན་པོ་ལྟ་བའི་རྒྱལ་པོ་དང་། སྲིད་རྒྱུད་བསྒྲགས་བྱང་ལྷ་རྒོད་སྐུ་རྫོགས་སྒྲུབ། གསས་མཁར་གཟེར་བཅུད་དཔལ་ཁྱུང་སྒྲུབ་པའི་སྐོར། སྲིད་རྒྱལ་ཏན་ཏྲ་མཁའ་འགྲོ་དུག་སྤུ་གྲི། དྲན་པ་ཚེ་དབང་བསྐལ་བཟང་ཀུན་སྒྲོལ་སྐོར། ས་བདག་ཀླུ་གཉན་གཏད་སྤྲུག་སྐོར་རྣམས་དབང་། རྟ་གཉན་ཕ་བོང་བོན་མང་གཏེར་ཁ་ལ། སྲིད་རྒྱུད་ཁ་བྱང་བཱཻ་རོའི་རྫོགས་ཆེན་སྐོར། ཡང་ཏིག་དམར་བྱང་ཚེ་སྒྲུབ་བྱ་རི་མ། ནོར་སྒྲུབ་དབང་སྡུད་རྫས་སྦྱོར་ལ་སོགས་པ། ཟབ་པའི་བོན་གཏེར་གྲངས་མང་གཏེར་ལ་དབང་། ཞེས་སོ། །
སྤྱི་ལོ༡༧༠༥ལོ་སྟེ་ཤིང་བྱའི་ལོ་ལ་སྐུ་འཁྲུངས་པའི་སྤྲུལ་སྐུ་རྣམ་བཞིའི་ནང་ཚན་སངས་རྒྱས་གླིང་པ་དེ་ཉིད་ཉག་རོང་ཕ་བོང་བོན་མོར་བྱོན་ནས་ཐུགས་རྗེ་ཆེན་པོ་འཁོར་ལོ་སྡོམ་པའི་རྒྱུད་སོགས་གཏེར་བཞེངས་པ་ནི། དྲན་པ་བཀའ་ཐང་ལས། དེ་རྗེས་དུས་ཀྱི་ལ་ཚིགས་བརྒྱད་པ་ལ། སྤྲུལ་པའི་སྐུ་མཆོག་སངས་རྒྱས་གླིང་པ་ཞེས། ཞེས་པ་ནས། ཕ་བོང་བོན་མང་གཏེར་གྱི་བང་མཛོད་གཏེར། ཐུགས་རྗེ་ཆེན་པོ་འཁོར་ལོ་སྡོམ་པའི་རྒྱུད། ཞེས་བར་དུ་བསྟན་ཏོ། །
སྤྱི་ལོ༡༨༦༤ལོ་སྟེ་བོད་ཤིང་བྱིའི་ལོ་ལ་སྐུ་འཁྲུངས་པའི་གཏེར་གཉིས་ཀྱི་བདག་པོ་གསང་སྔགས་གླིང་པ་དེ་ཉིད་ཉག་རོང་ཕ་བོང་བོན་མོར་བྱོན་ནས་གསང་བའི་གཏེར། ཁ་བྱང་ལྡེ་མིག་སོགས་སྔ་ཕྱི་བར་མ་གསུམ་དུ་གཏེར་མང་པོ་བཞེས་པ། དེང་སང་ཡང་གསང་གླིང་བཞུགས་པའི་གདན་གཡུང་དྲུང་རྟགས་དང་དམ་སྲིན་འདུལ་བའི་དམ་རྡོ་སོགས་ཡོད་པ་ནི་དྲན་པ་བཀའ་ཐང་ལས། དེ་རྗེས་དུས་ཀྱི་ལ་ཚིགས་དགུ་པ་ལ། ཉག་བོན་བསྟན་གཉིས་གསང་སྔགས་གླིང་པ་ཞེས། རྟ་ཁོག་ཕ་བོང་བོན་མང་གསང་བའི་གཏེར། ཁ་བྱང་ལྡེ་མིག་སྔ་ཕྱི་བར་མ་བཞིན། ཞེས་སོགས་གསུངས་སོ། །

བྲག་དམར་ཟངས་གཡག་ལ་བཀའ་རྟགས་དང་གནས་རི་སྐོར་བསྟན་པ།
རི་གསུམ་ལུང་བ། དེང་སང་རིགས་གསུམ་ལུང་བ་ཡང་ཟེར། དོན་དུ་གནས་གསུམ་མཁའ་འགྲོ་ལུང་བ་ཟེར། དེའི་དབུས་སུ་མ་རྒྱུད་མཁའ་འགྲོ་ཉེར་བཞིའི་གནས་དང་དྲན་པའི་ཚེ་ཆུ་ཡོད། གཡོན་ཕྱོགས་མ་རྒྱུད་མཁའ་འགྲོ་སེང་གདོང་དང་འུག་གདོང་རང་བྱུང་ཡོད། དེ་ན་མ་རྒྱུད་སྒྲུབ་ཆུ་རང་བབ་ཡོད། དཔའ་བོ་འབྲུ་ལྔའི་རང་བྱུང་ཡོད། དེ་ན་འཛམ་ལྷའི་གཏེར་རྡོ་ནོར་བུ་སྤུངས་འདྲའི་རི་དེལ་རང་བྱུང་ཡོད། གཡས་སུ་དབལ་གསས་སྒྲུབ་ཆུ་རང་འབབ་ཡོད། རྡོ་ལ་དབལ་གསས་ཀྱི་སྲོག་ཡིག་ཨ་མ་ཁ་སྦྱོར་དང་བསྭོ་ཡིག་རང་བྱུང་ཡོད་པ་གྲགས། མ་རྒྱུད་ཉེར་བཞི་གནས་ཀྱི་གཡས་སུ་དྲན་པ་ཡབ་སྲས་གསུམ་དང་། གཡོན་དུ་གནས་གསུམ་མཁའ་འགྲོ་རང་བྱུང་ཡོད། རྡོ་ངོར་གྲི་ཁུག་ཐོད་ཁྲག་རང་བྱུང་ཡོད། དེ་ན་འོལ་མོ་ལུང་རིང་རང་བྱུང་མཆོད་རྟེན་བཞིའི་ཚབ་ཏུ་རྡོ་ཡི་མཆོད་རྟེན་བཞི་ཡོད། དབལ་ཆེན་གེ་ཁོད་ཀྱི་སྒྲུབ་རྟེན་འབྲོང་གཡག་གི་མགོ་རང་བྱུང་ཡོད། ལུང་པ་དེ་ན་སྨྲ་སེང་དྲག་འཁྲོས་ཁྲོ་བོ་ལྷ་རྒོད་ཐོད་པའི་གནས་རི་ཡོད་པར་གྲགས་སོ། །
ཀེར་རུས་ལུང་པའི་དབུས་སུ་སྟོང་རྒྱུངས་མཐུ་ཆེན་སྒྲུབ་གནས་ཡོད། གཡས་སུ་སྟོང་རྒྱུངས་མཐུ་ཆེན་གྱི་རི་ཁྲོད་དང་། རིགས་དྲུག་གི་བརྡ་རྟགས་ཤེལ་རྡོ་ཡི་མཆོད་རྟེན་ཡོད ། དེ་ན་བློ་གྲོས་ཐོགས་མེད་གཏེར་དྲངས་གནས་ཡིན་པས་ཤེལ་གྱི་སཙྪ་དང་སངས་རྒྱས་སྐུ་བརྙན་རང་བྱུང་ཡོད་པར་གྲགས། གཡོན་དུ་སྟོང་རྒྱུངས་བཞུགས་གནས་བྲག་དམར་ཀེའུ་ཚང་ཡོད། དེ་ན་སཙྪ་དང་མཆོད་རྟེན་ཆུང་ཆུང་རང་བྱུང་མང་པོ་ཡོད། འཛམ་བྷ་ལ་ཡི་ནོར་མཛོད་ཡོད། གནས་བདག་གི་བཀའ་སྲུང་བཙན་རྒོད་ཧུར་པ་སོགས་རང་བྱུང་ཡོད།
སྲིན་འདུལ་ལུང་པ་ལ་དེང་སང་དགྲ་འདུལ་ལུང་པ་ཡང་ཟེར། ནང་དུ་གསང་བ་འདུས་པས་གསས་མཁར་མཆོག་ལྔ་སྒྲུབ་པའི་གནས་ཡོད། གཡས་སུ་གསས་མཁར་གསང་བ་སྒོ་དགུ་དང་དཀྱིལ་འཁོར་རང་བྱུང་ཡོད། དེ་ན་མེ་ཏོག་སྣ་ཚོགས་སྤོས་དྲི་ཐིབས། གཡོན་དུ་དམ་སྲིན་འདུལ་བའི་བྲག་རི་ལ་ཏྲི་ཛ་དང་ཕཊ་ཛ་སོགས་རང་བྱུང་ཡོད། མདུན་དུ་དམ་སྲིན་སྤུན་བདུན་ཚབ་རྡོ་མི་གཟུགས་འདྲ་བ་བདུན་ཡོད།
བཀྲ་ཤིས་ལྷ་ཡི་ལུང་པ་ཞེས་པའི་དབུས་སུ་རི་རྩེ་གསུམ་ནི་སྐུ་དབལ་གསས། གསུང་ལྷ་རྒོད། ཐུགས་གཙོ་མཆོག་སྟེ་སྐུ་གསུམ་ཁྲོ་རྒྱལ་གྱི་བརྡ་རྟགས་དང་། དེའི་གཡས་མདུན་དུ་དུས་གསུམ་སངས་རྒྱས་གཙོ་བསྐལ་བཟང་སངས་རྒྱས་སྟོང་རྩ་དང་མཆོད་རྟེན་བརྒྱ་རྩ་བརྒྱད་རང་བྱུང་ཡོད། ཁོད་སྤུངས་བསྐལ་བཟང་མདོ་ཡི་གཏེར་རྡོ་ཡོད། གཡོན་དུ་གསང་བ་འདུས་པའི་བཞུགས་གནས་དང་སེང་གེ་ཉལ་སྟབས་རང་བྱུང་ཡོད། གསང་འདུས་ཞབས་རྗེས་རང་བྱུང་ཡོད། དེའི་ཟུར་ན་ལི་ཤུའི་སྒྲུབ་ཆུ་ཡོད། དེའི་འོག་ཏུ་ལེགས་ཏང་རྨང་པོ་དང་ཟིང་པ་མཐུ་ཆེན་གྱི་སྒྲུབ་ཆུ་དང་རྣམ་འཇོམས་ཀྱི་ཁྲུས་ཆུ་སོགས་ཡོད། གཡོན་ཕྱོགས་དུ་དྲན་པ་ནམ་མཁའ་དང་མཁའ་འགྲོ་འོད་ལྡན་འབར་མའི་སྐུ་རང་བྱུང་ཡོད། དེའི་མདུན་དུ་གསས་མཁར་བཀྲ་ཤིས་སྒོ་མང་རང་བྱུང་འབུར་དུ་དོད་པ་ཡོད། སྒོ་ངོགས་བཀྲ་ཤིས་པའི་རི་མོ་ཡོད།
བྱ་ཁྱུང་ལུང་པ་ནང་གི་དབུས་གྱེར་སྤུངས་དྲན་པ་ནམ་མཁའ་ཡི་གནས་རི་ཡོད། མདུན་དུ་དྲན་པ་ནམ་མཁའ་ཁྱུང་ལུང་དངུལ་མཁར་ནས་མར་ཕེབས་སྐབས་བཅིབ་པའི་ཁྱུང་གཟུགས་རང་བྱུང་གི་བྲག་རི་ཡོད། ཁྱུང་གཤོག་གཡས་ཀྱི་སྟེང་ན་དྲན་པ་མཚན་བརྒྱད་ཀྱི་གནས་ཡོད། བྲག་རྡོ་སྟེང་ཉི་མ་དང་ཟླ་བའི་རྟགས་རང་བྱུང་ཡོད། དེ་དག་གི་འོག་ཏུ་དྲན་པ་ནམ་མཁས་ཁྱུང་དམར་བསྒྲུབས་ནས་ཀླུ་བདུད་དང་དམ་སྲི་འདུལ་བའི་རང་བྱུང་དྲན་པ་བདུད་འདུལ་གྱི་མཆོད་རྟེན་ཡོད། དེ་ན་ལེགས་ཏང་རྨང་པོ་སོགས་ཀྱིས་གསང་སྔགས་ཚེ་སྒྲུབ་དང་སྨན་ལྷ་སྒྲུབ་པའི་ཚེ་ཆུ་དང་སྒྲུབ་ཆུ་ཡོད། རྡོ་ལ་ཨཱོྃ་དང་བསྭོ་ཡིག་རང་བྱུང་ཡོད་པ་གྲགས། ཁྱུང་གཤོག་གཡོན་པའི་སྟེང་དུ་ཚེ་དབང་རིག་འཛིན་མཚན་བརྒྱད་ཀྱི་གནས། གནས་ཟུར་དུ་ཚེ་དབང་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཚབ་དུ་རྡོ་ངོགས་རོའི་གཟུགས་བརྙན་དོད་ཡོད། ཟིང་པ་མཐུ་ཆེན་སོགས་ཀྱིས་བོན་གཏེར་སྦས་པ་དང་། བློ་གྲོས་ཐོགས་མེད་སོགས་ཀྱིས་བོན་གཏེར་བཞེས་པའི་ཤུལ་དང་གཏེར་ཡིག་སོགས་མཇལ་རྒྱུ་ཡོད་པར་གྲགས། དེའི་མདུན་ཕྱོགས་དྲན་པ་སྒྲབ་གནས་སམ་རི་ཁྲོད་ཡོད། དེ་ནི་ཉག་རོང་ན་ལོ་རྒྱུས་ཐོག་རི་ཁྲོད་དང་པོ་ཡིན་པར་བཤད།
རྐང་རྗེས་ལུང་པ་ལ་དེང་སང་ཞབས་རྗེས་ལུང་པ་ཡང་ཟེར། དེའི་དབུས་དཀྱིལ་གཙོ་མཆོག་མཁའ་འགྱིང་དབུ་གསུམ་པའི་གནས་རི་ཡོད། མདུན་དུ་དུང་དཀར་གཡས་འཁྱིལ་རང་བྱུང་ཡོད། གཡས་སུ་གནས་གསུམ་མཁའ་འགྲོ་སྒྲུབ་གནས་ཡོད། གཡོན་དུ་དབལ་ཕུར་འབྲུག་གསས་ཆེམ་པའི་གནས་རི་ཡོད། དེ་ན་ཡེ་ཤེས་དབལ་མོའི་གནས་རི་ཡོད། དེའི་གཡས་སུ་སྟོང་རྒྱུངས་མཐུ་ཆེན་ཉག་རོང་ཕེབས་སྐབས་བཞག་པའི་ཞབས་རྗེས་དང་གཏེར་གྱི་བཀའ་སྒྲམ་ཡོད། ཆུ་གསེར་ཡེ་ཤེས་རྒྱལ་མཚན་སྟོད་ཕྱོགས་ནས་ཨ་བསྭེ་ཕྱོགས་སུ་ཕེབས་སྐབས་བཞག་པའི་ཞབས་རྗེས་དང་གཤང་གི་རྗེས། དྲེལ་རྗེས་སོགས་མང་པོ་ཡོད།
དེ་ནས་སྤྱི་ལོ༡༨༣༣ལོ་སྟེ་བོད་ཆུ་སྦྲུལ་ལོར་སྐུ་འཁྲུངས་པའི་ཀུན་གྲོལ་གསང་བ་རྩལ་ལམ་བདེ་ཆེན་གླིང་པས་ཟབ་གཏེར་བཞེས་པའི་རྣམ་ཐོས་སྲས་རང་བྱུང་གི་གནས་རི་ཡོད་དེ། རྒྱུད་སྡེ་རྣམ་བཤད་ལས། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་བམ་བྲག་བརྩེགས་པའི་ནུབ་ཕྱོགས་ལཀྵའི་ཟངས་ཡག་རྫོངས་ནས་སྤྱན་དྲངས་པའི། ཞེས་པ་ནས་བསྟན་འདུག །སྤྱིར་ལཀྵའི་ཟངས་ཡག་རྫོངས་ལ་ངོས་འཛིན་ཚུལ་མི་འདྲ་བ་འདུག་གོ། སྦས་ཡུལ་པད་མ་བཀོད་པའི་གླིང་ན་བོན་གཏེར་བརྒྱད་ཀྱི་བརྡ་རྟགས་སེང་གེ་གནམ་མཆོང་གི་བྲག་རི་རང་བྱུང་ཡོད། དེ་ན་བྱམས་མ་སྐུ་ལྔའི་གནས་དང་དབལ་མོ་ཉེར་བདུན་རང་བྱུང་ཡོད་པར་བཤད་དོ། །

གནས་མདོར་ལུང་པ་དབུས་ན་སྐུ་གསུམ་གྱི་གནས་ཏེ། རྩེ་མོ་ན་བོན་སྐུ་ཀུན་ཏུ་བཟང་པོ། བར་ན་ལོངས་སྐུ་གཤེན་ལྷ་འོད་དཀར། འོག་མ་སྤྲུལ་སྐུ་འཆི་མེད་གཙུག་ཕུད་གསུམ་གྱི་སྐུ་རང་བྱུང་ཡོད། གཡས་ན་དྲན་པ་ཡབ་སྲས་ཀྱི་གནས་དང་བཙན་རྒོད་ཧུར་པའི་བསྟན་སྲུང་གནས་ལ་སྲོག་ཡིག་རང་བྱུང་ཡོད། དེར་སྲིད་པ་རྒྱལ་མོའི་ཆིབས་པ་དྲེལ་གྱི་རྐང་རྗེས་ཡོད་པར་བཤད། གཡོན་དུ་བྲག་རི་སྒོ་དོད་པ་ལ་བོན་གཏེར་སྦས་པའི་ཤུལ་ཡོད་པ་དེ་སྟག་ལ་མེ་འབར་གྱི་གནས་རི་ཡིན། དེ་ནི་སྟོང་རྒྱུངས་མཐུ་ཆེན་གྱིས་དབལ་གསས་སྒྲུབ་གནས་ཡིན། དེའི་འོག་གྱད་ཆེན་བཅུ་དང་དམག་དཔོན་བཅུ་རྒྱལ་ཆེན་སྡེ་བཞི་སོགས་དབལ་གསས་ཀྱི་སྲུང་མ་འཁོར་བཅས་ཀྱི་གནས་རི་ཡོད། དེའི་རྒྱབ་ཕྱོགས་སུ་སྤྱི་འདུལ་རྟ་དབུ་ཅན་གྱི་གནས་དང་གསང་སྔགས་གླིང་པས་ཀླུ་ཆོག་གི་གཏེར་གནས་ཡོད། བྲག་རི་ནོར་བུ་སྤུངས་པ་འདྲ་ལ་བོན་གཤེན་དགུ་ཡི་གཏེར་གནས་རང་བྱུང་དང་། བོན་གཏེར་བཞིའི་གཏེར་སྒྲམ་ཡོད། གཡས་སུ་གསང་བ་འདུས་པའི་སྒྲུབ་གནས་དང་། དེའི་གཡོན་དུ་ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་ཡོད། དེ་ལ་གསས་མཁར་སུམ་བརྒྱ་དྲུག་ཅུ་ཡི་ཁྱད་བོན་ལ་བྲག་དེལ་སུམ་བརྒྱ་དྲུག་ཅུ་ཡོད། དེ་ན་མ་བདུད་བཙན་གསུམ་རང་བྱུང་དང་སྲོག་ཡིག་ཡོད། མདུན་ཐང་ན་གཡུང་དྲུང་ཕ་བོང་བོན་མོའམ་ཕ་བོང་བོན་མཛོད་ལ་གཏེར་བོན་བཞི་བཅུའི་གཏེར་སྒྲམ་དང་ལྡེ་མིག་ཡོད། སྔོན་གྱི་དུས་སུ་དྲན་པ་ནམ་མཁའ། སྟོང་རྒྱུངས་མཐུ་ཆེན། ལེགས་ཏང་རྨང་པོ། ཟིང་པ་མཐུ་ཆེན། ཆུ་གསེར་ཡེ་ཤེས་རྒྱལ་མཚན། ཁོད་སྤུངས་བློ་གྲོས་ཐོགས་མེད་སོགས་ཀྱི་གཏེར་གནས་དང་སྒྲུབ་གནས་ཡིན། ཕྱིས་སུ་སངས་རྒྱས་གླིང་པ། གཏེར་ཆེན་ཀློང་གསལ། ཉག་བླ་བསོད་རྒྱལ་ལམ་ལས་རབ་གླིང་པ། ཀུན་གྲོལ་བདེ་ཆེན་གླིང་པ། གསང་སྔགས་གླིང་པ་སོགས་ཀྱི་གཏེར་གནས་སྟེ་བན་བོན་གཉིས་ཀྱི་གཏེར་གནས་སུ་གྱུར་ཏོ། །གཡོན་ལུང་ཟངས་ཡག་དམར་པོའི་ལམ་རྒྱུན་པའི་ཕ་བོང་ཞིག་ལ་ཟིང་པ་མཐུ་ཆེན་གྱི་ཞབས་རྗེས་ཡོད། དེ་ན་བྲག་གླེགས་བམ་བརྩིགས་པ་ལ་བོན་གཏེར་ཡོད། དེའི་གཡས་གཡོན་ན་རྫོང་བརྒྱད་ཡོད་པ་དེ་ཟིང་པ་མཐུ་ཆེན་སྒྲུབ་གནས་བརྒྱད་ཅེས་གྲགས། དེ་ན་རྒྱ་མཆོད་ལུང་པ་ཟེར་བ་དེ་ནི་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་གནས་སྲུང་མཆོད་ས་ཡིན། ས་ཆ་དེ་ན་རྒྱ་དཔོན་བྲག །རྒྱ་བཞུགས་གདན། རྒྱ་ཆུ་དཀར་པོ་སོགས་ཀྱི་ཐ་སྙད་མང་པོ་ཡོད། མདོར་བསྡུས་ནས་བཤད་ན་བྲག་དམར་ཟངས་ཡག་གཡས་གཡོན་མདུན་རྒྱབ་ན་སྒྲུབ་གནས་མང་པ་དང་། སྔོན་བྱོན་བོན་གྱི་གྲུབ་ཐོབ་དང་གཏེར་སྟོན་རྣམས་ཀྱིས་བཏབས་པའི་དགོན་པ་དང་རི་ཁྲོད་ཀྱི་ཤུལ་ཡང་ཡོད། ས་ཆ་དེ་ལ་ཕ་བོང་བོན་དགོན་ཟེར་བ་ཞིག་ཡོད་པར་གྲགས། ལ་ལ་གྲུབ་མཐའ་གཞན་དུ་བསྒྱུར་བ་ཡང་ཟེར། གཞན་དུ། བྲག་དམར་ཟངས་ཡག་གི་ཕྱོགས་བཞི་ན་བོན་ཀྱི་རིགས་རྟགས་ལ། ཤར་ན་གཡུང་དྲུང་དང་། ལྷོ་ན་འཁོར་ལོ། ནུབ་ན་པད་མ། བྱང་ན་རིན་ཆེན་ནམ་ནོར་བུ་ལ་སོགས་བཀྲ་ཤིས་རྟགས་བརྒྱད་སོགས་གཟུགས་དབྱིབས་ཡོད་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། བོན་གྱི་བཀའ་རྟགས་གཡུང་དྲུང་འཁོར་ལོ་དང་། པད་མ་རིན་ཆེན་ཉི་ཟླ་འཁོར་ལོ་དང་། བསྭོ་ཡིག་མ་དང་ཨ་མ་ཁ་སྦྱོར་དང་། །དཔའ་བོ་འབྲུ་ལྔ་ལ་སོགས་བཀའ་རྟགས་ཡོད། །ཁྱད་པར་གནས་ཀྱི་སྲུང་མ་ལ། །མ་མཆོག་སྲིད་རྒྱལ་དྲེའུ་རྗེས་ཡོད། །ཞེས་བཀའ་རྟགས་བཅས་བསྟན་ནོ། །
བྲག་དམར་ཟངས་གཡག་གི་གནས་སྲུང་བསྟན་པ།
སྤྱི་ཡི་དམ་རེ་ལ་སྲུང་མ་རེ། གསས་ཁང་རེ་ལ་སྒོ་སྲུང་རེ། ཞེས་ཟེར་བའི་དཔེར་ལྟར་བྲག་དམར་ཟངས་གཡག་གི་གནས་སྲུང་ནི། ཡི་དམ་དབལ་གསས་རྔམ་པའི་སྲུང་མའི་གཙོ་བོ་མ་མཆོག་སྲིད་པ་རྒྱལ་མོ་དང་། བྲག་བཙན་ཨ་བསྭེ་རྒྱལ་བ་གཉིས་ནི་གནས་བདག་གི་གཙོ་བོ་ཡིན། གནས་བདག་གི་གཏེར་སྲུང་ཡང་ཡིན། ཉག་རོང་ཡུལ་གྱི་གཏེར་སྲུང་ཡང་ཡིན། མ་མཆོག་སྲིད་པ་རྒྱལ་མོ་ལ་དུས་དྲུག་སྲིད་རྒྱལ་དང་སྲིད་རྒྱལ་དཀར་ནག་དམར་གསུམ་ལས་དྲན་པ་ནམ་མཁས་མངའ་གསོལ་བའི་སྲིད་རྒྱལ་དྲེལ་ནག་དང་། སྟོང་རྒྱུངས་མཐུ་ཆེན་གྱི་མངའ་གསོལ་བའི་སྲིད་རྒྱལ་དྲེལ་དམར་གཉིས་ཀ་ཡིན་པས་ཉག་རོང་ཕྱོགས་སྲིད་རྒྱལ་དམར་ནག་གཉིས་མཆོད་པའི་དགོས་པ་དེ་ལ་འབྲེལ་བ་ཡོད་ཅེས་བླ་མ་གོང་མའི་ཞལ་རྒྱུན་ནོ། །གནས་དེར་སྲིད་རྒྱལ་དང་ཨ་བསྭེ་བསྒྲུབ་ན་འགྲུབ་སླ་བ་དང་། མཆོད་ན་མགོན་བྱེད་པ། བསྟེན་ན་རྒྱུན་དུ་འཁོར་ཞིང་སྲུང་སྐྱོབ་བྱེད་པ་ནི། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། མ་མཆོག་སྲིད་པ་རྒྱལ་མོ་དང་། །བྲག་བཙན་ཨ་བསེ་རྒྱལ་བ་གཉིས། །གནས་བདག་གཏེར་གྱི་སྲུང་མ་ཡིན། །མཆོད་ན་མགོན་ཞིང་བསྟེན་ན་འཁོར། །ཞེས་སོ། །

བྲག་དམར་ཟངས་གཡག་གནས་ཀྱི་ཕན་ཡོན་བསྟན་པ།
བྲག་དམར་ཟངས་གཡག་གནས་ཀྱི་ཕན་ཡོན་སྐོར་ལ། བླ་མ་རྣམས་ཀྱི་ཞལ་རྒྱུན་ལ། བྲག་དམར་ཟངས་གཡག་གནས་རི་དེ་ལ་ནི། ཕྱི་སྐོར་རེ་ལ་མ་ཏྲི་དུང་ཕྱུར་བཅུ། དེ་བཞིན་ཕྱགསྐོར་སྒྲིབ་སྦྱང་སུས་བྱེད་ཀྱང་། ཕྱི་ཡི་བར་ཆད་དགྲ་གདོན་ནད་མུག་མཚོན། ནང་གི་བར་ཆད་ཟུག་རྔུ་དུག་དང་གྲིབ། གསང་བ་ཉོན་མོངས་སྡུག་བསྔལ་མི་འདོད་པ། ཀུན་ཀྱང་སེལ་ཞིང་བསམ་དོན་ལྷུན་གྱིས་གྲུབ། བར་སྐོར་རེ་ལ་དབལ་གསས་སྙིང་པོ་དུང་། དེ་བཞིན་གསས་མཁར་མཆོག་བསྙེན་སྒྲུབ་ན། ཕྱི་ལུས་དབལ་གསས་སྐུ་དང་གཉིས་སུ་མེད། ནང་སེམས་གསས་མཁར་མཆོག་ལྔའི་ཡོན་ཏན་རྫོགས། གསང་བ་མཆོག་ཐུན་དངོས་གྲུབ་འབད་མེད་འབྱུང་། ཡང་གསང་ཀུན་བཟང་དགོངས་པ་མངོན་སུམ་མཐོང་། ནང་སྐོར་གཅིག་ལ་མཆོག་ལྔ་སྙིང་པོ་དུང་། དེ་བཞིན་བསམ་གཏན་ཏིང་འཛིན་འགོག་པ་བཞུགས། ཕྱི་ལྟར་ཀུན་བཟང་རྒྱལ་བ་འདུས་པ་འགྱུར། ནང་ལྟར་ཀུན་བཟང་གཤེན་ལྷ་འོད་འཆང་གྱུར། གསང་བ་བོན་སྐུ་ཀུན་བཟང་གོ་འཕང་ཐོབ། ཡང་གསང་རང་རིག་ཡེ་ཤེས་མངོན་དུ་གྱུར། དེ་ལས་གཞན་པས། བསླབ་གསུམ་གྱི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་སུ་ཡིན་ཡང་། གནས་རི་འདི་ལ་མཚམས་དང་བསྙེན་སྒྲུབ་བྱས་པ་དང་། ཡི་དམ་དབལ་གསས་རྔམ་པ་སོགས་ཡི་དམ་རིག་འཛིན་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་གྱུར་ན། རང་རྒྱུད་ཀྱི་བག་ཆགས་སྒྲིབ་པ་ཐམས་ཅད་དག་ཅིང་ཉམས་དང་རྟོགས་པ། ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་ངོ་བཞིན་དུ་རྒྱས་པར་འགྱུར། །མི་སྐྱ་དད་ལྡན་ཕོ་མོ་སུ་ཡིན་རུང་། གནས་རི་འདི་ལ་ཕྱག་སྐོར་དང་མཆོད་འབུལ། དར་ཅོག་འཛུགས་པ་སོགས་དགེ་བ་བྱས་གྱུར་ན། ཚེ་འདིའི་བར་ཆད་དང་ནད་གདོན་ལས་ཐར་ཞིང་ཚེ་ཕྱི་མ་ལ་མ་དག་པའི་གནས་ངན་སོང་གསུམ་དུ་སྐྱེ་བའི་སྒོ་ཁེག་ཅིང་ཐར་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བསྒྲོད་ནུས་པ་སོགས་ཡོན་ཏན་བརྗོད་ལས་འདས་ཏེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། དམ་ལྡན་རྣལ་འབྱོར་ཕོ་མོ་ཡིས། །རིག་འཛིན་དཀྱིལ་འཁོར་ཞལ་ཕྱེས་ནས། །ཚོགས་ཀྱི་འཁོར་ལོ་བསྐོར་གྱུར་ན། །ཉམས་རྟོགས་ས་ལམ་ཡོན་ཏན་རྒྱས། །དད་ལྡན་ཕོ་མོས་ཕྱག་སྐོར་བྱས་གྱུར་ན། །ཕྱི་མ་གནས་ངན་སྐྱེ་སྒོ་ཁེབ། །ཅེས་སོགས་གསལ་བ་གསུངས་སོ། །

བྲག་དམར་ཟངས་གཡག་གནས་འདུ་སྐོར་བསྟན་པ།
སྤྱིར་བྲག་དམར་ཟངས་གཡག་གནས་ཀྱི་ལོ་རྒྱུས་སྐོར་ལ་བན་བོན་གྱི་བཤད་སྟངས་མི་འདྲ་བ་ཡོད་ནའང་། འདིའི་སྐབས་སུ་བོན་པོའི་འདོད་པ་ལྟར་བྲིས་པ་ཡིན། དེ་བཞིན་དུ་བྲག་དམར་ཟངས་གཡག་གནས་འདུ་སྐོར་ལ་བན་བོན་གཉིས་ཀྱི་བཤད་ཚུལ་མི་འདྲ་བར་སྣང་ན་ཡང་། བོན་ལུགས་ལ་ཁྱི་ལོ་ལ་གནས་འདུ་ཡིན་པར་འདོད། རྒྱུ་མཚན་ནི། གནས་རི་ཐོག་མ་གནས་སྒོ་འབྱེད་པ་དང་གནས་སྐོར་གྱི་ལམ་བཏོན་མཁན་ནི་ཁོད་སྤུངས་བློ་གྲོས་ཐོགས་མེད་ཡིན། དེ་ཡང་ཁོད་སྤུངས་བློ་གྲོས་ཐོགས་མེད་དེ་ཉིད་ལྕགས་ཕོ་ཁྱི་ལོ་ལ་བྲག་དམར་ཟངས་གཡག་དང་ཕ་བོང་བོན་མོ་ལས་གཏེར་གསར་དུ་བཏོན། གནས་སྒོ་འབྱེད། ཕྱི་ནང་གསང་བའི་སྐོར་ལམ་བཏོན། གནས་སྐོར་ཀྱི་ཕན་ཡོན་བཏོན།
དེ་རྗེས་དུས་རབས་བཅུ་བཞི་པ་ཡས་མས་སུ་བྱོན་པའི་བོན་གྱི་གཏེར་སྟོན་ཕོ་ཆེ་ནམ་མཁའ་འོད་ཟེར་དང༌། གར་ཚ་བསོད་ནམས་རྒྱལ་མཚན་རྣམ་གཉིས་ཀྱིས་ཕ་བོང་གྲུ་བཞི་ནས་སྤོམ་རའི་སྒྲུབ་སྐོར་སོགས་གཏེར་བཞེས། གར་ཚ་བསོད་ནམས་རྒྱལ་མཚན་གྱིས་བྲག་དམར་ཟངས་གཡག་གི་ལོ་རྒྱུས་བསྟན་པ་གྲགས། དེ་ལྟར་ན་དུས་རབས་བཅུ་བཞིའི་སྔ་རོལ་ནས་གནས་སྐོར་འགྲོ་བའི་སྲོལ་ཡོད་པར་མ་ཟད། དེ་ཡང་བོན་སྐོར་འགྲོ་བའི་སྲོལ་ཡོད་པར་ནི་མངོན་གསུམ་མོ། །གནའ་མིའི་ངག་རྒྱུན་ལས། ཁོད་སྤུངས་བློ་གྲོས་ཐོགས་མེད་བྱ་བ་དེ་ལྕགས་ཁྱི་ལོ་ལ་ཕ་བོང་བོན་མོ་གཏེར་སྒོ་འབྱེད། དབལ་གསས་རྔམ་པའི་སྒྲུབ་གནས་བྱ་བ་བཀོད། གནས་འདུས་དང་གནས་སྒོ་འབྱེད། ཁྱད་པར་འབྲུག་ཟླའི་ཚེས་གཅིག་ནས་བཟུངས་ཚེས་ཉེར་ལྔའི་བར་དུ་ཟླ་བ་གཅིག་གི་རིང་ཙམ་ལ་གནས་འདུ་ཞེས་བྱ་ལ། དེའི་དུས་སྟོད་ཞང་ཞུང་ཁྱུང་ལུང་དངུལ་མཁར་མན་ཆད། སྨད་རྒྱ་ནག་རི་བོ་རྩེ་ལྔ་ཡན་ཆད་ཀྱི་གཏེར་སྲུང་དང་གནས་བདག་ཐམས་ཅད་ཕ་བོང་བོན་མོར་འཛོམ། དེའི་དུས་དགེ་སྦྱོར་བྱེད་ན་དགེ་བ་འབུམ་འགྱུར་འགྲོ་བ་དང་སྡིག་པ་བྱེད་ན་སྡིག་པ་ཡང་འབུམ་འགྱུར་འགྲོ་བ་བཤད། འོན་ཀྱང་ཡིག་ཆ་རྒྱབ་བརྟེན་ལག་ཏུ་མ་བྱུང་། དེའི་ཕྱོགས་ལ་ཀུན་གྱིས་འཚོལ་སྡུད་བྱེད་རྒྱུ་གལ་ཆེ་སྙམ་མོ། །

བྲག་དམར་ཟངས་གཡག་གནས་ཡིག་སྐོར་བསྟན་པ།
དེང་སང་དངོས་སུ་མཇལ་རྒྱུ་ཡོད་པའི་བྲག་དམར་ཟངས་གཡག་གི་ལོ་རྒྱུས་ཞེས་པ་དེ་ནི་ངེས་མེད་བསོད་ནམས་རྒྱལ་མཚན་གྱི་སྙན་རྒྱུད་ཡིན་པར་མཛད་བྱང་ལས་གསལ་དེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། དེ་ལྟར་གསལ་བའི་མེ་ལོང་ཉིད། །ངེས་མེད་བསོད་ནམས་རྒྱལ་མཚན་ལ། །རིག་འཛིན་མཁའ་འགྲོས་སྙན་ནས་བརྒྱུད། །འགལ་འཁྲུལ་རིག་འཛིན་ཚོགས་ལ་བཤགས། །དགེ་བས་འགྲོ་རྣམས་བོན་སྐུའི་རྒྱལ་སར་ཟིན་པར་ཤོག ཤུད་བྷམ། མངྒ་ལམ། དགེའོ། །ཞེས་པའི་ངེས་མེད་བསོད་ནམས་རྒྱལ་མཚན་དེ་ཉིད་ལ་འགྲོ་མགོན་བསོད་ནམས་རྒྱལ་མཚན་ཡང་ཟེར་སྟེ། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། འགྲོ་མགོན་བསོད་ནམས་རྒྱལ་མཚན་གྱི་སྙན་བརྒྱུད་འདི་ལྕང་ལུང་བླ་མའི་ཕྱག་དཔེ་ལས་བཤུས་སོ། །ཞེས་གསལ་བ་བསྟན་ཡོད། འདིར་སྐབས་སུ་བཤད་བྱ་གཙོ་བོ་ནི། ངེས་མེད་བསོད་ནམས་རྒྱལ་མཚན་དང་འགྲོ་མགོན་བསོད་ནམས་རྒྱལ་མཚན་གཉིས་ནི་མི་གཅིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད། གར་ཚ་བསོད་ནམས་རྒྱལ་མཚན་དང་འགྲོ་མགོན་བསོད་ནམས་རྒྱལ་མཚན་གཉིས་མི་གཅིག་ཡིན་པར་འདྲ། ལེགས་བཤད་མཛོད་ལས། ཡང་ཕོ་ཆེ་ནམ་མཁའ་འོད་ཟེར་དང་། གར་ཚ་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་འཇིང་གི་ཕ་བོང་གྲུ་བཞི་ནས། ཁྲོ་ཀློང་རྣམ་གསུམ། པོམ་རའི་སྒྲུབ་སྐོར་དང་། གཤེན་རབ་ལྗགས་མཆིལ་ལས་གྲུབ་པའི་ཤ་རཱི་རམ་ཆ་གཉིས། ཁ་བྱང་ཤོག་སེར་རྣམས་དྲངས་ཏེ། ཤ་རཱི་རམ་དང་ཤོག་སེར་ནི་དིང་སང་དབོན་རྒྱུད་ཀྱི་ཕྱག་ན་བཞུགས་སོ། །ཞེས་པའི་འཇིང་གི་ཕ་བོང་གྲུ་བཞི་དེ་ཉག་རོང་གི་ཕ་བོང་བོན་མོ་ལ་ངེས་འཛིན་མཁན་ཡང་འདུགགང་ལྟར་ཡང་དུས་རབས་བཅུ་བཞི་པ་ཡས་མས་སུ་བྱོན་པའི་བླ་མ་ཞིག་གིས་བྲིས་པ་མངོན། དཔེ་ཆ་དེ་སྙན་རྒྱུད་གྲལ་དུ་བཞག་པ་ནི། བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས། དཔེ་འདི་ལ་ཚིག་རྐང་མང་ཉུང་ཅུང་ཟད་སྣང་ནའང་སྙན་རྒྱུད་ཡིན་པས་རང་སོར་བཞག་པ་ཡིན། ཞེས་གསལ་བ་བསྟན་ནོ། །ཞེས་བྲག་དམར་ཟངས་གཡག་དང་ཕ་བོང་བོན་མོའི་ལོ་རྒྱུས་བྱུ་རུའི་དོ་ཤལ་བྱ་བ་འདི་ནི་ཉག་རོང་འབྲུག་གསར་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཝང་ཡུས་ལུང༼བོད་མིང་། དོན་འགྲུབ་བློ་གསལ༽གྱིས་ཡང་ཡང་བསྐུལ་ངོགས། སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མས་བོན་པོའི་ལོ་རྒྱུས་དང་གཞུང་ལུང་ནང་ལྟར་སྤྱི་ལོ༢༠༢༡ཟླ་བ༣ཚེས༡༥ཉིན་བྲིས་པའོ། །

