གནས་ཆེན་རི་བོ་རྩེ་ལྔའི་གནས་བཤད་ཀུན་གསལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

[ཟླ་ཚེས། 2023-05-05 14:50:39][རྩོམ་པ་པོ། སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གྱེར་སྤུངས་མཚན་བརྒྱད་ཀྱི་གསོལ་འདེབས་དམུ་ཚ་གྱེར་མེད་ཀྱིས་མཛད་པ།

  ཨཱོྃ་ཝ་ཀི་དྷི་ན་མ༔ མཉམ་མེད་སྟོབས་བཅུ་མངའ་བའི་རྣམ་རོལ་པ། །འཇིག་རྟེན་ཐམས་ཅད་རྫོགས་ལྡན་དཔལ་ལ་འགོད། །ཡི་དམ་རིག་འཛིན་རྒྱ་མཚོ་འདུས་པའི་སྐུ། །ཡེ་ཤེས་ལྷ་མཆོག་ཤེས་རབ་སྨྲ་སེང་བསྟོད། །ཕྱི་ལྟར་ཀེང་ཙེ་རིགས་ལྔའི་ས་དབྱིབས་བཀྲ། །ནང་ལྟར་རྒྱལ་བ་རིགས་ལྔའི་ལྷ་ཚོགས་གསལ། །གསང་བ་སྨྲ་སེང་རིགས་ལྔའི་རྣམ་པ་བཀྲ། །རི་བོ་རྩེ་ལྔའི་གནས་ཀྱིས་ཤིས་པ་སྩོལ། །རྒྱལ་ཀུན་འདུས་གཙོ་ཀེང་ཙེ་ལན་མེད་དང་། །རྒྱ་རྗེ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་དང་། །རྒྱ་ནག་མཁས་དབང་ལེགས་ཏང་རྨང་པོ་མཆོག །རྒྱལ་བ་གཉིས་པ་སློབ་དཔོན་དྲན་པ་མཁྱེན། །ཁྱད་པར་སྙིགས་དུས་མདོ་སྨད་ཨ་མདོ་ཡུལ། །སྨྲ་སེང་རྣམ་རོལ་གསུམ་གྱི་ནང་ཚན་པའི། །སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི། །ཞབས་རྡུལ་དྲི་མེད་སྤྱི་བོ་གཙུག་ཏུ་ལེན། །གངས་ཅན་བོད་ཀྱི་ཤར་ཕྱོགས་རྒྱ་ནག་ཡུལ། །རི་བོ་རྩེ་ལྔ་ཞེས་སུ་གྲགས་པ་ཡི། །གནས་བཤད་ཀུན་གསལ་གསེར་གྱི་མེ་ལོང་འདི། །དཔལ་ལྡན་བླ་མའི་བཀའ་བཞིན་འདི་ན་སྤེལ། །

  དེ་ལྟར་མཆོད་བརྗོད་དང་བཤད་པ་དམ་བཅའ་བས་མདུན་ལེགས་པ་བསུས་ཏེ་འདིར་གླེང་བར་བྱ་བ་ནི་རྒྱ་ནག་ཡུལ་དུ་འབྲུག་ལྟར་གྲགས་པའི་གནས་མཆོག་རི་བོ་རྩེ་ལྔ་ཞེས་བྱ་བའི་གནས་བཤད་ཀུན་གསལ་མེ་ལོང་ཞེས་བྱ་བ་བསྟན་པ་ལ་བཅུ་དྲུག་སྟེ། སྤྱིར་རི་བོ་ཆེན་པོ་ལྔ་ངོ་སྤྲོད་བསྟན་པ། རྒྱ་ནག་གི་གནས་རི་བསྟན་པ། རྒྱ་ནག་བོན་གྱི་གནས་རི་ངོ་སྤྲོད་བསྟན་པ། རི་བོ་རྩེ་ལྔའི་གནས་ངོས་འཛིན་ཚུལ་བསྟན་པ། རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་བསྟན་པ། རི་བོ་རྩེ་ལྔ་ལ་སྟོན་པ་གཤེན་རབ་བྱོན་པའི་སྐོར་བསྟན་པ། རི་བོ་རྩེ་ལྔར་སྔ་རབས་བོན་གྱི་གཤེན་པོས་རྗེས་བཞག་སྐོར་བསྟན་པ། རི་བོ་རྩེ་ལྔ་ལ་ཕྱི་རབས་བོན་གྱི་བླ་མ་བྱོན་ཚུལ་བསྟན་པ། རི་བོ་རྩེ་ལྔའི་གནས་ཀྱི་ཆགས་ཚུལ་བསྟན་པ། རི་བོ་རྩེ་ལྔའི་གནས་རྣམས་ངོ་སྤྲོད་བསྟན་པ། རི་བོ་རྩེ་ལྔ་གནས་རྟེན་ཁྱད་པར་ཅན་ཡོད་ཚུལ་བསྟན་པ། རི་བོ་རྩེ་ལྔའི་གནས་འདུའི་དུས་ཚིགས་བསྟན་པ། རི་བོ་རྩེ་ལྔའི་གནས་འདུའི་ཕན་ཡོན་བསྟན་པ། རི་བོ་རྩེ་ལྔ་ལ་གནས་སྐོར་བྱེད་ཚུལ་བསྟན་པ། རི་བོ་རྩེ་ལྔ་མཇལ་སྐོར་བྱེད་པའི་ཕན་ཡོན་བསྟན་པ། བསྔོ་བ་དང་སྨོན་ལམ་བསྟན་པར་བཅས་སོ། །

འཛམ་བུ་གླིང་གི་རི་བོ་ཆེན་པོ་ལྔ་བསྟན་པ།

说明: e2181b57cab43d1635ab69eb38b4b68

རི་བོ་རྩེ་ལྔའི་མཆོད་རྟེན།

  དང་པོ། སྤྱིར་འཛམ་གླིང་གི་རི་བོ་ཆེན་པོ་ལྔ་མདོ་ཙམ་བསྟན་པ་ནི། དེ་ཡང་མི་མཇེད་པའི་འཇིག་རྟེན་ན་གནས་རི་ཆེ་མ་ཆུང་གསུམ་གྲངས་ལས་འདས་པ་ཞིག་ཡོད་པ་ནི་བརྗོད་ཀྱིས་མི་ལང་། མི་མཇེད་པའི་འཇིག་རྟེན་གྲགས་པའི་ཡུལ་གྱི་ནང་ཚན་ལྷོ་འཛམ་བུ་གླིང་ལ་རི་བོ་ཆེན་པོ་ལྔ་ཡོད། རི་བོ་ཆེན་པོ་པྲ་ཕུད་རྩེ་ལྔ་དང་བྲག་དགའ་འཁྱིལ་བ་ནི་རྒྱ་ནག་གི་ཡུལ་ལ་ཡོད། སའི་དབྱིབས་ནི་གཡུ་འབྲུག་འཁྱིལ་བ་དང་འདྲ། རི་བོ་ཆེན་པོ་ཨ་ཡ་ད་ར་དང་བྲག་ཆེན་གཡུང་དྲུང་ནི་གེ་སར་ཁྲོམ་གྱི་ཡུལ་ན་ཡོད། སའི་དབྱིབས་ནི་དུག་སྦྲུལ་འཁྱུགས་པ་དང་འདྲ། རི་བོ་ཆེན་པོ་ཏ་ལ་ཡ་དང་བྲག་གཡུང་དྲུང་པད་མ་སྤུངས་ནི་སྟག་གཟིག་གི་ཡུལ་ན་ཡོད། སའི་དབྱིབས་ནི་ཕག་ཆེན་པོ་རྒྱུག་པ་དང་འདྲ། རི་བོ་མ་ལ་ཡ་དང་བྲག་རི་བོ་བྱ་རྐང་ནི་རྒྱ་གར་ཡུལ་ན་ཡོད། སའི་དབྱིབས་ནི་བྱ་རྒོད་སྤུངས་པ་དང་འདྲ། རི་བོ་གངས་ཅན་ཏི་སེ་དང་བྲག་སེང་གེ་བརྒྱད་བསྣོལ་ནི་གངས་ཅན་བོད་ཀྱི་ཡུལ་ན་ཡོད། སའི་དབྱིབས་ནི་སེང་གེ་གནམ་མཆོང་དང་འདྲ། རི་བོ་ཆེན་པོ་དེ་ལྔ་སེམས་ཅན་གཟུགས་སུ་བཀོད་ཡོད་པས། འཛམ་བུ་གླིང་གི་མི་རྣམས་ཉོན་མོངས་དུག་ལྔ་རྒྱས་པར་དོན་དུ་བསྟན་པར་བཤད།1 དེ་བཞིན་དུ། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས། འཛམ་བུ་གླིང་འདི་ནི་རིན་པོ་ཆེའི་རྐང་བཞི་ཤར་ནས་ནུབ་ཏུ་འབྲེལ་ནས་ཡོད། རི་བོ་ཆེན་པོ་ལྔ་ཡོད་དེ། རི་བོ་རྩེ་ལྔ་དང་། རི་བོ་བྲག་དགའ་བའི་དཔལ་འབྲུག་བསྐུམ་པ་འདྲ་བ། རྒྱ་ནག་ན་ཡོད། རི་བོ་ཆེན་པོ་ཨ་རྡ་ར་དང་། བྲག་རི་དུག་སྦྲུལ་རྒྱུག་པ་འདྲ་བ་གེ་སར་གྱི་ཡུལ་ན་ཡོད། རི་བོ་པོ་ཏ་ལ་དང་། བྲག་གཡུང་དྲུང་དོན་སྤུངས་ཕག་ནག་འདུར་བ་འདྲ་བ། སྟག་གཟིག་ན་ཡོད། རི་བོ་ཆེན་པོ་མ་ལ་ཡ་དང་། བྲག་བྱ་རྐང་ཅན་བྱ་རྒོད་སྤུངས་པ་འདྲ་བ། རྒྱ་དཀར་ན་ཡོད་དོ། །རི་བོ་གངས་ཅན་དང་། བྲག་ཤ་འབལ་སེང་གེ་འཆོང་བ་འདྲ་བ་བོད་ཡུལ་ན་ཡོད་དོ། །རི་བོ་དེ་ལྔ་རྣམས་སེམས་ཅན་ལྔའི་གཟུགས་སུ་ཡོད་པས་འཛམ་གླིང་བ་དུག་ལྔ་རགས་པའོ། །ཞེས་གསུངས་སོ། །

རྒྱ་ནག་གི་གནས་རི་བསྟན་པ།

  གཉིས་པ་བྱེ་བྲག་ཏུ་རྒྱ་ནག་གི་གནས་རི་བསྟན་པ་ནི། སྤྱི་རྒྱ་ནག་ལ་གནས་རིའམ་རི་བོ་སྐད་གྲགས་ཅན་མང་པོ་ཡོད་པ་ལས། ཧྲན་ཏུང་གི་ཐའི་རི་བོ་དང་།山东(泰山) ཨན་ཧུ་ཡི་སེར་པོ་རི།安徽(黄山) སི་ཁྲོན་གྱི་གླང་ཆེན་འགྱིང་རི།四川(峨眉山) ཅང་ཞི་ཡི་ལུའི་རི་བོ།江西(庐山) ཅི་ལིན་གྱི་ཁྲང་པའི་རི་བོ།吉林(长白山) ཧྲའ་ཞི་ཡི་དཔལ་གྱི་རི་བོ།陕西(华山) ཧྥུ་ཅན་གྱི་ཝུའུ་དབྱི་ཧྲན།福建(武夷山) ཧྲན་ཞི་ཡི་རི་བོ་རྩེ་ལྔ་སོགས་ཡོད།山西(五台山)རྒྱ་ནག་ནང་བསྟན་གྱི་གནས་རི་སྐད་གྲགས་ཅན་བཞི་ཡོད་དེ། ཨན་ཧུའི་རི་བོ་དཔལ་རི་རྩེ་དགུ(安徽九华山)ནི་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་གནས་རི་དང་། ཧྲན་ཞིའི་རི་བོ་རྩེ་ལྔ(山西五台山)ནི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གནས་རི། ཀྲེ་ཅང་གི་རི་བོ་གྲུ་འཛིན་ནམ་པོ་ཏ་ལ(浙江普陀山)ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གནས་རི། སི་ཁྲོན་གྱི་རི་བོ་གླང་ཆེན་འགྱིང་རི(四川峨眉山)ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གནས་རི་ཡིན་པར་བཤད། རྒྱ་ནག་ཏའོ་ཇོའི་ཆོས་ལུགས་ཀྱི་གནས་རི་ཆེན་པོ་བཞི་ནི། ཧུའུ་པེ་ཡི་བོང་གི་རི་བོ།(湖北武当山) ཨན་ཧུ་ཡི་སྤྲིན་སྡེབ་རི་བོ།(安徽齐云山) སི་ཁྲོན་གྱི་མཁར་སྔོན་པོ་རི་བོ།(四川青城山) ཅང་ཞིའི་སྟག་འབྲུག་རི་བོ(江西龙虎山)དང་བཞི་ཡིན། རི་བོ་གྲགས་ཅན་འདི་བཞི་ནི་ཀྲུང་གོའི་ཏའོ་ཇོའི་གནས་མཆོག་གོ །

རྒྱ་ནག་བོན་གྱི་གནས་རི་བསྟན་པ།

  གསུམ་པ་རྒྱ་ནག་བོན་གྱི་གནས་རི་ངོས་འཛིན་བསྟན་པ་ནི། རྒྱ་ནག་ལེགས་ཏང་རྨང་པོའི་སྒྲུབ་གནས་རྒྱ་ནག་རི་བོ་རྩེ་ལྔ། ལི་ཤུ་སྟག་རིང་གི་སྒྲུབ་གནས་རྒྱ་ནག་འབྲིམ་ཐང་སྣར་བ།2 ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་གླང་ཆེན་འགྱིང་བའི་རི་བོ། ཀེང་ཙེ་ལན་མེད་ཀྱི་སྒྲུབ་གནས་ལ་མོ་རྩེ། ཀོང་ཙེ་འཕྲུལ་རྒྱལ་གྱི་སྒྲུབ་གནས་རྒྱ་ནག་ཀ་ཅི་བྱམས་པ་འབུམ་གླིང་། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་སྒྲུབ་གནས་རྒྱ་ནག་གོང་བུ་དམར་རུ། རྒྱ་ནག་གོང་བུ་དམའ་རུ་ལ་བོན་དགུ་དུས་གཅིག་ལ་སངས་རྒྱས་སོ། །3རྒྱལ་པོ་གཙུག་ལག་དམ་པའི་སྒྲུབ་གནས་རྒྱ་ནག་ཏིང་ཤོ་ཁྲི་སྒོ། རྒྱ་ནག་ལེགས་ཏང་རྨང་པོའི་གཏེར་གནས་རྒྱ་ཡི་མཆོད་རྟེན་ཀ་རུ་4སོགས་མང་ངོ་། །གཞན་ཡང་། བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ནང་དུ། མ་རྒྱུད་ཐུགས་རྗེ་ཉི་མ་ལས། རྒྱ་ནག་གོང་མར་མཁའ་འགྲོ་འུག་གདོང་ལྔ། དབུས་ལ་མོ་རྩེ་འདུས་མཁའ་འགྲོ་འུག་གདོང་། ཤར་རི་བོ་རྩེ་ལྔའི་མཁའ་འགྲོ་འུག་གདོང་། བྱང་ཟིང་ཆུ་ནགས་རིང་མཁའ་འགྲོ་འུག་གདོང་། ནུབ་ཀུ་བྱི་འཇང་འདུལ་མཁའ་འགྲོ་འུག་གདོང་། ལྷོ་ཁྱི་ཐན་ཁ་གནོན་མཁའ་འགྲོ་འུག་གདོང་། མ་རྒྱུད་མཁའ་འགྲོའི་འདུ་གནས་ཞེས་པ་སྟེ།5 ཞེས་རྒྱ་ནག་ལ་བོན་གྱི་འདུ་གནས་མང་པོ་ཡོད་པར་བསྟན། ཤར་ཕྱོགས་རི་བོ་རྩེ་ལྔ་དེ་མ་རྒྱུད་མཁའ་འགྲོ་འུག་གདོང་ལྔའི་སྒྲུབ་གནས་ཡིན་པར་བསྟན།6

རི་བོ་རྩེ་ལྔའི་གནས་ངོས་འཛིན་ཚུལ་བསྟན་པ།

  བཞི་པ་རི་བོ་རྩེ་ལྔའི་གནས་ངོས་འཛིན་པ་ནི། སྤྱི་རི་བོ་རྩེ་ལྔ་ཞེས་བརྗོད་པའི་ཚེ་རི་བོ་རྩེ་ལྔ་ཡིན་ན་ངེས་ཅན་དུ་རྒྱ་ནག་ཧྲན་ཞིའི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གནས་ཆེན་རི་བོ་རྩེ་ལྔ་དེ་ཡིན་པའི་ངེས་པ་མེད་དེ། 陕西省ཧྲའ་ཞིའི་ས་ཆ་ལ་རི་བོ་རྩེ་ལྔ་ཞེས་གྲགས་པའི་གནས་རི་གཉིས་ཡོད་པ་ལ་ལྷོའི་རི་བོ་རྩེ་ལྔར་གྲགས། སྤོས་ངད་ལྡན་པའི་གྲོང་ཁྱེར་སོགས་ལའང་དེ་བཞིན་དུ་རི་བོ་རྩེ་ལྔ་གྲགས་པའི་གནས་རི་དང་དགོན་པའང་ཡོད་དོ། །སྐབས་སུ་བབ་པའི་གླེང་བ་བྱ་བ་ནི་རྒྱ་ནག་ཧྲན་ཞི་ན་ཡོད་པའི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གནས་སམ་མ་རྒྱུད་མཁའ་འགྲོ་འུག་གདོང་གི་གནས་ཆེན་རི་བོ་རྩེ་ལྔ་པ་དེ་ཡིན། རི་བོ་དེ་ལ་ཤར་རི། བྱང་རི། ནུབ་རི། ལྷོ་རི། དབུས་རི་དང་ལྔ་ཡོད་པ་དེ་ལ་སྨྲ་སེང་རིགས་ལྔའམ་འཇམ་དབྱངས་རིགས་ལྔའི་གནས་ཡོད་པས་རི་བོ་རྩེ་ལྔ་ཞེས་གྲགས་སོ། །སྤྱིར་རྒྱ་ནག་གི་ལོ་རྒྱུས་ལྟར་ན། རི་བོ་རྩེ་ལྔ་དེ་ལ་ཐོག་མ་སྨུག་རི་ལྷུན་པོ་རྩེ་ལྔ་དང་། ཏའོ་ཅའོ་སྒྲུབ་གནས་རྩེ་ལྔ་ཟེར། གནས་འདིར་སྔར་ཏའོ་ཅའོ་ཆོས་ཀྱི་རབ་བྱུང་པ་རྣམས་ཀྱིས་ཐོས་བསམ་བྱེད་སའི་གནས་ཤིག་ཡིན། ཕྱིས་ཏུང་ཧན་རྒྱལ་རབས“汉永平”ལོ༡༡(སྤྱི་ལོ༦༨ལོ)སྐབས་སུ། དེང་རྒྱ་གར་གྱི་དགེ་འདུན་པ་འོད་སྲུང་མོའུ་ཐུ་迦叶摩腾ཞེས་པ་དེ་རྒྱ་གར་ནས་ལོ་ཡན洛阳རྟ་དཀར་དགོན་དུ་ཕེབས། དེ་ནས་སྨུག་པོ་ལྷུན་པོ་རྩེ་ལྔར་ཕེབས་དུས། བླ་ཆེན་གྱིས་གནས་དེ་ནི་འཇམ་པའི་དབྱངས་བྱང་ཆུབ་སེམས་དཔའ་ཆོས་འཁོར་བསྐོར་བའི་གནས་རི་རེད་ཅེས་ཟེར། འོན་ཀྱང་གནས་དེར་བཞུགས་ཡོད་པའི་ཏའོ་ཅའོ་ཆོས་ཀྱི་རབ་བྱུང་པ་རྣམས་མོས་མཐུན་མ་བྱུང་བས་ཁོ་ཚོའི་བར་དུ་འགྲན་རྩོད་ཆེན་པོ་བྱུང་། མཇུག་འབྲས་རྒྱ་གར་བླ་ཆེན་གྱིས་རྒྱལ་ཁ་བླངས། དེ་ནས་བཟུང་ནང་བསྟན་གྱི་དགོན་པ་བཏབས་ནས་བཟུང་རི་བོ་རྩེ་ལྔ་ཡང་ནང་བསྟན་གྱི་གནས་རི་ཆེན་པོ་བཞིའི་ནང་ཚན་རི་བོ་གྲགས་ཅན་དུ་གྱུར།

རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་བསྟན་པ།

  ལྔ་པ་རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་བསྟན་པ་ལ། སྤྱིར་བོན་གྱི་བསང་ཡིག་རྣམས་སུ་རི་བོ་རྩ་ལྔ་དེ་རྒྱ་ནག་ཡུལ་གྱི་གཞི་བདག་ཅིག་ལ་ངོས་འཛིན་བྱེད་ཡོད་དེ། དུས་རབས་བཅུ་བཞི་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༣༦༠ལོར་སྐུ་འཁྲུངས་པའི་བློ་ལྡན་སྙིང་པོས་མཛད་པའི་བསང་མཆོད་ཡིད་བཞིན་ནོར་བུ་ལས། རི་བོ་རྩེ་ལྔ་ལ་སོགས་ཏེ། །རྒྱ་ནག་ཡུལ་གྱི་གཞི་བདག་བསང་། །7ཞེས་གསུངས་སོ། །གཞི་བདག་དང་གནས་རི་གཉིས་ལ་ཁྱད་པར་ཡོད་ཀྱང་། དེ་གཉིས་འགལ་བ་ཡང་མ་ཡིན་ཏེ། དཔེར་ན། གངས་དཀར་རྒྱལ་པོ་དེ་གནས་རི་ཡང་ཡིན་ལ་གཞི་བདག་ཡང་ཡིན་ནོ། །རི་བོ་རྩེ་ལྔ་དེ་ནི་གཞི་བདག་ཡང་ཡིན་ལ་གནས་རི་ཡང་ཡིན། གནས་རི་ཡིན་ཏེ། མ་རྒྱུད་སྒྲུབ་གཞུང་ལས། རྒྱ་ནག་གོང་དམར་མཁའ་འགྲོའ་འུག་གདོང་ལྔ། །དབུས་ཕྱོགས་ལ་མོ་རྩེའི་མཁའ་འགྲོའ་མ། །ཤར་ཕྱོགས་རི་བོ་རྩེ་ལྔའི་འུག་གདོང་ལྔ། །བྱང་ཕྱོགས་ཟིན་ཆུ་ནག་རིང་འུག་གདོང་ལྔ། །ནུབ་ཕྱོགས་ཀུ་བྱི་འཇང་འདུལ་འུག་གདོང་ལྔ། །ལྷོ་ཕྱོགས་ཁྱི་ཐན་ཁ་གནོན་འུག་གདོང་ལྔ། །རྒྱ་ནག་གནས་ཆེན་མ་ལྔ་གཏོར་མ་བཞེས། །བར་ཆོད་བདུད་གདོན་དགྲ་བགེགས་ཚོགས་སུ་བསྒྲོལ། །8ཞེས་ཤེས་རབ་གཙོ་བོ་བསྟན་པའི་གསང་མཆོག་མ་རྒྱུད་ལྷ་འཁོར་སུམ་བརྒྱ་དྲུག་ནང་ཚན་རྒྱ་ནག་མཁའ་འགྲོ་འུག་གདོང་ལྔའི་གནས་ཀྱི་ཡ་གྱལ་ཞིག་ཡིན་པར་བསྟན་ཡོད།9 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ་ལས། ཡང་བོན་བརྒྱ་ཚང་གི་བསྟན་རྩིས་ལས། བོད་རྒྱལ་གཉའ་ཁྲི་རྒྱལ་སར་བསྐོས་ནས་ལོ་དྲུག་ཅུ་བ། (བསྟན་ལོ༣༠༧༣)ཤིང་བྱི་ལ་སྨྲ་བའི་སེང་གེའི་རྣམ་པར་འཕྲུལ་བ་གཤེན་རབ་མཆོག་གི་སྐུ་སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྐུ་ཚ་ཀོང་ཚ་འཕྲུལ་བསྒྱུར་དེ་ཉིད་སླར་ཡང་རྒྱ་ནག་རི་བོ་རྩེ་ལྔར་རྫུས་སྐྱེས་ཚུལ་བསྟན་ནས་རྩིས་རྒྱུད་ཐོག་མར་གསུངས་སོ། །10རྒྱ་ནག་གི་རི་བོ་རྩེ་ལྔ་ནི་བོན་གྱི་གནས་ཕྲན་བརྒྱ་དང་ཉི་ཤུའི་ནང་ཚན་དང་།11 བོན་གྱི་མ་རྒྱུད་ཀྱི་གནས་ཆེན་བརྒྱ་དང་ཉི་ཤུའི་ཡ་གྱལ་ཡང་ཡིན་ནོ།12 །དྲན་པ་བཀའ་ཐང་སོགས་ལས་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོའི་སྒྲུབ་གནས་ཡིན་པར་བསྟན་ཚུལ་ནི་འོག་ཏུ་གསལ་ལོ། །རི་བོ་རྩེ་ལྔ་དེ་བོན་གྱི་གནས་རི་ཡིན་པར་མ་ཟད། བོན་གྱི་གཏེར་གནས་གལ་ཆེན་ཞིག་ཀྱང་ཡིན་ཏེ། དྲན་པའི་རྣམ་ཐར་ལས།13 །རོང་ཆེན་བཞི་དང་ཤོད་ཆེན་བཅོ་བརྒྱད་དང་༔ རྒྱ་སོ་དར་རྩེ་རི་བོ་རྩེ་ལྔ་ཡན༔ གཏེར་གཡོག་སུམ་བརྒྱ་ཡང་གཡོག་གྱུར་པ་ལ༔ བདུན་བརྒྱ་ཉི་ཤུ་ཐམ་པའི་གྲངས་སུ་སྦས༔ ཞེས་གསལ་བ་གསུངས་སོ། །དེ་ལྟར་ན་དུས་རབས་བརྒྱད་པ་ཡས་མས་སུ་རྒྱ་ནག་རི་བོ་རྩེ་ལྔ་དེ་བོན་གྱི་གཏེར་གནས་ཡིན་པ་དང་། གནས་རི་དེ་ལ་དྲན་པ་ནམ་མཁའ་སོགས་ཕེབས་ནས་བོན་གྱི་གཏེར་གཞུང་སྦས་ཚུལ་སོགས་འོག་ཏུ་གསལ་ལོ། །འོན་ཀྱང༢༠༠༩ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ་པའི་སེ་ཀྲི་ངག་དབང་བསྟན་དར་ལགས་ཀྱིས་བརྩམས་པའི《དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད》ཅེས་པ་ལས། “དེ་ལྟར་སངས་རྒྱས་ཀྱི་བསྟན་པ་མ་ཧཱ་ཙི་ནའི་ཡུལ་ཕྱོགས་འདིར་དཔྱིད་དཔལ་བཞིན་དར་བས། གཉུག་མར་གནས་པའི་བོན་པོ་རྣམས་ན་རེ། ལུགས་སྲོལ་མི་མཐུན་པའི་ཆོས་ལུགས་འདི་དག་ས་ཕྱོགས་འདིར་དར་མི་རུང་ཞེས་རྒྱུ་མཚན་མང་པོ་ཞིག་བཤད། སྔ་ནས་རི་བོ་འདིར་འཁོད་པའི་བོན་པོ་པེ་ལོའུ་དང་རི་གཉན་ཆེན་པོ་ལྔའི་བོན་པོ་ཆུ་ཤན་ཤིན་ལ་སོགས་པས་ང་རྒྱལ་གྱི་ཚ་ངར་ངང་གྲོས་བྱས་ནས། གླེགས་བམ་རྣམས་མེར་བསྲེགས། བདེན་རྫུན་གྱི་ཤན་ཕྱེས་ཤིག་ཅེས་རྒྱལ་པོ་ལ་ཞུས་པ་དང་གོང་མས་ཀྱང་དེ་བཞིན་བྱ་བར་གནང་ངོ་། །དེ་ནས་ནང་བསྟན་དར་བའི་ལོ་བཅུ་བཞིའི་རྗེས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན། རྒྱལ་པོ་པེ་མ་སི་ཞེས་པའི་དགོན་པར་ཕྱག་འཚལ་དུ་ཕེབས་པ་ན། བོན་པོ་རྣམས་ཀྱིས་སྟེགས་མཐོན་པོས་དཀྱིལ་འཁོར་བྱས་ཏེ་ཙི་བདུན་ཅུ་རྩ་གཉིས་པའི་གླེགས་བམ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞག་པ་དང་། མ་ཏང་ཀས་ཀྱང་སྟོན་པའི་རིང་བསྲེལ་དང་སྐུ་བརྙན་གླེགས་བམ་དང་བཅས་དཀྱིལ་འཁོར་གཡས་ལོགས་བཞུགས་སུ་གསོལ། དེ་ནས་བོན་པོ་རྣམས་ཀྱིས་མཆོད་པའི་བྱེ་བྲག་མང་པོ་ཕུལ་ཏེ་བདེན་པ་འདི་སྐད་ཅེས་བརྡར་རོ། །གོང་མ་ཐའི་ཇི་ཏཱ་ཏོའུ་ཡན་ཤི་ཐེན་སོགས་དྲང་སྲོང་ཆེན་པོ་རྣམས་དང་། ལྷའི་ཚོགས་ལ་གསོལ་འདེབས་ཀྱི་སྙིང་བོར། དེང་སང་ཤཱཀྱ་བའི་ཚུལ་ལུགས་འདི་དག་གིས་རང་རེའི་ཡུལ་དབུས་ན་གནས་པ་རྣམས་ཀྱི་ལུགས་སྲོལ་གྱི་མཐིལ་གཏོར་ཏེ་བོན་པོའི་ཆོས་ལུགས་ཉམས་པར་བཅུག་པ་ལ་ངེད་ཅག་གིས་གླེགས་བམ་བསྲེགས་ནས་མི་ཤེས་པ་རྣམས་ཀྱི་འཁྲུལ་བ་བསལ་ཏེ་བདེན་རྫུན་ཤན་དབྱེ་བར་འདོད་དོ་ཞེས་སྨྲས་ནས་གླེགས་བམ་རྣམས་མེར་བསྲེག་པ་དང་། ཚིག་ནས་ཐལ་བར་སོང་བས་བོན་རྣམས་ཀྱི་དྲག་པ་བག་ལ་ཞ་བར་གྱུར་ཏོ། །ནང་བའི་སྐུ་བརྙན་དང་གླེགས་བམ་རྣམས་འབར་བའི་མེས་ཀྱང་མ་རེག་ལ། རིང་བསྲེལ་དང་བཅས་པ་ལྷེན་ནེ་ལྷང་ངེར་སྟེང་གི་ནམ་མཁའ་ན་གདུགས་བཞིན་གནས་སོ། །འཕགས་པ་གཉིས་ཀྱང་ནམ་མཁའ་ལ་འཕགས་ཏེ་ཆོ་འཕྲུལ་རྣམ་པར་བཅོ་བརྒྱད་བསྟན་པས་རྒྱལ་པོ་ཡང་ཐུགས་ཤིན་ཏུ་དད་ཅིང་ངོ་མཚར་དུ་གྱུར”ཞེས་པ་དེ་ལ་སྨར་བསྟན་འཛིན་རྣམ་རྒྱལ་གྱིས《རི་བོ་རྩེ་ལྔའི་དཀར་ཆག་རབ་གསལ་མེ་ལོང》ཚོར་སྣང་ཞེས་པ་ལས། བོན་པོའི་ཆོས་པ་དང་རྒྱ་གར་གྱི་གྲྭ་བ་གཉིས་འགྲན་ཏེ་རྒྱལ་ཕམ་བྱས་པའི་ཚུལ་བཀོད་ཡོད་ལ་རྩོམ་པ་པོ་དེས་ཀྱང་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི《རི་བོ་རྩེ་ལྔའི་གནས་བཤད་ཉི་མའི་སྣང་བ》དང་། ཛྙཱ་ཤྲཱི་མན་གྱིས་རྩམས་པའི《རི་བོ་རྩེ་ལྔའི་དཀར་ཆག་རབ་གསལ་མེ་ལོང》སོགས་དཔྱད་གཞིར་བྱས་ཏེ་བྲིས་པ་ཞིག་རེད། ལར་རྩོམ་པ་པོ་དེ་དག་ལས་སུ་ཞིག་གིས་རྒྱ་གར་གྱི་དགེ་སློང་དང་བོན་པོ་རྣམས་ཀྱིས་འགྲན་བཙལ་བའི་གཏམ་རྒྱུད་དེ་བཤད་པ་ཞིག་ཡིན་རུང་། གཞི་རྩ་ངས་གོང་དུ་བཀོད་པའི་རྒྱ་གར་གྱི་དགེ་སློང་གཉིས་དང་རྒྱ་ནག་གི་ཏའོ་ལུགས་པ་རྣམས་ཀྱིས་མཐུ་འགྲན་ཏེ་རྒྱལ་ཕམ་གྱི་དབྱེ་བ་བཀར་ཚུལ་དང་ཀུན་ནས་མཚུངས། ཁོང་གིས་བོན་དུ་བསྙད་པའི་ཙི་བདུན་ཅུ་རྩ་གཉིས་པའི་གླེགས་བམ་ཞེས་པ་ཞིག་བོན་པོར་ཁྱོན་ནས་མེད་པ་ངེས་གཏན་བྱེད་ཆོག་པར་མ་ཟད། ད་དུང“ཙི”ཞེས་པ་རྒྱའི་སྐད་ཡིག་ཅིག་ཡིན་པས་ཁས་འཆེ་ཆོག་པར་བཅས་ཕྱོགས་གང་ནས་བལྟས་རུང་རྒྱ་ནག་རང་སའི་ཆོས་ལུགས་ཏའོ་ཅའོ(道教)ཟེར་བ་དེ་བོན་ཆོས་ལ་གོ་བ་བླངས་ཏེ་གཏམ་རྒྱུད་ཀྱི་ཚུལ་དུ་བཤད་པ་ཞིག་ཡིན་པར་སྣང་། ཞེས་ལན་བཏབས་པ་དེ་ཡང་བསྐྱར་སྨྲ་བ་ལ་དགོས་པ་མེད་དོ། །མདོར་བསྡུས་ནས་བཤད་ན། སེ་ཀྲི་ངག་དབང་བསྟན་དར་ཁོང་བོན་པོའི་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་གཉིས་ཀྱི་ཁྱད་པར་མ་ཤེས་པ་དང་། རྒྱ་ནག་གིས་བཤད་པ་ལྟར་གྱི་རི་བོ་རྩེ་ལྔའི་ལོ་རྒྱུས་ལ་ཞིབ་འཇུག་མ་བྱས་པའི་འཁྱོག་བཤད་ཤ་སྟག་གོ །

རི་བོ་རྩེ་ལྔ་ལ་སྟོན་པ་གཤེན་རབ་བྱོན་པའི་སྐོར་བསྟན་པ།

སྟོན་པ་གཤེན་རབ་མི་བོ།

  དྲུག་པ་ནི། སྤྱིར་སྟོན་པ་གཤེན་རབ་མི་བོས་འདུལ་ཞིང་ཞང་ཞུང་དང་སྟག་གཟིག་བོད་ཙམ་མ་ཡིན་པ། རྒྱ་དཀར་ནག མེ་ཉག བལ་པོ། ཨོ་རྒྱན། སྦ་ཧོར། ཁ་ཆེ། ཐོ་གར། ལི་ཡུལ། ཕྲོམ། སུམ་པ། ལྷ་ཀླུ་མི་སོགས་ཀྱི་ཡུལ་དུ་ཕེབས་ནས་འགྲོ་དོན་མཛད་ཚུལ་ནི་བསྟན་འབྱུང་ལེགས་བཤད་མཛོད་སོགས་ལས་གསུངས་སོ། །14གཞན་ཡང་རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས་ཀྱང་དེ་ནས་གཤེན་རབ་རྒྱ་ནག་གི་ཡུལ་དུ་བྱོན། རྒྱ་ནག་སྐད་ཀྱང་བོན་ལ་བསྒྱུར། སེམས་ཅན་གྱི་དོན་དུ་རྒྱ་ནག་ཧཱ་ཤང་དེ་བ་ལ། གབ་ཙེ་སུམ་བརྒྱ་དྲུག་ཅུ་གཏོ་གྱུར་༼རྒྱུད༽བདུན་བརྒྱ་ཉི་ཤུ་གཏན་ལ་ཕབ།15 ཞེས་སྐྱང་སྤྲུལ་དྲི་མེད་གསུང་འབུམ་ནང་དུ་ལུང་དྲང་ཡོད། །སྟོན་པ་གཤེན་རབ་མི་བོ་རི་བོ་རྩེ་ལྔ་ལ་བྱོན་ཚུལ་ནི། དྲན་པའི་རྣམ་ཐར་ལས།16 དེ་ནས་སྟོན་པ་བྲུ་ཤ་གང་ལོག་དང་༔ སྤུ་གུ་གསུམ་ལ་བདེན་གཉིས་དོ་མཉམ་བོན༔ བསྟན་ནས་བྲུ་ཤའི་གནམ་བོན་རྔ་ཞོན་དང་༔ གར་ལོག་ཡུལ་དུ་བོན་པོ་སྐྱིད་མཁར་དང་༔ སྤུ་གུ་འཕེན་སྣང་གསུམ་ལ་བསྟན་པ་བཞག༔ དེ་ནས་སྟོན་པ་བོད་ཀྱི་ཡུལ་རི་གཉན༔ མགུར་ལྟ་བཅུ་གསུམ་བོམ་ར་གླང་ཆེན་འགྱིང་༔ རི་བོ་རྩེ་ལྔ་རི་བོ་ཏ་ལ་ཤན༔ དམུ་རྡོ་ལྷ་གཉན་ཐག་ལ་རྨོག་མགོ་དང་༔ སྤེ་ནི་རི་བཀྲ་ཐང་ལྷ་ཡར་ལྷ་དང་༔ གནམ་མཚོ་གངས་དཀར་ལ་སོགས་བྱོན་ནས་སུ༔ སྟོན་པའི་བཀའ་རྟགས་ཞབས་ཕྱག་རྗེས་རེ་བཞག༔ ཞེས་པའི་སྟོན་པ་གཤེན་རབ་མི་བོ་སྐུ་དངོས་སུ་བྱོན་པ་དང་། ཡང་ན་རྫུ་འཕྲུལ་རྩལ་གྱིས་གཤེགས་པ་སོགས་གང་གིས་དབང་དུ་བཏང་ན།རི་བོ་རྩེ་ལྔ་དང་སྟོན་པ་གཤེན་རབ་མི་བོ་གཉིས་ཀྱི་བར་དུ་འབྲེལ་བ་ཟབ་མོ་ཡོད་པ་ནི་དྲན་པའི་རྣམ་ཐར་སོགས་ལས་གསལ་ལོ། །

རི་བོ་རྩེ་ལྔར་སྔ་རབས་བོན་གྱི་གཤེན་པོས་རྗེས་བཞག་སྐོར་བསྟན་པ།

  བདུན་པ་ནི། རྒྱ་ནག་གནས་མཆོག་རི་བོ་རྩེ་ལྔའི་ཞིང་ཁམས་འདིར་ཞང་བོད་སྔ་རབས་བོན་གྱི་མཁས་པ་དང་གྲུབ་ཐོབ་རྣམས་ཀྱིས་རྗེས་བཞག་མཛད་པའི་སྐོར་བསྟན་པ་ལ་བརྒྱད། རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ། ཁོད་སྤུངས་དྲན་པ་ནམ་མཁའ། མཁའ་འགྲོ་མ་ཧཱ་ཉི་འོད། མཁའ་འགྲོ་རིན་ཆེན་དཔལ་མཛེས་མ། འགྲོ་མགོན་ཚེ་དབང་རིག་འཛིན། རྒྱ་གཤེན་དོད་དེ་རྒྱལ་ལྕམ། ཧྭ་ཤང་རྒྱ་བོན་དང་བརྒྱད་བསྟན་པ་ལས།

རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱི་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ།

说明: 37b84e0492e3a17126021cb927d4e74

རྒྱལ་པོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ།

  གཅིག རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ་ནི། རྒྱ་རྗེ་ཀོང་ཙེ་འཕྲུལ་རྒྱལ་ནི་སྟོན་པ་གཤེན་རབ་ཀྱི་སྐུ་དུས་སུ་སྟོན་པ་ལ་སྡོང་གྲོགས་མཛད་མཁན་བསྟན་འཛིན་གྱི་རྒྱལ་པོ་དྲུག་གི་ནང་ཚན། ཡབ་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན། ཡུམ་དྲི་མེད་གསལ་འོད་མ་གཉིས་གྱི་སྲས་སུ་འཁྲུངས། ཀོང་ཙེ་ངོས་འཛིན་སྟངས་དང་བྱོན་དུས་སོགས་མི་མཐུན་པ་མང་ཡང་། བོན་གྱི་ལོ་རྒྱུས་ལྟར་ན་འབྱུང་ལྡན་ཞེ་གསུམ་པའི་ཤིང་བྱི། སྤྱི་ལོའི་སྔོན༡༣༤༩༦ ལོར་སྟོན་པ་གཤེན་རབ་རྒྱ་རྗེ་ཀོང་ཙེའི་འགྲོ་དོན་དུ་གསས་ཁང་མངའ་གསོལ་ཀོང་ཙེའི་བུ་མོ་རྒྱ་བཟའ་འཕྲུལ་སྒྱུར་ཁབ་ཏུ་བཞེས་པའི་དུས་སྔོན་ཙམ་བྱུང་བར་འདོད་ལ། དེང་དུས་ཞིབ་འཇུག་པས་འདོད་པ་ལྟར་ན། སྤྱི་ལོའི་སྔོན༡༥༥༧ལོར་འཁྲུངས་པར་བཞེད། གང་ལྟར་ཡང་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མུ་ཁྱུད་བདལ་བའི་མཚོ་གླིང་དུ་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པར་མཛད་པའི་སྐབས་སུ་མི་དང་མི་མིན་དྲེགས་པ་ཅན་མང་པོས་གནོད་སྐྱེལ་པ་ལ་མགོན་བྱེད་ཀྱི་སྐྱབས་དམ་པ་འཚོལ་ཕྱིར་བྱང་ཤར་ཕྱོགས་སུ་ཕེབས་པའི་ཚེ། ཕྱྭ་སྲས་ཀེང་ཙེ་ལན་མེད་དང་ཐུགས་འཕྲད་བྱུང་། ཀེང་ཙེ་ལན་མེད་ཀྱིས་ཆོ་ལོ་བསྩལ་ཚུལ་དང་གསས་ཁང་བཞེངས་པ་ལ་རོགས་རམ་མཛད་ཚུལ་སོགས་མདོ་གཟེར་མིག་སོགས་ལས་གསལ་ལོ། །ཀེང་ཙེ་ལན་མེད་བཞུགས་གནས་ཕྱྭ་ཡི་ཡུལ་ཏེ་པྲ་ཕུད་རྩེ་ལྔའི་གནས་རི་དེ་ནི་རི་བོ་རྩེ་ལྔ་ཡིན་པར་བཤད། དེ་ལྟར་ན་ཀོང་ཙེ་འཕྲུལ་རྒྱལ་ཡང་རི་བོ་རྩེ་ལྔར་ཕེབས་པར་མངོན། རི་བོ་རྩེ་ལྔ་དེ་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་རྩིས་ཀྱི་བསྟན་པ་བཞག་པའི་གནས་ཡིན་ཚུལ་ནི། དྲན་པ་ནམ་མཁའི་རྣམ་ཐར་ལས། དེ་ནས་རྒྱ་ནག་རི་བོར་རྩེ་ལྔར་བྱོན༔ ཀོང་ཙེས་རྩིས་ཀྱི་བསྟན་པ་འཛུག་པའི་ས༔ ཞེས་གསལ་བར་གསུངས་སོ། །17འཆི་མེད་རིག་འཛིན་ཆེན་པོའི་རྣམ་ཐར་ལས༔ རི་བོ་རྩེ་ལྔར་འགྲོ་དོན་མཛད་ཚུལ་ནི༔ སངས་རྒྱས་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས༔ མི་མཇེད་འཛམ་གླིང་བསྟན་པའི་རྗེས་བཞག་མཛད༔ རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས༔ བསྟན་པ་རིན་ཆེན་ཞབས་ནས་འདེགས་མཁས་པས༔ མཐའ་ཡི་རྒྱ་མཚོ་ཆེན་པོའི་དབུས་དཀྱིལ་དུ༔ དཀར་ནག་བཀྲ་གསལ་རྒྱ་མཚོ་གླིང་ཐོག་འབར༔ བརྒྱད་ཁྲི་བཞི་སྟོང་བཀའ་ཡི་གླེགས་བམ་སྤེལ༔ དེ་ཡི་ཡུལ་ཕྱོགས་རི་བོ་རྩེ་ལྔ་ཞེས༔ ཀོང་ཙེའི་རྩིས་ཀྱི་བསྟན་པ་འཛུགས་པའི་གནས༔18 ཞེས་སོགས་རྒྱ་ཆེར་བསྟན་ཏོ། །ལེགས་བཤད་མཛོད། དེས་ན་ཀོང་ཙེ་འཕྲུལ་རྒྱལ་ནི་སྟོན་པའི་བསྟན་འཛིན་གྱི་རྒྱལ་པོ་དྲུག་གི་ནང་ཚན་གྱི་རྒྱ་ནག་གི་རྒྱལ་པོ་ཡིན་ལ། དེའང་ཡབ་རྒྱལ་པོ་ཀ་དྷ་ལ་དང་ཡུམ་མུ་ཏྲི་གཉིས་ཀྱི་སྲས་སུ་འཁྲུངས། ལག་མཐིལ་གཉིས་ལ་གབ་ཙེ་འཕྲུལ་ཡིག་སུམ་ཅུས་མཚན་པ་ཞིག་བྱུང་བས་ཡབ་ཀྱིས་སྤྲོ་བ་སྐྱེས་ནས་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མཚན་བཏགས། དེས་བཙུན་མོ་གཉན་ལྕམ་ཁབ་ཏུ་བཞེས། སྲས་གསུམ་ལྕམ་གཉིས་དང་ལྔར་འཁྲུངས་སོ། །དེའང་ཀོང་ཙེས་ལག་རིས་ཀྱི་གབ་ཙེ་ཡིག་འབྲུ་ལ་བརྩིས་པས་བསོད་ནམས་ཀྱིས་དགེ་བ་ཅི་བྱས་ཀྱང་འགྲུབ་པར་མཐོང་ངོ་། །དེར་རྒྱ་མཚོའི་གླིང་ན་གསས་ཁང་ཆེན་པོ་ཞིག་བརྩིག་གོ་སྙམས་ནས་ལག་རིས་ལ་བརྩིས་པས་སྲིན་པོ་བརྒྱ་དང་སྔོན་ལས་མཐུན་པས་སྲིན་དང་བསྡོངས་ནས་བསྒྲུབ་ན་གྲུབ་པར་ཤེས་ཏེ། ཡུལ་མུ་ཏ་ལ་མུན་པའི་གླིང་དུ་སྲིན་པོ་བསྒྲུབ་པས་གྲུབ་སྟེ་སྲིན་པོ་དང་མནའ་ཐོ་བཞག་ནས། སྲིན་ཕྲུག་བརྒྱས་མུ་ཁྱུད་བདལ་པའི་རྒྱ་མཚོར་རྨིང་བཏིང་བཅུག་སྟེ་མཚོ་ཁར་སླེབ་པ་དང་ལྷ་དང་སྲིད་སྐོས་ཕྱ་གསུམ་དང་མི་རྣམས་ཀྱིས་བརྩིགས་ཕྱྭ་ཀེང་ཙེས་སྐོས་མཁན་མཛད་ནས་གསས་ཁང་མཐའ་རུ་ཕྱིན་ཏེ་མཚན་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་ཞེས་གསོལ། དེར་སངས་པོ་དང་སྟོན་པ་གཉིས་གཤེགས་ཏེ་བདེ་གཤེགས་སྟོང་གི་ཞལ་སྐྱིན་དང་གསུང་རབ་བྱེ་བ་བདུན་འབུམ་དྲུག་ཁྲི་དང་མཆོད་རྟེན་སྟོང་དང་རྩ་བརྒྱད་རྣམས་བཞེངས་ཏེ་མངའ་དབུལ་རབ་གནས་མཛད་དོ། །19ལུང་དེ་དག་འབབ་ས་གཅིག་མཚུངས་ལྟ་བུ་སྣང་ཡང་། །བསྟན་པ་རྣམ་གསུམ་རྗེས་བཞག་གི་མདོ་ལས། དེ་ནས་ཕྱྭ་སྲས་ཀེང་ཙེ་འཁོར་དང་བཅས་པ་རྣམས་ཀྱང་། སྟོན་པས་བཀའི་གནང་བ་ཐོབ་ནས། བར་སྣང་ལ་གཞའ་སྤྲིན་དང་མེ་ཏོག་གི་ཆར་པ་དང་མངོན་པར་འགྲོགས་ཏེ། གནས་མཆོག་འོལ་མོ་གླིང་ཆེན་གྱི་ནུབ་ཕྱོགས། མུ་ཁྱུད་བདལ་པའི་རྒྱ་མཚོའི་གླིང་ལ་ཕེབས་སོ། །དེ་ལ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས། འཁོར་རྣམས་ཀྱིས་མདུན་ནས་བསུ་ཞིང་། བདའ་དགུའི་ཞལ་ཟས་དང་མཆོད་པ་སྣ་ཚོགས་པ་དྲངས་སོ། །20ཞེས་སོགས་ལས་གསས་ཁང་དཀར་ནག་བཀྲ་གསལ་དེ་གནས་མཆོག་འོལ་མོ་གླིང་ཆེན་གྱི་ནུབ་ཕྱོགས་སུ་ཡོད་པར་བཞེད་པ་སོགས་ལ་དཔྱད་དགོས་སར་མང་པོར་སྣང་ཡང་རེ་ཞིག་བཏང་སྙོམས་སུ་བཞག་གོ། །བན་བོན་གཞུང་ལུང་འགའ་ལས་ཀོང་ཙེ་འཕྲུལ་རྒྱལ་དེ་སྨྲ་བའི་སེང་གེའམ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་བཞེད་པ་ཡང་ཡོད་ཚུལ་གསུངས་པ་སོགས་རྗེས་སུ་དཔྱད་པར་བྱའོ། །

说明: IMG_259

ཀོང་ཙེས་རླུང་རྟ་གསུང་གནས།

  གཞན་ཡང་སྟོན་པ་གཤེན་རབ་ཀྱི་གཙུག་ལག་སྲིད་པའི་བུ་བཞི་ལས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་རླུང་རྟའི་ཆོ་ག་གསུངས་སའི་གནས་ཀྱང་རི་བོ་རྩེ་ལྔ་ཡིན་པར་བཤད། ཀོང་ཙེས་རླུང་རྟ་གསུང་སའི་གནས་རི་དེ་རི་བོ་རྩེ་ལྔའི་རྟེན་གནས་ཀྱི་དགོན་པ་མང་པོ་ཡོད་སའི་ཀུན་འདུལ་གླིང(普华寺)གི་མདུན་ཐད་དུ་དེའུ་འབུར་ཞིག་ཡོད་པ་དེ་ཡིན་པར་མ་ཟད། ད་ལྟའང་ཀུན་གྱིས་རླུང་རྟ་སྒང་ཞེས་འབོད་བཞིན་ཡོད་པ་ལྟར་ན། རི་བོ་རྩེ་ལྔ་ནི་ཆེས་སྔ་དུས་ཤིག་ནས་བོན་དང་འབྲེལ་བ་ཟམ་མོ་ཞིག་ཡོད་པ་ལོ་རྒྱུས་ཀྱི་ཡིག་ཆ་དང་། མེས་པོའི་ངག་རྒྱུན། ཁོར་ཡུག་གི་མིང་དོན་བཅས་ཀྱིས་བདེན་དཔང་བྱེད་ཐུབ། ཅེས་སྨར་བསྟན་འཛིན་རྣམ་རྒྱལ་གྱིས་བརྩམས་པའི«དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད»བཀླགས་ཚོར། ཞེས་ཧི་མ་ལ་ཡའི་དྲྭ་ཐོག་ནས་བཤུས་སོ། །

རྒྱ་ནག་མཁས་པ་ལེགས་ཏང་རྨང་པོའི་རི་བོ་རྩེ་ལྔར་རྗེས་བཞག་སྐོར་བསྟན་པ།

说明: 45942469b64807eebcb2913f06f382e说明: 21ae9c91c0bc66d3dbe187facfe127c

རྒྱ་ནག་ལེགས་ཏང་རྨང་པོ།

  གཉིས། བོན་གྱི་འཛམ་གླིང་མཁས་པ་རྒྱན་དྲུག་དང་རིག་འཛིན་ལོ་པཎ་གཤེན་དགུའི21ནང་ཚན་རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ་ཞེས་བྱ་བ་དེ་ཉིད་རྒྱ་ཡུལ་ཏི་ཤོ་ཁྲི་སྒོ་ཞེས་པར་ཡབ་རྒྱ་རྗེ་ཙི་ན་ཐང་ཆུ་དང་ཡུམ་ཅོའུ་འུན་ཤིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མུ་ཆོ་ལྡེམ་དྲུག་ལས་གསང་སྔགས་ཀྱི་བོན༌དང་། རྫོགས་ཆེན་ཀྱི་བོན་སྡེ་མང་དུ་གསན་ནས་རྒྱ་ནག་རི་བོ་རྩེ་ལྔ་ན་ལྗོན་པ་ཨ་དཀར་རུ་ཡི་ཁང་བཟང་ནང་དུ་གསང་སྔགས་ཀྱི་བོན་རྣམས་ཉམས་ལེན་མཛད། ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའམ་འཇམ་པའི་དབྱངས་ཀྱི་གནས་རིར་མངའ་གསོལ། རྒྱ་ནག་གི་ཡུལ་དུ་བོན་བསྟན་སྤེལ་བར་མཛད། རྒྱའི་གང་བུ་དམར་རུ་གསང་སེམས་སྙིང་པོའི་སྐོར་ལ་ཉམས་ལེན་མཛད་པས་མཆོག་གི་དངོས་གྲུབ་བརྙེས། ལེགས་ཏང་རྨང་པོས་རྒྱ་ནག་གི་གཤེན་པོ་གཙུག་ལག་དཔལ་གེ་སོགས་རྒྱ་ནག་རི་བོ་རྩེ་ལྔའི་རྒྱ་ནག་གི་བོན་པོ་རྣམས་ལ་གསོ་དཔྱད་སྨན་གྱི་རིག་པ་དང་གསང་སྔགས་སོགས་བོན་སྡེ་མང་པོ་བཤད་དེ་རྒྱ་ནག་ཡུལ་དུ་དར་བ་ནི། དྲན་པ་བཀའ་ཐང་ལས། རྒྱ་ནག་ཡུལ་གྱི་རི་བོ་རྩེ་ལྔ་ན༔ ལྗོན་པའི་ཨ་ཀ་རུ་ཡི་ཁང་བཟང་ནང༔ རྒྱ་ནག་མཁས་པ་ལེགས་ཏང་རྨང་བོ་ཉིད༔ རྩིས་དཔྱད་བོན་གྱི་རྒྱུད་སྡེ་ཐམས་ཅད་སྟོན༔ གྲུབ་པའི་དབང་ཐོབ་ཉམས་སྐྱོངས་ཏིང་འཛིན་གྱིས༔ བར་སྣང་སྤྲིན་གསེབ་སེང་གེ་ཆིབས་ནས་བྱོན༔ ངོ་མཚར་རྟགས་བསྟན་རྒྱ་བོན་དབུས་ནས་འགྱིང་༔ གསང་བའི་བོན་སྡེ་བསྟན་ཞིང་མཆོག་གྲུབ་པ༔ དྲན་པ་ནམ་མཁའ་སྔགས་ཀྱི་དོན་ལ་ཞུགས༔ གསང་སྤྱོད་ཚུལ་གྱིས་སྔགས་ཀྱི་བདག་ཉིད་མཛད༔22 ཞེས་དང་། མ་རྒྱུད་ཕྱག་མཆོད་ལས། རི་བོ་རྩེ་ལྔའི་རྩེ་མོ་ན། ཨ་ཀ་རུ་ཡི་གསས་ཁང་ན།

  རྒྱ་ནག་ལེགས་ཏང་རྨང་པོ་ཞེས། ཁྲི་ཡི་སྟེང་གནས་བོན་སྡེ་འཆད། གསོ་དཔྱད་སྨན་གྱི་རིག་པ་སྐྱོངས། སེང་གེ་ཆིབས་ནས་སྤྲིན་གསེབ་གནས། རྒྱ་བོན་མཆོད་པའི་དབུས་ན་བཞུགས། ཉམས་དགའ་སྐྱོང་མཛད་ཁྱོད་ཕྱག་འཚལ། །23ཞེས་པའི་རི་བོ་རྩེ་ལྔ་ན་ལྗོན་པ་ཨ་དཀར་རུ་ཡི་ཁང་བཟང་ཞེས་པ་དེ་ནི་རི་བོ་རྩེ་ལྔའི་ནུབ་ཕྱོགས་ཨ་པ་ར་ཡི་རི་རྩེ་དེ་ཡིན་པར་བཞེད་པ་ཡང་ཡོད། གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ་ལས། རྒྱ་ནག་རི་བོ་རྩེ་ལྔ་ན་ལྗོན་པ་ཨ་དཀར་རུ་ཡི་ཁང་བཟང་ནང་དུ་གསང་སྔགས་ཀྱི་བོན་རྣམས་ཉམས་ལེན་མཛད། ལྷག་པར་དུ་ཤེས་རབ་སྨྲ་བའི་སེང་གེའི་སྐོར་ཉམས་ལེན་མཛད། གནས་དེ་ཤེས་རབ་ལྷ་མཆོག་འཇམ་པའི་དབྱངས་ཀྱི་གནས་རིར་མངའ་གསོལ། སྐར་རྩིས་ཀྱི་སྐོར་དང་སྨན་གྱི་སྐོར། དཔྱད་ཀྱི་སྐོར། གསང་སྔགས་ཀྱི་སྐོར། རིག་གནས་ཀྱི་སྐོར་རྩོམ་ཞིང་རྒྱ་ནག་གི་བོན་པོ་དང༌། རི་བོ་རྩེ་ལྔར་གནས་པའི་ཧྭ་ཤང་རྣམས་ལ་འཆད། ཤེས་རབ་ལྷ་མཆོག་ལན་མང་བསྒྲུབས། ཤེས་རབ་སྨྲ་སེང་ངམ་འཇམ་དཔལ་སྨྲ་བའི་སེང་གེའི་ཞལ་མཇལ། གཟུགས་སྐུ་འཇམ་དཔལ་སྨྲ་བའི་སེང་གེ་སྐུར་གྱུར་ནས་བར་སྣང་སྤྲིན་གསེབ་དུ་སེང་གེ་ལ་བཅིབས་ནས་བྱོན། ཕྱག་ན་རལ་གྲི་དང་ཨུཏྤལ་གྱི་སྟེང་དུ་པོ་ཏི་འཆང༌། རེས་འགའ་ཚུལ་གོས་རྣམ་གསུམ་མནབ་ཅིང་སེང་གེར་ཞོན། ཕྱག་ན་པོ་ཏི་འཛིན། དེང་སང་རྒྱ་ནག་གི་འཇམ་དབྱངས་སེང་ཞོན་ཅན་ནི་རྒྱ་ནག་ལེགས་བཏང་རྨང་པོ་སྐུའི་སྤྲུལ་པ་ཡིན་པར་གྲགས། རི་བོ་རྩེ་ལྔར་ངོ་མཚར་བའི་བཀའ་རྟགས་མང་དུ་བཞག རྒྱ་ནག་གི་ཡུལ་དུ་བོན་བསྟན་སྤེལ་བའི་སྐྱེས་མཆོག་དམ་པ་འདི་ནི་སྨྲ་བའི་སེང་གེ་དང་སྐུ་གཉིས་སུ་མེད་པར་གྱུར། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་མཛད་ཅེས་ཐུགས་བསྐྱེད་སྨོན་ཚིག་བཅས་རི་བོ་རྩེ་ལྔ་ལ་གནས་པར་མཛད། གནས་དེ་ལ་ལེགས་བཏང་རྨང་པོའི་བསྙེན་པ་འདོན་ན་ཤེས་རབ་མེ་ལྟར་འབར་བར་བཤད་དོ། །ལེགས་བཏང་རྨང་པོ་བཞུགས་སྐབས་རྒྱ་ནག་གི་ལོ་པཎ་འབུམ་ཕྲག་བྱུང་བར་བཞིན་མ་འོངས་པའི་དུས་ན་རི་བོ་རྩེ་ལྔར་བོན་གྱི་གྲུབ་མཐའ་འཛིན་པའི་གྲུབ་ཐོབ་བརྒྱ་རྩ་འབྱུང་བ་མ་འོངས་ལུང་བསྟན་མང་པོ་ལས་གསལ་ལོ་ཞེས་གཏེར་སྟོན་ཐུགས་གླིང་རིན་པོ་ཆེས་གསུངས་སོ། །24

ཁོད་སྤུངས་དྲན་པ་ནམ་མཁའི་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ།

说明: 199e416d4d097187c3b6a62252fa656

说明: ebfc81306933226a57e368484806a4a
དྲན་པ་ནམ་མཁའ།

  གསུམ། ཁོད་སྤུངས་དྲན་པ་ནམ་མཁའ་ཞང་ཞུང་ཡུལ་དུ་བསྟན་པ་སྤེལ་བའི་ཕྲིན་ལས་འགྲུབ་རྗེས་སུ་རྒྱ་ནག་རི་བོ་རྩེ་ལྔར་གཤེགས། རྒྱ་ནག་གི་མཁས་པ་ལེགས་ཏང་རྨང་པོའི་མདུན་དུ་བྱོན་ནས་གདམས་པ་ཟབ་མོ་ཞུས་པའི་ཚེ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོས་དྲན་པ་ནམ་མཁའ་ལ་བསྟོད་བསྔགས་དང་བཅས་དབལ་ཆེན་འབུམ་པ་བྱེ་བ་དང་། གཙུག་ལག་གབ་རྩེ་རྩིས་ཀྱི་རྒྱུད་རྣམས་གསུངས། དྲན་པ་ནམ་མཁའ་རི་བོ་རྩེ་ལྔའི་གནས་སུ་དཔོན་གསས་གསུང་རྣམས་མ་ལུས་ཐུགས་སུ་ལེན་པས་མཁས་གྲུབ་གཉིས་ཀྱི་ཡོན་ཏན་ལྡན་པར་གྱུར། དྲན་པ་ནམ་མཁའི་རྣམ་སྤྲུལ་དྲན་པ་མཚན་བརྒྱད་ཀྱི་ནང་ཚན་གཡུང་དྲུང་འོད་ཆེན་དེ་ཉིད་ཡང་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པའི་ལོ་རྒྱུས་ཡོད་དེ། སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པ་ཡན་མན་ལ་རུས་རྒྱུད་སྡང་ངམ་ལྡོང་ལ་སྐུ་འཁྲུངས་པའི་རིག་འཛིན་དམུ་ཚ་གྱེར་མེད་ཀྱིས་མཛད་ཅིང་དུས་རབས་བཅུ་བཞིའི་ནང་དུ་བྱོན་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་པའི《གྱེར་སྤུངས་མཚན་བརྒྱད་ཀྱི་གསོལ་འདེབས》ལས། གནས་རྒྱ་ནག་ཡུལ་གྱི་བྱང་ཤར་གྱི། །པྲ་ཕུད་རྩེ་ལྔའི་རི་བོ་ན། །གྱེར་སྤུངས་དྲན་པ་ནམ་མཁའ་ཞེས། །གཡུང་དྲུང་འོད་ཆེན་ཞེས་སུ་གྲགས། །རྒྱ་ནག་རིག་འཛིན་འཁོར་དང་བཅས།25 ཞེས་དང་། དཔལ་ཚུལ་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས། རྒྱ་ནག་བྱང་ཤར་པྲ་ཕུད་རྩེ་ལྔའི་གནས། །རིག་འཛིན་རྒྱལ་པོ་གཡུང་དྲུང་འོད་ཆེན་མཚན། །26 ཞེས་པའི་གཡུང་དྲུང་འོད་ཆེན་དུ་གྲགས་པའི་རིག་འཛིན་དེ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་མྱོང་བར་མ་ཟད། རྒྱ་ནག་གི་སློབ་མ་མང་པོ་བསྐྱངས་པས་རྒྱ་ནག་ཏུ་འཁོར་རིག་པ་འཛིན་པའི་སྐྱེས་བུ་མང་པོ་བྱོན་ཡོད་པར་བསྟན་ཐུབ། སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ»ལས《གྱེར་སྤུངས་མཚན་བརྒྱད་ཀྱི་གསོལ་འདེབས》རིགས་མི་འདྲ་བ་གཉིས་གསུམ་ཙམ་འདུག་པའི་ནང་དུ་རྒྱ་ནག་རིག་འཛིན་འཁོར་དང་བཅས། ཞེས་དང་། རྒྱ་ནག་རིག་འཛིན་འབུམ་དང་བཅས། ཞེས་མི་འདྲ་བ་ཙམ་ལས་ཁྱད་པར་མེད། གང་ལྟར་ཡང་གཡུང་དྲུང་འོད་ཆེན་ལ་རྒྱ་ནག་གི་སློབ་མ་མང་པོ་ཡོད་པར་བསྟན་ཡོད།

  དེ་ལས་གཞན་པའི་བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་སྐབས་དྲན་པ་ནམ་མཁས་བོན་སྡེ་འགའ་རི་བོ་རྩེ་ལྔའི་གནས་སུ་གཏེར་ལ་སྦས་ཡོད་དེ། དྲན་པ་བཀའ་ཐང་ལས། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་བྱོན༔ བྲག་རི་སོར་མོ་གྱེན་དུ་སློང་འདྲ་བའི༔ གསང་བའི་ཕུག་པ་གཟའ་སྐར་བཀྲ་ལྟར་བཞུགས༔ རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་འདུ་བ་མཛད༔ སྨན་རྩིས་རྣམ་འབྱེད་རྒྱུད་ཆེན་མདོ་སྡེ་སོགས༔ གསང་བའི་གཏེར་ཀ་ཆ་གཅིག་གཏེད་དུ་སྦས༔ མི་འཆོལ་རལ་གྲི་རྒྱ་གྲམ་རྒྱ་ཡིས་བཏབ༔ གཏེར་སྲུང་ཞང་བློན་དྲེགས་བར་བཅོལ་ཏེ་སྲུང་༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་སྨོན༔ བསྟན་པ་དར་རྒྱས་ཁྱབ་པར་འབྱུང་ངོ་གསུངས༔27 ཞེས་གསལ་བར་བསྟན་ཡོད། སྨར་བསྟན་འཛིན་རྣམ་རྒྱལ་གྱིས《རི་བོ་རྩེ་ལྔའི་དཀར་ཆག་རབ་གསལ་མེ་ལོང》ཚོར་སྣང་ཞེས་པ་ལས། ཞེས་པའི་གཡུང་དྲུང་འོད་ཆེན་དུ་གྲགས་པའི་རིག་འཛིན་དེ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་མྱོང་བར་མ་ཟད། ཀྲོའུ་རྒྱལ་རབས་ཀྱི་སྐབས་སུ་རི་བོ་རྩེ་ལྔའི་གནས་དེར་འཇའ་གུར་ནང་དུ་གཞོན་ནུ་སྐྲ་ཟུར་ཕུད་ལྔ་བཅིངས་ཤིང་གོས་དཀར་གྱོན་པ་ཞིག་མཆོག་དམན་ཀུན་གྱིས་ཡང་ཡང་མཐོང་བར་བུའུ་ཅཱས་ཐུང་ཙི(五吉童子)སྟེ་གཞོན་ནུ་ཟུར་ཕུད་ལྔ་བ་དང་། ཡང་ལ་ལས་པེའ་ཡེས་ཞན(百衣仙)ཏེ་དྲང་སྲོང་གོས་དཀར་ཅན་ཞེས་འབོད་བཞིན་ཀུན་གྱིས་མཆོད་བསྟོད་བྱས་ཤིང་། ཀྲོའུ་རྒྱལ་པོ་མོའུ་བང(周穆王)གིས་ཀྱང་ལྷ་ཁང་བཞེངས་ཏེ་གཞོན་ནུ་དེའི་སྐུ་བརྙན་ལ་མཆོད་པ་བྱས་པའི་ལོ་རྒྱུས་ཤིག་བྱུང་མྱོང་ཡོད་པས་བོན་ལུགས་སུ་གཞོན་ནུ་ཟུར་ཕུད་ལྔ་པ་དེ་ནི་གྱེར་སྤུངས་དྲན་པའི་སྤྲུལ་པ་གཡུང་དྲུང་འོད་ཆེན་ཞེས་པ་ཡིན་པའི་ཤོད་ཚུལ་དེ་ད་དུང་མ་ཉམས་པ་ཡོད་པ་དང་། དེ་གཉིས་རི་བོ་རྩེ་ལྔར་བྱོན་པའི་དུས་ཚིགས་དང་། རིག་འཛིན་དེ་གཉིས་ཀྱི་རྣམ་པ། ཡོན་ཏན་སོགས་གང་གི་ཆ་ནས་རིགས་མཚུངས་སུ་གནས་པ་དེས་ཀྱང་ངེས་ཤེས་སྐྱེད་ཐུབ་པར་སྙམ། ཞེས་གསུངས་སོ། །

མཁའ་འགྲོ་མ་ཧཱ་ཉི་འོད་ཀྱི་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ།

  བཞི། དྲན་པ་བཀའ་ཐང་ལྟར་ན། སྤྱི་ལོའི་སྔོན༩༡༤ལོར་སྐུ་འཁྲུངས་པའི་གྱེར་སྤུངས་དྲན་པ་ནམ་མཁའ་དང་དུས་མཉམ་སུ། རྒྱ་ནག་པྲ་ཕུད་རི་བོ་རྩེ་ལྔའི་གྲོང་ཁྱེར་འབུམ་ཕྲག་དུ་མ་བདལ་བའི་དབུས། པད་ཅན་ཕོ་བྲང་ཤེལ་གྱི་འོད་འབར་ནང་། རྒྱ་ནག་རྒྱལ་པོ་འཇམ་དཔལ་གོང་ན་འཕྲུལ། ཇི་ཡག་ཡིག་ཚངས་ཅན་གྱི་བདག་ཉིད་ཆེ་བ་འཕྲུལ་རྒྱལ་དབང་ཡིག་རྒྱལ་པོའི་བཙུན་མོ་ཀུན་ཡ་མོ་བཙུན་བཟང་མོ་ལ་རྒྱ་ནག་གི་མཁའ་འགྲོ་མ་ཧ་ཉི་འོད་དེ་ཉིད་སྐུ་འཁྲུངས། ཁོང་མོ་མཚན་རྟགས་གཞན་གྱིས་འགྲན་ཟླ་དང་བྲལ་ཞིང་འོད་ལྔ་རང་བཞིན་དང་ལྡན་པ། ངོ་མཚར་གསང་བའི་དོན་ཚང་ཞིང་ཤེས་རབ་གསལ་བ་ཡིན་པར་གྲགས། ཁོང་མོ་དྲན་པ་ནམ་མཁའི་གསང་སྔགས་སྒྲུབ་པའི་གྲོགས་སུ་གྱུར་ཏེ། དྲན་པ་ནམ་མཁའི་མདུན་ནས་མ་ཧ་ཙི་ནའི་ཡུལ་དུ་དར་བའི་རྩིས་ཀྱི་རིག་གནས་ཁ་ཚང་བསླབ། གསང་སྔགས་བོན་རྣམས་གསན་རྗེས་རྒྱ་ནག་རི་བོ་རྩེ་ལྔའི་མོས་ལྡན་སློབ་མ་རྣམས་ལ་སྤེལ། དྲན་པ་ནམ་མཁས་ལུང་བསྟན་ཏེ། མཁའ་འགྲོ་མ་ཧཱ་ཉི་འོད་ཁྱོད་ཉིད་ནི་རྒྱ་ནག་རི་བོ་རྩེ་ལྔའི་གནས་སུ་བཞུགས་ཤིང་འཇམ་དཔལ་གཤིན་རྗེ་གསང་སྔགས་ཀྱི་གསང་དོན་རྣམས་སྒྲུབས་ཤིང་མི་གཡོ་དོན་ལ་སྒོམས་པ་དང་། འགྲོ་དོན་ཡོངས་སུ་སྐྱོངས་ཤིང་རྒྱ་ནག་གི་འགྲོ་དོན་འཕྲིན་ལས་མཐར་ཕྱིན་གྲུབ་པར་མཛོད་ཅེས་དྲན་པའི་བཀའ་ཐང་དུ་གསལ་ལོ། །28

མཁའ་འགྲོ་རིན་ཆེན་དཔལ་མཛེས་མའི་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ།

  ལྔ། དྲན་པ་བཀའ་ཐང་ལྟར་ན། སྤྱི་ལོའི་སྔོན༩༡༤ལོར་སྐུ་འཁྲུངས་པའི་གྱེར་སྤུངས་དྲན་པ་ནམ་མཁའ་དང་དུས་མཉམ་སུ། རོང་སྨན་རིན་ཆེན་དཔལ་མཛེས་མ་ཞེས་བྱ་བ་བྱོན་པ་དེ་སྐུ་མདོག་དཀར་གསལ་དར་ཟབ་མེ་ཏོག་བརྒྱན་ཞིང་། རིན་ཆེན་གཏེར་བཟེད་ཞལ་བུ་བཅུད་ལྡན་ཐོགས་ཤིང་མཐིང་རྟ་སྔོན་མོ་ཞོན་ནས་དྲན་པ་ནམ་མཁའི་མདུན་དུ་ཕྱིན། དྲན་པ་ནམ་མཁའི་གསང་སྔགས་སྒྲུབ་པའི་གྲོགས་ཀྱི་ཚུལ་དུ་བཞེས། ཁོང་མོ་དྲན་པ་ནམ་མཁའི་མདུན་དུ་གསང་བ་སྔགས་ཀྱི་བོན་རྣམས་དང་པོ་རང་གིས་ཉན་རྗེས་གཞན་ལ་བཤད་པར་མཛད། དྲན་པ་ནམ་མཁའི་གསུང་ཚུལ་བཞིན་བསྒྲུབས་ཤིང་དོན་རྟོགས་པ་དང་། རང་རྒྱུད་སྨིན་ཞིང་གྲུབ་པ་ཐོབ་པ་དང་། གཞན་རྒྱུད་གྲོལ་བའི་ཐབས་ལ་མཁས་པར་བྱུང་། དེ་ནས་རྒྱ་ནག་རི་བོ་རྩེ་ལྔའི་གནས་སུ་བྱོན། གསང་ཕུག་ནོར་བུ་འབར་བའི་ནང་དུ་བཞུགས་ནས། དགོངས་པ་གཡོ་མེད་ནམ་མཁའ་སྤྲིན་བྲལ་ལྟར་གནས། གནས་དེར་རྒྱ་འདྲེ་རྨོངས་པའི་རིགས་རྣམས་བཏུལ་བའི་གྲོགས་བྱེད། དཀར་ནག་རྩིས་ཀྱི་རིག་གནས་ལ་བརྩོན་པ་བྱེད་པ་དང་། ལེགས་ཉེས་བླང་དོར་དོན་ལ་གོ་བ་ཉུང་བའི་ཀླ་ཀློའི་རིགས་རྣམས་དབང་དུ་བསྡུ། འཇམ་དཔལ་སྨྲ་སེང་ཞལ་མཇལ་བ་སོགས་གྲུབ་རྟགས་དུ་མ་དང་ལྡན་པར་གྲགས།29

འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ།

འགྲོ་མགོན་ཚེ་དབང་རིག་འཛིན།

  དྲུག འགྲོ་མགོན་ཚེ་དབང་རིག་འཛིན་མོན་ཡུལ་དུ་འགྲོ་དོན་མཐར་ཕྱིན་རྗེས་སུ་རྒྱ་ནག་རི་བོར་རྩེ་ལྔ། ཀོང་ཙེ་འཕྲུལ་རྒྱལ་གྱིས་རྩིས་ཀྱི་བསྟན་པ་འཛུག་པའི་སར་ཕེབས་ནས། རྒྱ་ནག་ལེགས་ཏང་རྨང་པོའམ་འཕགས་པ་འཇམ་དབྱངས་དུས་ཀྱི་འཁོར་ལོའི་མདུན་དུ་གུས་པས་བཅས་ཅི་ཡང་རྩིས་ཀྱི་ཤེས་རབ་ལ་བསླབ་ཅིང་སྤྱོད་པའི་ཕྱིར། རྒྱ་ནག་གི་ལོ་ས་ཉིན་མཁའ་ནས་དོག་མོ་ས་ལ་བྱོན། རི་བོ་རྩེ་ལྔའི་མི་རྣམས་ཀུན་གྱིས་མཆོག་གསོལ་བྱེད་ཅིང་གནམ་ལྷ་བྱོན་ནོ་ཟེར་ནས་བསྟོད་བསྔགས་ཕུལ། རྒྱ་ནག་གི་རྒྱལ་སར་འཛིན་ཞིང་རྒྱ་ཡི་ཡིག་ཚངས་བླང་། ཀོང་ཙེའི་དུས་སུ་གསུང་བའི་དུས་འཛིན་དུས་བསྒྱུར་སོགས་རྩིས་ཀྱི་གླེགས་བམ་བརྒྱ་རྩ་སྤེལ་བ་དང་། བསྒྱུར་བ། གནད་དོན་བཀྲོལ་བར་མཛད། གང་གྷའི་ཆུ་རྒྱུད་རིན་ཆེན་གསེར་ཁང་བཞེངས། རྒྱ་ནག་གོང་མའི་རྒྱལ་པོ་དང་བློན་པོ། མི་དམངས་ཐམས་ཅད་རྩིས་ཀྱིས་འདུལ་བར་མཛོད། རྒྱ་ནག་རྩིས་ཀྱི་བསྟན་པ་ནུབ་པར་མེད་པའི་སྨོན་ལམ་བཀའ་གདམས་ཐོབས། ཚེ་དབང་རྒྱ་རྩིས་འཕྲུལ་འགྱེད་ཅེས་སུ་གྲགས་ཞེས་དྲན་པ་ནམ་མཁའི་རྣམ་ཐར་ལས། དེ་ནས་རྒྱ་ནག་རི་བོར་རྩེ་ལྔར་བྱོན༔ ཀོང་ཙེས་རྩིས་ཀྱི་བསྟན་པ་འཛུག་པའི་ས༔ འཕགས་པ་འཇམ་དབྱངས་དུས་ཀྱི་འཁོར་ལོའི་མདུན༔ གུས་པས་ཅི་ཡང་རྩིས་ཀྱི་ཤེས་རབ་སྤྱོད༔ རྒྱ་ཡི་ལོ་སར་མཁའ་ནས་དོག་ལ་བྱོན༔ ཀུན་གྱིས་མཆོག་གསོལ་གནམ་ལྷ་བྱོན་ནོ་ཟེར༔ རྒྱ་ནག་རྒྱལ་སར་འཛིན་ཞིང་ཡིག་ཚངས་བླང་༔ ཀོང་ཙེའི་དུས་བདག་དུས་འཛིན་དུས་བསྒྱུར་སོགས༔ རྩིས་ཀྱི་གླེགས་བམ་བརྒྱ་རྩ་སྤེལ་བསྒྱུར་བཀྲོལ༔ གང་གྷའི་ཆུ་རྒྱུད་རིན་ཆེན་གསེར་ཁང་བཞེངས༔ གོང་མ་རྒྱལ་བློན་རྩིས་ཀྱིས་འདུལ་བར་མཛོད༔ ནུབ་པར་མེད་པའི་སྨོན་ལམ་བཀའ་གདམས་ཐོབས༔ ཚེ་དབང་རྒྱ་རྩིས་འཕྲུལ་འགྱེད་ཅེས་སུ་གྲགས༔30 ཞེས་དང་། འཆི་མེད་རིག་འཛིན་ཆེན་པོའི་རྣམ་ཐར་ལས༔ རི་བོ་རྩེ་ལྔར་འགྲོ་དོན་མཛད་ཚུལ་ནི༔ སངས་རྒྱས་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས༔ མི་མཇེད་འཛམ་གླིང་བསྟན་པའི་རྗེས་བཞག་མཛད༔ རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས༔ བསྟན་པ་རིན་ཆེན་ཞབས་ནས་འདེགས་མཁས་པས༔ མཐའ་ཡི་རྒྱ་མཚོ་ཆེན་པོའི་དབུས་དཀྱིལ་དུ༔ དཀར་ནག་བཀྲ་གསལ་རྒྱ་མཚོ་གླིང་ཐོག་འབར༔ བརྒྱད་ཁྲི་བཞི་སྟོང་བཀའ་ཡི་གླེགས་བམ་སྤེལ༔ དེ་ཡི་ཡུལ་ཕྱོགས་རི་བོ་རྩེ་ལྔ་ཞེས༔ ཀོང་ཙེའི་རྩིས་ཀྱི་བསྟན་པ་འཛུགས་པའི་གནས༔ བདེར་གཤེགས་རིགས་ལྔ་བཀོད་པའི་ཞིང་ཁམས་ཆེ༔ ས་གཞི་པདྨ་འདབ་བརྒྱད་མཛེས་པའི་ཚུལ༔ གནམ་ནི་གསེར་གྱི་འཁོར་ལོ་རྩིབས་བརྒྱད་འཁོར༔ གནམ་ས་ཉི་ཟླ་གའུ་ཁ་སྦྱོར་འདྲ༔ དེ་དཀྱིལ་རི་རྒྱལ་ལྷུན་འཐུག་རྩེ་མོ་ལྔ༔ གངས་རི་དཀར་པོ་མདུང་དར་ཕྱར་བ་འདྲ༔ སྨྲ་སེང་རིགས་ལྔ་སྤྲུལ་པའི་ཞིང་ཆེན་པོ༔ འཕགས་པ་འཇམ་དབྱངས་དུས་ཀྱི་འཁོར་ལོ་བཞུགས༔ དཀར་ནག་རྩིས་ཀྱི་བསྟན་པ་དར་བའི་ཕྱིར༔ འཆི་མེད་ཚེ་དབང་རིག་འཛིན་ཆེན་པོ་ནི༔ སྤྱན་སྔར་བྱོན་ནས་འདི་སྐད་ཞུ་བ་འབུལ༔ ཀྱཻ༔ སྟོན་པ་རིགས་མཆོག་སངས་རྒྱས་གསེར་གྱི་མདོག༔ འཕགས་པ་ཆེན་པོ་གཞན་གྱིས་མི་ཐུབ་རྗེ༔ དུས་ཀྱི་དཀྱིལ་འཁོར་གཙོ་མཆོག་རིགས་སྒྲ་སྒྲོགས༔ གང་གིས་འགྲན་བྲལ་རྗེ་ལ་ཕྱག་འཚལ་བསྟོད༔ བདག་ནི་གདུལ་དཀའ་འཛམ་གླིང་ཞིང་ཡུལ་ལ༔ སྨིན་གྲོལ་ཕྲིན་ལས་ཕྱོགས་སུ་བགྲོད་ཚུལ་སོགས༔ ཉིད་ནི་མངོན་ཤེས་མཁྱེན་པའི་བདག་ཉིད་རྗེ༔ མ་བསྒྲིབས་ས་ལེ་ཐུགས་ལ་མངའ་བཞིན་དུ༔ ཡོངས་སུ་ཞུ་བ་ངེས་པར་དགོས་མི་ནུས༔ བདག་ལ་མངོན་ཤེས་དུས་ཀྱི་ཚོད་འཛིན་དང་༔ ཆགས་གནས་འཇིགས་སྟོང་རྩིས་བཟུང་འཁོར་ལོ་སོགས༔ བདག་ལ་བཀའ་ཡིས་གནང་བར་བསྩལ་དུ་གསོལ༔ ཞེས་ཞུས་རིགས་ཀྱི་མཆོག་དེས་འདི་སྐད་གསུངས༔ ཀྱཻ༔ བདེར་གཤེགས་གདུང་སོབ་བསྟན་པའི་སྒྲོན་མེ་ཆེ༔ གདུལ་དཀའ་སེམས་ཅན་ཐུགས་རྗེས་འདུལ་མཛད་པའི༔ སྐྱེས་མཆོག་འཆི་མེད་ཚེ་དབང་རིག་འཛིན་རྗེ༔ ཞུས་པའི་དོན་རྣམས་བདག་གིས་ཡོངས་སུ་བསྩལ༔ མ་ཧཱ་ཙི་ནའི་སྐད་དུ་སྒྲ་བསྒྱུར་དགོས༔ བསྐལ་སྲིད་ཆགས་འཇིག་དགེ་སྡིག་རྒྱུ་འབྲས་དང༔ ལོ་ཟླ་ཞག་དང་དུས་ཚོད་ངེས་བཟུང་དང༔ ཀུན་རྫོབ་དོན་དམ་དཀར་ནག་བསམ་སྦྱོར་སོགས༔ ཕྱི་ནང་གསང་བའི་གདམས་པ་མང་དུ་གནང༔ དེ་ནས་རྒྱ་ནག་ཝུ་དན་ཤན་ལ་བྱོན༔ རྒྱ་ནག་ལོ་སར་དུས་ཀྱི་ལྷ་མཆོད་ཉིན༔ ནམ་མཁའི་ཁམས་ནས་ས་ལ་ཤེད་ཀྱིས་བབས༔ ཀུན་གྱིས་གནམ་ལྷ་བྱོན་ཟེར་མཆོད་གསོལ་བྱེད༔ ཤོག་ཤོག་དོང་ཙེ་སྤོས་དང་མར་མེ་ཕུལ༔ ཞུགས་ཤམ་ཅིང་དད་ཏམ་བུ་སྒོང་རྩེད་ཅེས༔ གླིང་བུ་རྫ་རྔ་གཡེར་ཁ་བསིལ་སྙན་སོགས༔ རྒྱ་རྫས་མཆོད་པའི་ཡོ་བྱད་སྣ་ཚོགས་སྟོབས༔ རྒྱ་རྩིས་གོ་འབྱེད་སྐྱེས་བུ་ཞིག་སྤྲུལ་ནས༔ ཕྱག་ན་གླེགས་བམ་འཛིན་ཞིང་རྒྱ་ཆས་བརྗིད༔ མི་དབང་མངའ་བདག་རྒྱལ་བློན་འཁོར་བཅས་དྲུང༔ མ་ཧ་ཙི་ནའི་སྒྲ་སྒྲོགས་རྩིས་སུ་བསྟན༔ ཀུན་གྱིས་ངོ་མཚར་སྐྱེས་ནས་དབུ་མཆོད་བཀུར༔ རིན་ཆེན་སྣ་ལྔའི་ཕྲེང་བ་བརྒྱ་རྩ་དང༔ དར་གོས་ཡོ་བྱད་དཔག་ཏུ་མེད་པ་ཕུལ༔ རིན་ཆེན་ཁྲི་བཞག་རྒྱ་ནག་ཡིག་ཚང་དང༔ དཀར་ནག་རྩིས་ཀྱི་བསྟན་པ་རྒྱ་ཆེ་བཙུགས༔ ཚེ་དབང་རྒྱ་རྩིས་འཕྲུལ་འགྱེད་ཅེས་སུ་གྲགས༔ ཀོང་ཙེའི་ཡིག་ཚང་ཐམས་ཅད་ཞལ་ཕྱེས་ནས༔ དུས་བདག་དུས་འཛིན་དུས་བསྒྱུར་ལ་སོགས་པའི༔ རྩིས་ཀྱིས་བསྐང་མདོས་ཟློག་བསྒྱུར་ལས་གཏོར་སོགས༔ སྤེལ་བསྒྱུར་བཀྲོལ་ཏེ་གླེགས་བམ་བརྒྱ་རྩ་བཀོད༔ རི་བོ་རྩེ་ལྔ་གསང་ཆུ་གང་གྷའི་རྒྱུད༔ རིན་ཆེན་གསེར་གྱི་ཁང་བཟང་རྒྱ་ཆེ་བརྩེགས༔ གླེགས་བམ་ཐམས་ཅད་བྲག་རི་བཞིན་དུ་བཀྲམ༔ ཞིང་ཁམས་སྐྱེ་འགྲོ་རྩིས་ཀྱིས་འདུལ་བར་མཛད༔ ཕྱི་ནང་གབ་རྩིས་གའུ་ཁ་སྦྱོར་བསྡེབ༔ གོང་མ་རྒྱལ་ལ་བཀའ་གཏད་བསྟན་སྲོལ་གཏོད༔ རྟེན་འབྲེལ་རྩིས་ཀྱི་བསྟན་པ་རྒྱས་པར་མཛད༔ ལྷ་ཀླུ་མི་ཡི་སྐྱེ་འགྲོ་ཐམས་ཅད་མགུ༔ གདུལ་བྱ་སེམས་ཅན་ཐུགས་རྗེ་ཐབས་ཀྱིས་སྐྱོང༔ མ་འོངས་དུས་དང་གནས་སྐབས་ཐམས་ཅད་དུ༔ དཀར་ནག་རྩིས་དང་རྒྱུ་འབྲས་བདེན་པའི་བོན༔ ནུབ་པ་མེད་པའི་བཀའ་གདམས་སྨོན་ལམ་བཏབ༔ ཧ་ཤང་རྒྱལ་བོན་བསྟན་པའི་སྲོལ་ཆེན་འཛིན༔ དགེ་སྡིག་ཤན་འབྱེད་བླང་དོར་གོ་འབྱེད་མཛད༔ རྒྱ་ནག་གླིང་མཆོག་གསེར་གྱི་རི་བོ་བརྒྱད༔ དངུལ་གྱི་རི་བརྒྱད་དུང་དང་བྱེ་རུའི་ཐང༔ ཁབ་ལེན་རྡོ་རྗེ་ལྕགས་རི་གཡུ་ཡི་ཁྲ༔ རིན་ཆེན་ནོར་བུ་ཤེལ་གྱི་ཁང་བའི་ནང༔ ཀོང་ཙེའི་ཕྱག་བྲིས་གསེར་གྱི་ཁམས་བརྒྱད་ཀྱི༔ གླེགས་བམ་བཅུ་དྲུག་རྒྱན་དུ་བགྲངས་ནས་སུ༔ གཡུང་དྲུང་བོན་བསྟན་ནུབ་མེད་རྟག་ཏུ་གནས༔ ཚེ་དཔག་དུས་བཟང་ལོ་སར་དུས་ཀྱི་ཚེ༔ རྒྱུ་ཡི་མཆོད་པའི་ཡུལ་དུ་ལན་རེ་བྱོན༔ ལས་ཅན་ཀུན་གྱིས་མཇལ་བར་ཞལ་གྱིས་བཞེས༔31 ཞེས་སོགས་རྒྱ་ཆེར་གསུངས་སོ། །

རྒྱ་གཤེན་དོད་དེ་རྒྱལ་ལྕམ་གྱི་རི་བོ་རྩེ་ལྔ་ལ་རྗེས་བཞག་བསྟན་པ།

གྲུབ་ཐོབ་དོད་དེ་རྒྱ་ལྕམ།

  བདུན། གྲུབ་ཐོབ་དོད་དེ་རྒྱ་ལྕམ་ནི་ཞང་བོད་གྲུབ་ཆེན་བརྒྱད་ཅུ་ལས་གྲུབ་ཐོབ་རྫུ་འཕྲུལ་མ་དགུའི་ནང་ཚན། རི་བོ་རྩེ་ལྔའི་རི་གསེབ་ལ་བཞུགས་ནས་སྒྲུབ་པ་མཛད་ཅིང་ཆུ་རྟ་དང་ཆུ་གླང་ལ་ཁེལ་འགེལ་བ་སོགས་ཀྱི་རྣམ་ཐར་འཛིན། རྒྱ་ཤིང་དཀར་པོའི་བཅུད་འཐུང་ནས་ལོ་ལྔ་ཙམ་ཉམས་ལེན་ལ་བརྩོན། རྒྱ་ནག་གི་མི་དྲེགས་པ་རྣམས་ལ་གཡུང་དྲུང་གི་བོན་འཆད་ཅིང་སྨིན་གྲོལ་གྱི་ས་ལ་བཀོད།32 ཅེས་ཞང་བོད་ལྷ་ཚོགས་ཆེན་པོ་ལས་གསལ་ལོ། །མ་རྒྱུད་ཕྱག་མཆོད་ལས། རྒྱ་ནག་ཡུལ་གྱི་རི་བོ་མཆོག །རྩེ་མོ་33མཚོ་ཡི་ཚལ་གསེབ་ན། །དོད་དེ་རྒྱ་ལྕམ་ཞེས་བྱ་བ། །གསེར་གྱི་རྡོ་རྗེ་བྲག་ལ་བསིར། །རྒྱ་གྲམ་ཞོན་ནས་བྲག་སྟེང་གནས། །ཆུ་གླང་ཆུ་རྟར་ནོར་བུ་འགེལ། །རེས་འགའ་མཚོ་ནང་པད་དཀར་འཛིན། །རྡོ་རྗེ་དཔལ་མོ་ཁྱོད་ཕྱག་འཚལ། །34 ཞེས་དང་། བསྟན་འབྱུང་ཕྱོགས་བསྡུས་ལས། དོད་དེ་རྒྱ་ལྕམ་རྩེ་ལྔའི་རི་གསེབ་གནས། །མཚོ་ནང་པད་འཛིན་ཆུ་རྟ་ཆུ་གླང་འགེལ།35 ཞེས་སོགས་གཞུང་ལུང་མང་པོའི་ནང་དུ་གསུངས་སོ། །

ཧྭ་ཤང་རྒྱ་བོན་གྱི་རི་བོ་རྩེ་ལྔ་ལ་རྗེས་བཞག་སྐོར་བསྟན་པ།

ཧྭ་ཤང་རྒྱ་བོན།

  བརྒྱད། ཧྭ་ཤང་རྒྱ་བོན་ནི་རྒྱ་ནག་རི་བོ་རྩེ་ལྔའི་ཕྱོགས་སུ་སྐུ་བྱོན་ཅིང་། ཆུང་ནས་རྒྱ་ནག་གི་གདོད་མའི་ཆོས་ལ་དད་པ་ཡོད་པས་ལོ་དུ་མ་བསྒྲུབས། དེ་ནས་ཞང་བོད་ཀྱི་ཡུལ་དུ་གྲུབ་ཐོབ་མང་པོར་བཞུགས་པ་ཐོས་ནས་བོད་ཞང་གི་ཡུལ་དུ་ཕེབས། གྲུབ་ཐོབ་མང་པོའི་ཞབས་པད་སྤྱི་བོར་གཞེར་ནས་གསང་སྔགས་ཀྱི་བོན་སྒོ་སྣ་ཚོགས་གསན། ཁྱད་པར་སྙན་བརྒྱུད་སྐོར་དང་རྫོགས་ཆེན་སེམས་སྨད་སྡེ་དགུ། གབ་པ་དགུ་སྐོར་སོགས་རྒྱུད་སྡེ་དང་སྒྲུབ་གཞུང་མང་པོའི་དབང་ལུང་ཁྲིད་རྗེས་གནང་བཅས་ཐོབ། རྒྱ་ནག་ཏ་དྷུའི་ཤར་ཕྱོགས་སུ་བྱོན་ཏེ་ཞི་ལྷག་ཟུང་འབྲེལ་ལ་བསྟེན་ནས་དབུ་རྫོགས་ཕྱག་གསུམ་གྱི་ལྟ་བ་གཏན་ལ་ཕབ་པ་དང་སྒོམ་པའི་དོན་ལ་གནས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཉིན་བཞིན་གོང་དུ་འཕེལ། མ་རུང་དམན་པའི་བདུད་སྲིན་ཚོགས་ཀྱི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་རང་ཤུགས་ཀྱིས་འདུལ་བར་མཛད། ན་བཟའ་གོས་དྲུག་ལུས་ལ་མནབ་ཅིང་རྣམ་དག་ཤེལ་གྱི་སྤར་བུ་ཕྱག་དུ་བསྣམས་ནས་རྒྱ་ནག་གི་ཧ་ཤང་རྣམས་ལ་ཕྱི་སོ་སོར་ཐར་པའི་སྡོམ་པ་དང༌། ནང་གསང་བ་སྔགས་ཀྱི་དམ་ཚིག། གསང་བ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་བས་རྒྱ་ནག་གི་ཡུལ་དུ་གྲུབ་པ་ཐོབ་པའི་སྐྱེས་བུ་བརྒྱ་ཕྲག་མང་པོར་བྱུང༌། བླ་མ་ཁོང་ཉིད་སྣང་བ་རང་སར་གྲོལ་ཞིང་ཡང་དག་གཉུག་མའི་དོན་མངོན་སུམ་དུ་གཟིགས་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་མངོན་པར་སངས་རྒྱས་སོ། །36ཞེས་དང་། །མ་རྒྱུད་ཕྱག་མཆོད་ལས། རྒྱ་ནག་ཏ་རུའི37ཤར་ཕྱོགས་ཀྱི། །མ་རུང་སེམས་ཅན་འདུལ་མཛད་པ། །ཧ་ཤང་རྒྱ་བོན་ཞེས་བྱ་བ། །ལྷུབ་མའི་ན་བཟའ་ལེགས་གསོལ་བ། །ཤེལ་གྱི་པར་བུ་འཛིན་པ་སྟེ། །རྒྱ་བོན་ཚོགས་ལ་བོན་སྒོ་འཆད། །རྒྱ་ཤིང་ཐོག་བུའི་རྩི་བཅུད་འཐུང་། །ཉིན་སྣང་མཆོག་སྒོམ་ཁྱོད་ཕྱག་འཚལ། །38 ཞེས་གསུངས་སོ། །གཞན་ཡང་ཞང་བོད་རྒྱ་ནག་གསུམ་གྱི་བོན་གཤེན་རིག་འཛིན་མཁས་གྲུབ་གོང་མ་བགྲང་ལས་འདས་པ་ཞིག་གནས་ཆེན་འདི་ལ་འབྲེལ་ཏེ་དངོས་གྲུབ་ཐོབ་ཅིང་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབས་པའི་ཚུལ་ནི་ལོ་རྒྱུས་དང་བོན་གཤེན་རྣམས་ཀྱི་རྣམ་ཐར་སོགས་ལས་གསལ་ལོ། །

རི་བོ་རྩེ་ལྔ་ལ་ཕྱི་རབས་བོན་གྱི་བླ་མ་བྱོན་ཚུལ་སྐོར་བསྟན་པ།

  བརྒྱད་པ་ནི། དུས་རབས་བཅུ་གཅིག་པའི་ཆུ་སྤྲེལ་ཏེ་སྤྱི་ལོ༡༠༩༢ལོར་སྐུ་འཁྲུངས་བའི་རྨ་སྟོན་སྲིད་འཛིན་ཁོང་ཉིད་རྒྱ་ནག་རི་བོ་རྩེ་ལྔ་ལ་བྱོན་པའི་ལོ་རྒྱུས་ནི་དཔལ་ཚུལ་གྱི་བསྟན་འབྱུང་ལས། བླ་མ་རྨ་སྟོན་སྲིད་འཛིན་ཞེས་བྱ་བ། །ཞེས་པ་ནས། རི་བོ་རྩེ་ལྔ་ཕྱུག་མོ་དཔལ་རི་སོགས། །བོན་གྱི་སྒྲུབ་གནས་འགའ་ལ་བལྟ་དགོས་གསུངས། །བེར་ག་དེ་ལ་ཞོན་པ་ལྟར་བས་གཤེགས། །39ཞེས་གསལ་བ་གསུངས་སོ། །

  གཤེན་ཉི་མ་རྒྱལ་མཚན་གྱི་སྐུ་སྐྱེས་ལྔ་པ་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ་དེ་རྒྱ་ནག་རི་བོ་རྩེ་ལྔ་རྣམ་པར་སྤུངས་པའི་རྩེར་བྱོན་ནས་བོན་བསྟན་སྤེལ་ཚུལ་ནི། དམུ་རྒྱལ་གསང་བའི་བདག་པོ་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་སྐྱེས་རབས་བཅུ་དྲུག་པ་ལས། དེ་ནས་རྒྱ་ནག་ཡུལ་གྱི་ནི། །བྱང་ནུབ་མཚམས་སུ་རི་བོའི་མཆོག ། རྩེ་ལྔ་རྣམ་པར་སྤུངས་པའི་རྩེ། །གཡས་ཕྱོགས་གངས་དཀར་གསལ་བར་མངོན། །སྤྲིན་དཔུང་གཞའ་འོད་འཁྱིལ་པའི་ནང་། །ལྷག་པའི་རིག་འཛིན་མངོན་པར་གསལ། །སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །དགའ་ལྡན་ལྷ་དབང་བུ་མོ་ཡི། །བདུད་རྩི་ཆུ་དང་མེ་ཏོག་འབྲུ། གེ་སར་ཀུན་མུད་སྐྱོགས་སུ་གསལ། །རྣལ་འབྱོར་པ་ཡི་ཟས་སུ་སྐྱེལ། །ལྷ་དབང་བུ་དང་བུ་མོའི་ཚོགས། །སྐོར་ཕྱག་གུས་བྱེད་ནམ་མཁར་འགྲོ། །རེ་འགའ་དེའི་རྒྱ་མཚོའི་དབུས། །ཀླུ་རྒྱལ་མ་ཧ་བྷན་ཛ་ཡི། །གནས་ཤིང་སྐྱོང་པ་ཤེས་གྱུར་ན། གནོད་སྦྱིན་སྐྱོང་དུ་བདེ་བར་གནས། །ཀླུ་རྒྱལ་བུ་མོ་ཉེར་འཛིན་མས། །ཆུ་དར་དཀར་པོའི་ཤམ་ཐབས་ཚུལ། །གོས་སུ་བྱིན་དང་གསེར་བུམ་ནང་། །བསིལ་ངར་ཆབ་ཀྱི་བཅུད་མཆོག་འབུལ། །ཞེས་སོ། །40གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ་ལས། བོད་ཡུལ་མདོ་སྨད་འདྲེན་མཆོག་འཕགས་པ་རྣམ་གསུམ་གྱི་ནང་ཚན་གྱེར་མིའི་རྣམ་སྤྲུལ་གཏེར་སྟོན་སྐྱང་འཕགས་ཉི་མ་འོད་ཟེར་མཆོག་ཉིད་རྫུ་འཕྲུལ་གྱིས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཚུལ་བསྟན་པ་ལ། རྗེ་ཉིད་ཀྱི་རྣམ་ཐར་དུ། རི་བོ་རྩེ་ལྔའི་མཁའ་ལ་དལ་གྱིས་ཕྱིན། །ཞེས་སོགས་ལུང་འདྲེན་བཅས་བསྟན་ཡོད།41 ཡང་དེ་ཉིད་ལས། ཨ་མདོ་འཕན་ཆུའི་ཨ་སྐྱིད་སྐྱང་ཚང་གི་བླ་མ་ནམ་མཁའ་མི་འགྱུར་གཙུག་རྒྱན་རིན་པོ་ཆེ་ཚང་རྒྱ་ནག་རི་བོ་རྩེ་སོགས་ལ་ཕེབས་དུས་རྒྱ་ནག་ཏུ་འགྲོ་དོན་མཛད་ཚུལ་བསྟན་ཡོད།42 དེ་བཞིན་ཕྱི་རབས་བོན་གྱི་བླ་མ་དང་སེམས་དཔའ་མང་པོ་ཞིག་རི་བོ་རྩེ་ལྔར་ཕེབས་པ་ནི་རྣམ་ཐར་དང་ལོ་རྒྱུས་དག་ལས་གསལ་བས་འདིར་ཡིག་ཚོགས་མང་དུ་དོགས་ནས་མ་བྲིས་སོ། །

རི་བོ་རྩེ་ལྔའི་གནས་ཀྱི་ཆགས་ཚུལ་སྐོར་བསྟན་པ།

  དགུ་པ་ནི། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་བདུན་པ་ཡན་མན་སྐུ་འཁྲུངས་པའི་རིག་འཛིན་དམུ་ཚ་གྱེར་མེད་ཀྱིས་མཛད་པའི《གྱེར་སྤུངས་མཚན་བརྒྱད་ཀྱི་གསོལ་འདེབས》ལས། གནས་རྒྱ་ནག་ཡུལ་གྱི་བྱང་ཤར་གྱི། །པྲ་ཕུད་རྩེ་ལྔའི་རི་བོ་ན། །43ཞེས་པའི་སྐབས་ནས་རི་བོ་རྩེ་ལྔའི་གནས་ཀྱི་ཆགས་ཚུལ་བསྟན་ཡོད། པྲ་ཕུད་ཅེས་པ་ནི་ཞང་ཞུང་སྐད་ཡིན། བོད་སྐད་དུ་སྐུ་དང་དབུ་རྒྱན་སོགས་ལ་གོ། འདིའི་སྐབས་སུ་རི་བོ་རྩེ་ལྔའི་གནས་རི་དེ་ནི་སྐུ་ལྔ་ཡེ་ཤེས་ལྔ་ཡི་གནས་ཡིན་པ་དང་། ཆགས་པའི་དབྱིབས་ནི་དབུ་རྒྱན་རིགས་ལྔའི་ཚུལ་དུ་ཆགས་ཡོད་པ་བསྟན་ཡོད། དེ་ཡང་རྒྱ་ནག་ཡུལ་གྱི་ལྷོ་ཤར་སྦས་པའི་གནས་རི་བོ་རྩེ་ལྔ་ལ་ཤར་གཡུང་དྲུང་གི་རིགས་རྟགས། བྱང་འཁོར་ལོའི་རིགས་རྟགས། ནུབ་པདྨའི་རིགས་རྟགས། ལྷོ་རིན་ཆེན་གྱི་རིགས་རྟགས། །དབུས་རྒྱལ་མཚན་གྱི་རིགས་རྟགས་དང་མཚུངས་པའི་ས་དབྱིབས་ལྔ་ལྡན་གྱི་གནས་མཆོག་འདི་ནི་ཁྱད་པར་དུ་འཕགས་པའི་བོན་གཏེར་སྦས་པའི་གནས་མཆོག་ཅིག་ཡིན། རི་བོ་རྩེ་ལྔའི་གནས་མཆོག་འདི། ཕྱི་ལྟར་ན་རི་བོ་ལྔ་ཡང་རིགས་རྟགས་ལྔ་ཡིས་བརྒྱན་པའི་ཚུལ་དུ་གནས་པ་ཡིན་ཏེ། །རྒྱ་ནག་རི་བོ་རྩེ་ལྔའི་དཀར་ཆག་ངེས་གསང་ལུང་གི་སྙིང་བོ་ལས། རྒྱ་ནག་ཡུལ་གྱི་ལྷོ་ཤར་སྦས་པའི་གནས། །རིགས་རྟགས་ལྔ་ལྡན་གནས་མཆོག་ཁྱད་པར་འཕགས། །ཕྱི་ལྟར་རི་ལྔ་རིགས་རྟགས་བརྒྱན་པའི་ཚུལ། །ཞེས་སོ། །ཡང་། ཕྱི་ལྟ་ན་རྒྱལ་བ་རིགས་ལྔའི་སྒྲུབ་གནས་རི་བོ་ལྔ་ཡོད་དེ།

  ནང་ལྟར་ན་རིག་པའི་གནས་ལྔ་འཛིན་པའི་ལྷ་ལྔ་སྟེ། དབུས་རི་གཙོ་བོ་སྲིད་པ་སངས་པོ་འབུམ་ཁྲིའི་སྐུ་ཡི་རྟེན་དང་། ཤར་རི་ཡེ་མཁྱེན་སྒྲ་བླའི་རྒྱལ་པོའི་ཐུགས་ཀྱི་རྟེན། བྱང་རི་ཡེ་དབལ་མཐུ་སྟོབས་རྒྱལ་པོའི་འཕྲིན་ལས་ཀྱི་རྟེན། ནུབ་རི་ཡེ་རྗེ་སྨན་ལྷའི་རྒྱལ་པོའི་གསུང་གི་རྟེན། ལྷོ་རི་ཡེ་དབང་ས་ཡི་རྒྱལ་པོའི་ཡོན་ཏན་གྱི་རྟེན་སྟེ་ལྔ། རིག་པའི་གནས་ལྔའི་བདག་ཉིད་ལྷ་ལྔ་དང་། རིག་པ་འབྱུང་བའི་གནས་ལྔ་དག་གི་གནས་ཡིན་ཏེ། ངེས་གསང་ལུང་གི་སྙིང་པོ་ལས། ནང་ལྟར་རིག་འཛིན་ལྔ་ཡི་སྐུ་ལྔའི་རྟེན། །ཞེས་སོ། །

  གསང་བ་ལྟར་ན་སྨྲ་སེང་རིགས་ལྔའི་གནས་ཏེ། ཤར་རི་ཐུགས་ཀྱི་སྨྲ་སེང་ཀུན་མཁྱེན་བླ་མེད་དང་། ལྷོ་རི་ཡོན་ཏན་གྱི་སྨྲ་སེང་བློ་གྲོས་བླ་མེད། ནུབ་རི་གསུང་གི་སྨྲ་སེང་ཤེས་བྱ་བླ་མེད། བྱང་རི་འཕྲིན་ལས་ཀྱི་སྨྲ་སེང་རིག་གསལ་བླ་མེད། དབུས་རི་སྐུའི་སྨྲ་སེང་ཤེས་རབ་བླ་མེད་དང་ལྔ་གྲུབ་པའི་གནས་ཡིན་ཏེ། དེ་ཉིད་ལས། གསང་བ་བརྒྱུད་པ་ལྔ་ལྡན་གྲུབ་པའི་གནས། །ཞེས་སོ། །ཡང་གསང་ལྟར་ན་ཡེ་ཤེས་ལྔ་ལྡན་གྱི་གཞལ་ཡས་ཁང་ཡིན་ཏེ། དབུས་རི་སྟོང་ཉིད་ཡེ་ཤེས་དང་ལྡན་པའི་བོན་སྐུའི་གཞལ་ཡས་ཁང་། ཤར་རི་མེ་ལོང་ཡེ་ཤེས་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡི་གཞལ་ཡས་ཁང་། བྱང་རི་སོར་རྟོགས་ཡེ་ཤེས་དང་ལྡན་པའི་ཅིར་ཡང་སྤྲུལ་པའི་སྐུ་ཡི་གཞལ་ཡས་ཁང་། ནུབ་རི་བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པའི་མངོན་པར་བྱང་ཆུབ་སྐུ་ཡི་གཞལ་ཡས་ཁང་། ལྷོ་རི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་ངོ་བོ་ཉིད་སྐུ་ཡི་གཞལ་ཡས་ཁང་ངམ་མཁའ་སྤྱོད་ཀྱི་ཞིང་ལྔ་ཡིན་པ་ནི། དེ་ཉིད་ལས། ཡང་གསང་ཡེ་ཤེས་ལྔ་ལྡན་མཁའ་སྤྱོད་ཞིང་། །ཞེས་གསུངས་པའི་ཕྱིར། །ཡང་མ་རྒྱུད་ལྟར་ན། ཡང་གསང་མ་རྒྱུད་སྐུ་ལྔ་ཡེ་ཤེས་ལྔ་གྲུབ་པའི་གནས་ཡིན་པར་གསུངས་སོ། །

རི་བོ་རྩེ་ལྔའི་གནས་རྣམས་ངོ་སྤྲོད་བསྟན་པ།

  བཅུ་པ་ནི། རི་བོ་རྩེ་ལྔ་ནི་ཕྱི་ལྟར་རྒྱལ་བ་རིགས་ལྔ། ནང་ལྟར་རིག་པའི་གནས་ལྔ། གསང་བ་ལྟར་ན་སྨྲ་སེང་རིགས་ལྔ། ཡང་གསང་ལྟར་ན་སྐུ་ལྔ་ཡེ་ཤེས་ལྔའི་གནས་ཡིན་པས་རི་བོ་ལྷུན་པོ་རྩེ་ལྔར་གྲགས། དེང་སང་ཡོངས་གྲགས་སུ་རྒྱ་ནག་རི་བོ་རྩེ་ལྔ་ཞེས་འབོད། རི་བོ་རྩེ་ལྔ་དེ་ལ་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ཡོད་དེ། ཤར་རི་ལ་སྒྲུབ་གནས་བཅོ་ལྔ། ལྷོ་རི་ལ་སྒྲུབ་གནས་ཉི་ཤུ་རྩ་གཅིག། ནུབ་རི་ལ་སྒྲུབ་གནས་བཅོ་བརྒྱད། དབུས་རི་ལ་ཉི་ཤུ་རྩ་བདུན། བྱང་རི་ལ་ཉི་ཤུ་རྩ་བདུན་ཏེ་བརྒྱ་དང་བརྒྱད་ཡོད་པ་ཐམས་ཅད་གསལ་བཤད་བྱེད་མི་ནུས་ཀྱང་། གནས་རི་གཙོ་བོ་ལྔ་ནི། ཤར་རི་མངོན་པར་དགའ་བའི་སྤོ། ལྷོ་རི་དཔལ་དང་ལྡན་པའི་སྤོ། ནུབ་རི་པདྨ་བརྩེགས་པའི་སྤོ། དབུས་རི་ལྷུན་གྱིས་གྲུབ་པའི་སྤོ། བྱང་རི་ལས་རབ་རྫོགས་པའི་སྤོ་དང་ལྔའོ། །

说明: IMG_1116
ཤར་རི་མངོན་པར་དགའ་བའི་སྤོ། 东台妙喜峰

  ཤར་ཕྱོགས་བཀྲ་ཤིས་སྒོ་མང་མཆོད་རྟེན་དབྱིབས་དང་འདྲ་བའི་རི་བོ་དེ་ནི། མངོན་པར་དགའ་བའི་ཞིང་ཁམས་ཡིན། དེ་ནི་རྒྱལ་བ་རིགས་ལྔའི་ནང་ཚན་སྟོན་པ་གསལ་བ་རང་འབྱུང་གི་བཞུགས་གནས་ཡིན་ཏེ། དྲི་མེད་ལས། སྐྱེ་མེད་ངང་ལས་སྐྱེ་བ་ཡི། །རང་མཚན་ཡེ་ཤེས་འོད་ལྔ་སྟེ། །ཁ་དོག་རྣམ་པ་ལྔ་རུ་ཤར། །འོད་གསལ་ཁ་དོག་སེར་པོ་ལས། །གཡུང་དྲུང་རིགས་ཀྱི་ཞིང་དུ་རྫོགས། །ཞིང་ནི་མངོན་པར་དགའ་བའི་ཞིང་། །གཞལ་ཡས་གཡུང་དྲུང་སྤུངས་པའི་གནས། །ལྷ་ནི་གསལ་བ་རང་འབྱུང་སྟེ། །གསས་ནི་གསས་རྗེ་རྨང་པོ་དང་། །དབལ་ནི་ཁྲོ་གསས་མཁའ་འགྱིང་ཁ། །ཤེས་རབ་ས་ཡི་ལྷ་མོར་སྦྱོར། །འཕྲིན་ལས་ཞི་བའི་རིགས་སུ་གསལ། །ལྷ་སྐུ་རིག་སྟོབས་ཡེ་ཤེས་ཀྱིས། །ལོངས་སྤྱོད་རྫོགས་པའི་ཞིང་དུ་རྫོགས། །ཞེས་སོ། །ཤར་ཕྱོགས་ཀྱི་རི་དེ་ལ་མངོན་པར་དགའ་བའི་ཞིང་ཟེར་བའི་དོན་ནི། གནས་རིའི་རྩེ་མོ་ནས་བལྟས་ཚེ་མེ་ལོང་ཕྱིས་པ་ལྟ་བུ་ཡིན་པས་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་གནས་ཡིན་པ་དང་། གནས་དེ་ནས་ཤར་གྱི་རྒྱ་མཚོ་རྒྱང་རིང་པོ་ན་མཐོང་བས་རྒྱ་མཚོ་མཐོང་བའི་སྤོ(东台望海峰)ཞེས་མཚན་གསོལ། དེང་སང་ཡང་གནས་མཇལ་བ་མང་ཆེ་བས་ནངས་སྔ་མོ་ཉི་མ་མ་ཤར་གོང་རྒྱ་མཚོར་བལྟ་རུ་འགྲོ་བ་ལ་མངོན་པར་དགའ་བའི་གནས་ཡིན་པས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་གཏན་ཚིགས་དོན་དང་ལྡན་པའོ། །གནས་རི་དེ་ཡང་མེ་ལོང་ལྟ་བུ་ཡེ་ཤེས་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཞིང་ཁང་ཡིན། འདི་ལ་རིག་པའི་གནས་ལྔའི་ལྷ་ཡི་ནང་ཚན་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་། སྨྲ་སེང་རིགས་ལྔའི་ནང་ཚན་དུང་གི་ཅོག་ག་ཞོན་པ་ཅན། སྐུའི་སྨྲ་སེང་ཤེས་རབ་བླ་མེད་སོགས་ཀྱི་སྒྲུབ་པའི་གནས་ཡིན། རི་དེ་ལ་བྱིན་རླབས་ཅན་གྱི་གནས་བཅོ་ལྔ་ཡོད། རི་དེ་ལ་ཕྱིས་སུ་རྒྱ་མཚོར་ལྟ་བའི་ལྷ་ཁང་(望海寺)དུ་འཇམ་དཔལ་རལ་གྲི་རྣོན་པོའི་སྐུ་བརྙན་དང་། ཚགས་ཞྭའི་མཆོད་རྟེན་(签子塔)སོགས་རྟེན་བཞེས་མང་ཙམ་བྱས་ཡོད། དེར་དེང་སང་སྲེད་མེད་བུའི་ཕུག(那罗延窟)ཅེས་འབོད་པའི་བྲག་ཁུང་དེ་ནི་མ་རྒྱུད་འུག་གདོང་གི་གནས་ཡིན་པར་བཤད། དེའི་ནང་དུ་སྨྲ་སེང་གི་སྒྲུབ་ཕུག་ཡོད། དེ་བཞིན་དུ་གཡུ་ཕུག་སོགས་རབ་བྱུང་གི་སྒྲུབ་གནས་མང་པོ་ཡོད་དེ། ངེས་གསང་ལུང་གི་སྙིང་པོ་ལས། ཤར་གྱི་རི་ལ་ཤེས་རབ་སྨྲ་སེང་གི། སྒྲུབ་པའི་གནས་དང་གཡུ་ཕུག་རང་བྱུང་དང་། །ཞེས་སོ། །

བྱང་རི་ལས་རབ་རྫོགས་པའི་སྤོ།北台圆满峰

说明: IMG_256

  བྱང་ཕྱོགས་བདུད་འདུལ་མཆོད་རྟེན་གྱི་དབྱིབས་དང་འདྲ་བའི་རི་བོ་དེ་ནི་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཡིན། དེ་ནི་རྒྱལ་བ་རིགས་ལྔའི་ནང་ཚན་སྟོན་པ་དགེ་ལྷ་གར་ཕྱུག་གི་བཞུགས་གནས་ཡིན་ཏེ། དྲི་མེད་གཟི་བརྗིད་ལས། འོད་གསལ་ཁ་དོག་ལྗང་ཁུ་ལས། །ལས་ཀྱི་རིགས་ཀྱི་ཞིང་དུ་རྫོགས། །ཞིང་ནི་རྣམ་པར་དག་པའི་ཞིང་། །གཞལ་ཡས་འཁོར་ལོ་བརྩེགས་པའི་གནས། །ལྷ་ནི་དགེ་ལྷ་གར་ཕྱུག་ཏེ། །གསས་ནི་གར་གསས་གཙན་པོ་དང་། །དབལ་ནི་རྔམ་གསས་མཁའ་འགྱིང་ཁ། །ཤེས་རབ་རླུང་གི་ལྷ་མོར་སྦྱོར། །འཕྲིན་ལས་རྒྱས་པའི་རིགས་སུ་གསལ། །ལྷ་སྐུ་རིགས་སྟོབས་ཡེ་ཤེས་ཀྱིས། །ལོངས་སྤྱོད་རྫོགས་པའི་ཞིང་དུ་རྫོགས། །ཞེས་སོ། །རི་བོ་རྩེ་ལྔའི་བྱང་ཕྱོགས་རི་དེ་ལ་ལས་རབ་རྫོགས་པའི་ཞིང་ཟེར་བའི་དོན་ནི། གནས་རི་དེ་ནི་སྨྲ་བའི་སེང་གེ་དྲག་འཁྲོས་ཁྲོ་བོ་ལྷ་རྒོད་ཐོགས་པའི་གནས་རི་དང་། འཕྲིན་ལས་ཀྱི་སྨྲ་བའི་སེང་གེའི་སྒྲུབ་གནས་ཡིན་པས། གནས་དེར་ཕྱག་སྐོར་མཆོད་འབུལ་བྱས་ན་འཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པའམ་དོན་ཐམས་ཅད་རྫོགས་པ་འགྲུབ་པས་དེ་སྐད་དོ། གནས་དེ་ལ་དེང་སང་སྐར་མའི་གཙུག་ལྡན་སྤོ(北台叶斗峰)ཞེས་མིང་བཏབས་སོ། །བྱང་རི་ནི་མཉམ་ཉིད་ཡེ་ཤེས་དང་ལྡན་པའི་ངོ་བོ་ཉིད་ཀྱི་སྐུ་ཡི་གཞལ་ཡས་ཁང་ཡིན། གནས་རི་འདི་ནི་རིག་པའི་གནས་ལྔའི་ལྷ་ཡི་ནང་ཚན་ཡེ་དབལ་མཐུ་སྟོབས་རྒྱལ་པོ་དང་། སྨྲ་སེང་རིགས་ལྔའི་ནང་ཚན་ནེ་ཙོ་ཞོན་པ་ཅན། གསུང་གི་གསུང་གི་སྨྲ་སེང་ཤེས་བྱ་བླ་མེད་ཀྱི་གནས་ཡིན། བྱང་གི་རི་དེ་ལ་ཁྲོ་བོ་ལྷ་རྒོད་ཐོགས་པའི་སྒྲུབ་གནས་དང་ཀླུ་རྒྱལ་མཆོད་གནས་རྫིང་རིང་སོགས་སྒྲུབ་གནས་ཉེར་བདུན་ཡོད། ཀླུ་རྒྱལ་མཆོད་གནས་རྫིང་རིང་ལ་གསེར་གྱི་ཁྲོན་པ་ཡང་ཟེར། རི་རྩེ་ཡི་བྱང་ཕྱོགས་ཀྱི་ཉེ་ཟུར་ན་རྡོ་བྲག་དམར་པོ་ཡོད་པ་དེ་ནི་ཁྲོ་བོ་ལྷ་རྒོད་ཀྱིས་བདུད་སྲིན་བསྒྲལ་བའི་གནས་ཡིན་པ་དང་། དེ་དག་གི་བྲག་ངོས་སུ་ཁྲོ་བོ་ལྷ་རྒོད་ཀྱི་སྔགས་འཛབ་དང་སྐུ་བརྙན་རང་བྱུང་ཡོད་དེ། ངེས་གསང་ལུང་གི་སྙིང་པོ་ལས། བྱང་ཕྱོགས་རི་ལ་ཁྲོ་བོ་ལྷ་རྒོད་ཀྱི། །ཐུགས་འཛབ་སྔགས་དང་སྐུ་གཟུགས་རང་བྱུང་ཡོད། །ཅེས་གསུངས་སོ། །ཕྱིས་སུ་རི་དེ་ལ་རྒྱ་ནག་ནང་ཆོས་དགོན་པ་འགའ་བཏབས་པ་རྣམས་ཉམས་གུད་སོང་བར་བཤད། དེང་སང་བྱིན་རླབས་མྱུར་བའི་ལྷ་ཁང(灵应寺)དང་མཆོད་རྟེན་མང་པོ་བཞེངས་ཤུལ་དང་ད་ལྟ་མཇལ་དུ་ཡང་ཡོད། རིའི་ཤར་ངོས་ན་དོམ་ནག་གི་སྙིང་དང་འདྲ་བའི་རྡོ་དེ་ནི་མཁའ་འགྲོ་འུག་གདོང་གནས་ཡིན་པར་གསུངས་སོ། །

དབུས་རི་ལྷུན་གྱིས་གྲུབ་པའི་སྤོ། 中台任运成就峰

说明: 2015-05-30 205338

  དབུས་ཕྱོགས་མི་འགྱུར་གཡུང་དྲུང་མཆོད་རྟེན་དབྱིབས་དང་འདྲ་བའི་རི་བོ་དེ་ནི། ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཡིན། དེ་ནི་རྒྱལ་བ་རིགས་ལྔའི་ནང་ཚན་སྟོན་པ་ཀུན་སྣང་ཁྱབ་པ་དང་སྟོན་པ་འོད་དཀར་གནས་འཛིན་གྱི་བཞུགས་གནས་ཡིན་ཏེ། དྲི་མེད་གཟི་བརྗིད་ལས། འོད་གསལ་ཁ་དོག་དཀར་པོ་ལས། །དེ་བཞིན་རིགས་ཀྱི་ཞིང་དུ་རྫོགས། །ཞིང་ནི་རང་བཞིན་ལྷུན་རྫོགས་ཞིང་། །གཞལ་ཡས་ལྷུན་གྱིས་གྲུབ་པའི་གནས། །ལྷ་ནི་ཀུན་སྣང་ཁྱབ་པ་སྟེ། །གསས་ནི་གཤེན་ལྷ་འོད་དཀར་རྗེ། །དབལ་ནི་གཙོ་མཆོག་མཁའ་འགྱིང་ཁ། །ཤེས་རབ་ནམ་མཁའི་ལྷ་མོར་སྦྱོར། །འཕྲིན་ལས་ལས་བཞི་རྒྱུན་དུ་གསལ། །ལྷ་སྐུ་རིགས་སྟོབས་ཡེ་ཤེས་ཀྱིས། །ལོངས་སྤྱོད་རྫོགས་པའི་ཞིང་དུ་རྫོགས། །ཞེས་སོ། །རི་བོ་རྩེ་ལྔའི་དབུས་ཕྱོགས་རི་དེ་ལ་ལྷུན་གྱིས་གྲུབ་པའི་ཞིང་ཟེར་བའི་དོན་ནི། གནས་རི་དེ་ལ་ངོ་བོ་ཆ་ནས་འགྱུར་བ་མེད་པས་མི་འགྱུར་ལྷུན་པོའི་སྤོ་ཟེར་བ་དང་། རང་བཞིན་གྱི་ཆ་ནས་འདོད་དོན་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པས་ཆ་ནས་ལྷུན་གྲུབ་སྤོ་ཞེས་གྲགས་སོ། །དེ་ལ་དེང་སང་མཚར་སྡུག་ལྷུན་པོའི་སྤོ(中台翠岩峰)ཞེས་མིང་གསར་དུ་བཏབས། དབུས་རི་དེ་སྟོང་ཉིད་ཡེ་ཤེས་དང་ལྡན་པའི་བོན་སྐུའི་ཞིང་ཁམས་ཡིན། འདི་ནི་རིག་པའི་གནས་ལྔའི་ལྷ་ཡི་ནང་ཚན་སྲིད་པ་སངས་པོ་འབུམ་ཁྲི་དང་། སྨྲ་སེང་རིགས་ལྔའི་ནང་ཚན་ཁྱུང་ཞོན་ཅན། ཐུགས་ཀྱི་སྨྲ་སེང་ཀུན་མཁྱེན་བླ་མེད་ཀྱི་སྒྲུབ་གནས་ཡིན། དབུས་ཀྱི་རི་དེ་ལ་ཞི་རྒྱས་དབང་དྲག་དབྱིབས་དོད་པའི་རྟགས་ཡོད་པ་དང་། ཞི་རྒྱས་དབང་དྲག་བཞིའི་རི་རྩེ་ན་འཇའ་འོད་སྣ་ལྔའི་གཞལ་ཡང་ཀང་ཡོད་པ་དེ་ལ་རིག་འཛིན་ལེགས་ཏང་རྨང་པོ་སོགས་ཀྱི་ཚོགས་ཁང་ཡོད་དེ། ངེས་གསང་ལུང་གི་སྙིང་པོ་ལས། དབུ་རི་དབྱིབས་ནི་ཞི་རྒྱས་དབང་དྲག་ཚུལ། །རྩེ་རུ་འཇའ་འོད་སྣ་ལྔའི་གཞལ་ཡས་ཁང་། །རིག་འཛིན་མཁའ་འགྲོ་ངོ་མཚར་ཚོགས་ཁང་ཡོད། །ཅེས་སོ། །ཕྱིས་སུ་རི་དེ་ལ་རྒྱ་ནག་ནང་ཆོས་དགོན་པ་འགའ་བཏབས་པ་རྣམས་ཉམས་གུད་སོང་བར་བཤད། རིའི་ངོས་སུ་དུས་བཞིར་ཞུ་མེད་ཀྱི་འཁྱགས་རོམ་མམ་ཆབ་རོམ་ཡོད་པའི་རི་དེ་ལ་སྔོན་ལྗོན་པ་ཨ་ཀ་རུའམ་ཨ་དཀར་རུ་སོགས་ཤིང་འབྲས་བུ་ཅན་རྣམས་དབྱར་དུས་མེ་ཏོག་ཁ་འབུས་ཤིང་འབྲས་བུ་ཆགས་པ་སོགས་ངོ་མཚར་བ་ཡོད། རི་དེའི་རྩེ་ན་སྔོན་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་སྒྲུབ་གནས་སམ་ལྗོན་པ་ཨ་དཀར་རུའི་ཁང་བཟང་ཡོད་པར་གྲགས། དེང་སང་དེའི་ཤུལ་དུ་རིང་བསྲེལ་མཆོད་རྟེན་ཞེས་མིང་བཏགས། །དབུས་རི་དང་བྱང་རིའི་མཚམས་སུ་ཁྲུས་ཀྱི་རྫིང་བུ་ཡོད་པ་དང་། བློ་གྲོས་ཀྱི་བདག་ཉིད་ཆེན་མོ་ལེགས་ཏང་རྨང་པོའི་ཞབས་རྗེས་དང་ཕྱག་རྗེས་སོགས་ཡོད་པར་གྲགས། རིའི་བྱང་ངོས་ན་སྟག་གི་སྙིང་དང་འདྲ་བའི་རྡོ་དེ་ནི་མཁའ་འགྲོ་འུག་གདོང་གནས་ཡིན་པར་བཤད་སྲོལ་འདུག །དབུས་རི་དེ་ལ་ཨ་དཀར་རུ་ཡི་ཁང་བཟང་སོགས་སྒྲུབ་གནས་ཉེར་བདུན་ཡོད་པར་གསུངས་སོ། །

ནུབ་རི་པདྨ་བརྩེགས་པའི་སྤོ། 西台莲花峰

说明: IMG_256

  ནུབ་ཕྱོགས་གེ་སར་སྡོང་པོ་མཆོད་རྟེན་དབྱིབས་དང་འདྲ་བའི་རི་བོ་ཡིན། དེ་ནི་པདྨ་བརྩེགས་པའི་ཞིང་ཁམས་ན་རྒྱལ་བ་རིགས་ལྔའི་ནང་ཚན་སྟོན་པ་བྱེ་བྲག་དངོས་མེད་ཀྱི་བཞུགས་གནས་ཡིན་ཏེ། དྲི་མེད་གཟི་བརྗིད་ལས། །འོད་གསལ་ཁ་དོག་དམར་པོ་ལས། །པདྨ་རིགས་ཀྱི་ཞིང་དུ་རྫོགས། །ཞིང་ནི་རང་བཞིན་ལྷུན་རྫོགས་ཞིང་། །གཞལ་ཡས་པདྨ་སྤུངས་པའི་གནས། །ལྷ་ནི་བྱེ་བྲག་དངོས་མེད་དེ། །གསས་ནི་གནམ་གསས་དབྱིངས་རུམ་དང་། །དབལ་ནི་དབལ་གསས་མཁའ་འགྱིང་ཁ། །ཤེས་རབ་མེའི་ལྷ་མོར་སྦྱོར། །འཕྲིན་ལས་དབང་གི་རིགས་སུ་གསལ། །ལྷ་སྐུ་རིགས་སྟོབས་ཡེ་ཤེས་ཀྱིས། །ལོངས་སྤྱོད་རྫོགས་པའི་ཞིང་དུ་རྫོགས། །ཞེས་སོ། །རི་བོ་རྩེ་ལྔའི་ནུབ་ཕྱོགས་རི་དེ་ལ་པདྨ་བརྩེགས་པའི་ཞིང་ཟེར་བའི་དོན་ནི། གནས་རི་དེ་མེ་ཏོག་པད་མ་སྤུངས་པ་ཁ་འཛུམ་པའམ་ཁ་ཕྱེས་ལ་ཁད་དང་འདྲ་བ་དེ་ལ་རྨ་བྱས་ཟློས་གར་བསྒྱུར་བ་འདྲ་བའི་དབྱིབས་དང་ལྡན་པས་དེ་སྐད་བརྗོད་དོ། །དེ་ལ་དེང་སང་ཟླ་བའི་ལ་ཐོད་ཅན་གྱི་སྤོ(西台挂月峰)ཞེས་གྲགས། ནུབ་རི་དེ་སོ་སོར་རྟོགས་པའི་ཡེ་ཤེས་དང་ལྡན་པའི་སྤྲུལ་པའི་སྐུ་ཡི་ཞིང་ཁམས་ཡིན། འདི་ལ་རིག་པའི་གནས་ལྔའི་ལྷ་ཡི་ནང་ཚན་ཡེ་རྗེ་སྨན་ལྷའི་རྒྱལ་པོ་དང་། སྨྲ་སེང་རིགས་ལྔའི་ནང་ཚན་འབྲུག་ཞོན་ཅན། ཡོན་ཏན་གྱི་སྨྲ་སེང་བློ་གྲོས་བླ་མེད་གྱི་གནས་ཡིན། ཕྱིས་སུ་རི་དེ་ལ་ཆོས་དབྱིངས་ལྷ་ཁང(法雷寺)སོགས་རྒྱ་ནག་ནང་ཆོས་ཀྱིས་དགོན་པར་བཏབས། རིའི་བྱང་ལོགས་སུ་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཡོད། ཆུ་འདི་ལེགས་ཏང་རྨང་པོའི་བྱིན་གྱིས་བརླབས་པའི་གནས་ཆུ་དང་། ཆུ་དེ་བཏུང་ན་མ་རིག་མུན་པ་སེལ་ཞིང་ནད་རིགས་ཀུན་ལ་ཕན་པ་ནི་བླ་མ་རྣམས་ཀྱི་ཞལ་རྒྱུན་ནོ། །ནུབ་རི་དེ་ལ་རིག་འཛིན་གྲུབ་ཆེན་གྱི་གསང་བའི་སྒྲུབ་ཕུག་བཅོ་བརྒྱད་ཡོད། གཞན་དུ་དྲན་པ་ནམ་མཁའ་སོགས་རིག་འཛིན་གོང་མའི་སྐུ་རྗེས་དང་། ཞོན་པ་སེང་གེ་སོགས་ཀྱི་ཞབས་རྗེས། མཁའ་འགྲོ་འོད་ལྡན་འབར་མའི་ཕྱག་མཚན་སིལ་སྙན་སོགས་ཀྱི་རྗེས་ཡོད་པ་མ་ཟད། ལྷ་མོ་ནོར་རྒྱུན་མའི་གཏེར་སྐབས་ཀྱང་ཡོད་དེ། ངེས་གསང་ལུང་གི་སྙིང་པོ་ལས། ནུབ་ཀྱི་རི་ལ་རིག་འཛིན་གྲུབ་ཆེན་གྱི། །གསང་བའི་སྒྲུབ་ཕུག་བཅུ་ཕྲག་བརྒྱད་ཙམ་ཡོད། །བླ་ཆེན་དྲན་པ་ནམ་མཁའི་སྐུ་རྗེས་དང་། །འོད་ལྡན་མཁའ་འགྲོའི་ཕྱག་ཆ་སིལ་སྙན་དང་། །དབུལ་ཕོངས་སེལ་བའི་ནོར་སྒྲུབ་གཏེར་དུ་ཡོད། །ཞེས་སོ། །

ལྷོ་རི་དཔལ་དང་ལྡན་པའི་སྤོ། 南台吉祥峰

说明: IMG_256

  ལྷོ་ཕྱོགས་ལི་ལི་བང་བང་མཆོད་རྟེན་དབྱིབས་དང་འདྲ་བའི་རི་བོ་དེ་ནི། དཔལ་དང་ལྡན་པའི་ཞིང་ཁམས་ཡིན། དེ་ནི་རྒྱལ་བ་རིགས་ལྔའི་ནང་ཚན་སྟོན་པ་དགའ་བ་དོན་འགྲུབ་ཀྱི་བཞུགས་གནས་ཡིན་ཏེ། དྲི་མེད་གཟི་བརྗིད་ལས། འོད་གསལ་ཁ་དོག་སྔོན་པོ་ལས། །རིན་ཆེན་རིགས་ཀྱི་ཞིང་དུ་རྫོགས། །ཞིང་ནི་དཔལ་དང་ལྡན་པའི་ཞིང་། །གཞལ་ཡས་རིན་ཆེན་སྤུངས་པའི་གནས། །ལྷ་ནི་དགའ་བ་དོན་གྲུབ་སྟེ། །གསས་ནི་རྒོད་གསས་ཁམ་པ་དང་། །དབལ་ནི་གཏུམ་གསས་མཁའ་འགྱིང་ཁ། །ཤེས་རབ་ཆུ་ཡི་ལྷ་མོར་སྦྱར། །འཕྲིན་ལས་དྲག་པོའི་རིགས་སུ་གསལ། །ལྷ་སྐུ་རིགས་སྟོབས་ཡེ་ཤེས་ཀྱིས། །ལོངས་སྤྱོད་རྫོགས་པའི་ཞིང་དུ་རྫོགས། །ཞེས་སོ། །རི་བོ་རྩེ་ལྔའི་ལྷོ་ཕྱོགས་རི་དེ་ལ་དཔལ་དང་ལྡན་པའི་ཞིང་ཟེར་བའི་དོན་ནི། གནས་རི་འདི་མདོག་བཟང་ལ་མཛེས་པའི་དཔལ་ཡོན་དང་ལྡན་པ་དང་། རི་བོ་གཞན་བཞི་ལས་ས་གཞི་ཁོད་སྙོམ་པས་དེ་སྐད་འབོད་དོ། །དེང་སང་མདོག་བཟང་བཀྲ་བའི་སྤོ་(南山锦绣峰)ཟེར་ཞིང་མཚན་གཞན་དྲང་སྲོང་མེ་ཏོག་སྒང་(仙化山)ཞེས་ཀྱང་ཟེར། ལྷོ་རི་བྱ་གྲུབ་ཡེ་ཤེས་དང་ལྡན་པའི་མངོན་པར་བྱང་ཆུབ་པའི་སྐུ་ཡི་ཞིང་ཁམས་ཡིན། འདི་ལ་རིག་པའི་གནས་ལྔའི་ལྷ་ཡི་ནང་ཚན་ཡེ་དབང་ས་ཡི་རྒྱལ་པོ་དང་། སྨྲ་སེང་རིགས་ལྔའི་ནང་ཚན་ཁུ་བྱུག་ཞོན་པ་ཅན། འཕྲིན་ལས་ཀྱི་སྨྲ་སེང་རིག་གསལ་བླ་མེད་ཀྱི་སྒྲུབ་གནས་ཡིན། རི་དེ་ལ་མ་རྒྱུད་གསང་མཆོག་མཐར་ཐུག་སོགས་ཀྱི་བྱིན་རླབས་ཅན་གྱི་གནས་ཉི་ཤུ་རྩ་གཅིག་ཡོད། ཕྱིས་སུ་ཐམས་ཅད་སྐྱོབ་པའི་ལྷ་ཁང་(普济寺)དང་ཀུན་བཟང་མཆོད་རྟེན་(普贤塔)སོགས་རྒྱ་ནག་ནང་བསྟན་གྱི་ལྷ་ཁང་དང་མཆོད་རྟེན་བཞེས་ཡོད། ལྷོ་རི་རྙིང་པ(古南山)ཟེར་བའི་གནས་དེ་ནི་མ་རྒྱུད་མཁའ་འགྲོ་འུག་གདོང་གི་གནས་ཡིན་ཏེ། ངེས་གསང་ལུང་གི་སྙིང་པོ་ལས། ལྷོ་ཡི་རི་ལ་གསང་མཆོག་མཐར་ཐུག་གི། ཐུགས་ལས་སྤྲུལ་བའི་དཀྱིལ་འཁོར་རང་འགྲུབ་དང་། །མཁའ་འགྲོ་འུག་པའི་གདོང་ཅན་རང་བྱུང་ཡོད། །ཞེས་སོ། །

རྒྱལ་ཡུམ་བྱམས་མའི་ཕུག 佛母洞

  ལྷོ་རིའི་བྱང་ཤར་གྱི་ཉེ་འདབས་ན་རྒྱལ་ཡུམ་བྱམས་མའི་ཕུག་ཅེས་པ་དེ་ལ་རྒྱ་སྐད་དུ(佛母洞)ཟེར། རི་ཕུག་དེ་ནི་རང་བྱུང་གི་ཕུག་པ་ཞིག་ཡིན་ལ་ཕྱི་ནང་གཉིས་ཡོད། ཕུག་པའི་ནང་མ་ནང་དུ་འཛུལ་སྐབས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་དབུགས་ཁོག་ལ་ཅུང་ཟད་བསྐྱིལ་ནས་འཛུལ་དགོས། འདི་ནང་འཛུལ་ནས་ཐར་རྗེས་སྐྱེས་པ་གསར་དུ་བླངས་པའི་གོ་ཆོད་ཅིང་། སྐྱེ་མ་དུ་མའི་སྡིག་སྒྲིབ་དག་ཅིང་ཚེ་ཕྱི་མ་ལའི་ངན་སོང་གསུམ་ལས་ཐར་པར་འདོད་དོ། །

གཡུང་དྲུང་ལྷ་སྟེང་སྤོ། 雍仲菩萨顶

  གཡུང་དྲུང་ལྷ་སྟེང་སྤོ་དེ་ནི་དབུས་རིའི་བང་ན་ཡོད་ཅིང་། སྔོན་ཆད་དེ་ཡོད་པའི་ལྷ་ཁང་ནང་གི་ལྷ་ཡི་ཐུགས་ཀ་དང་སྒོ་ངོར་སོགས་ལ་གཡུང་དྲུང་བོན་སྐོར་གྱི་རི་མོ་ཡོད། ཕྱིས་སུ་རྒྱ་ནག་གི་ནང་ཆོས་དང་བོན་བརྒྱུད་ཀྱི་ནང་ཆོས་དར་ནས་བཟུང་རིམ་གྱིས་གཡུང་དྲུང་བོན་སྐོར་རྣམས་ཆོས་སྐོར་དུ་བསྒྱུར། གནས་རིའི་མིང་ཡང་བསྒྱུར་ནས་བྱང་ཆུབ་སེམས་དཔའ་སྤོ་ཞེས་མཚན་གསོལ་བར་བཤད། གནས་དེ་ཐོག་མ་བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་གནས་ཡིན་པ་མ་ཟད། དྲན་པའི་སྒྲུབ་ཕུག་རབ་བྱུང་ཤེལ་ལས་གྲུབ་པ་ཡོད་པ་དང་། ནང་དུ་ཨ་ཨཱོྃ་ཧཱུྃ་དང་གཡུང་དྲུང་གཡས་སྐོར་ཡོད་དེ། ངེས་གསང་ལུང་གི་སྙིང་པོ་ལས། དབུ་རིའི་མདུན་དུ་བླ་ཆེན་དྲན་པ་ཡི། །སྒྲུབ་ཕུག་རང་བྱུང་ཤེལ་ལས་གྲུབ་པ་དང་། །ཨ་ཨཱོྃ་ཧཱུྃ་དང་གཡུང་དྲུང་གཡས་སྐོར་ཡོད། །དབུ་རིའི་གཡས་ཟུར་བྲག་ཕུག་ངོ་མཚར་ཅན། །ཞེས་གསལ་བ་གསུངས་སོ། །གནས་དེ་ཝེ་རྒྱལ་རབས་བྱང་མ་ནས་བཟུང་རྒྱ་ནག་ནང་བསྟན་གྱི་དགོན་པ་བཞེངས། མིང་གུར་རྒྱལ་པོའི་དུས་སུ་དགོན་འདིའི་ས་ཁྱོན་ཇེ་རྒྱས་སུ་བཏང་། ཆིང་རྒྱལ་རབས་ཀྱི་སྐབས་སུ་སྔོན་གྱི་ལྷ་ཁང་སོགས་ཞིག་གསོ་དང་གསར་བཞེངས་ལན་མང་བྱས། རྒྱ་ནག་རྒྱལ་པོའི་ཕོ་བྲང་ལྟ་བུ་བཞེངས། གང་ལྟར་ཡང་སྔར་ཡོད་པའི་གནས་ཁང་དང་སྒྲུབ་ཁང་ཚང་མ་རྙིང་མ་བཤིག། གསར་བ་བཞེངས་པ་ལན་མང་བྱས་མཐར། རྒྱ་ནག་དང་བོད་གཉིས་ཀྱི་ནང་བསྟན་སྤེལ་སའི་དགོན་པར་གྱུར། དུས་སྐབས་ཤིག་ན་ནང་བསྟན་ལ་གཏོར་བཤིག་ཆེན་པོ་བྱུང་བར་གྲགས། །གང་ལྟར་ཡང་དེང་སང་དྲན་པའི་གནས་རི་དེ་མཛུབ་གུ་འཛུགས་ས་མི་རྙེད་པར་གྱུར་ཏོ། །

ཀོང་ཙེའི་མཆོད་རྟེན་གླིང་།

说明: IMG_4696_new

  དེ་ཡང་དབུས་རིའམ་དབུ་རིའི་བང་དུ་གཡུང་དྲུང་ལྷ་སྟེང་སྤོ་ཞེས་པ་དེ་ཡོད། དེ་ཡི་གཡས་ཟུར་ན་བྲག་ཕུག་ངོ་མཚར་བ་ཅན་ཞིག་ཡོད། གནས་དེ་ལ་རྒྱ་བོན་ཟིང་པ་མཐུ་ཆེན་གྱིས་ཕྱག་བྲིས་ཨ་དཀར་དང་རང་བྱུང་གི་ཆུ་མིག་མདོག་ཅན་ཡོད། དེའི་ཟུར་ན་རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་མཆོད་རྟེན་ཡོད་དེ། ངེས་གསང་ལུང་གི་སྙིང་པོ་ལས། དབུ་རིའི་གཡས་ཟུར་བྲག་ཕུག་ངོ་མཚར་ཅན། །རང་འབྱུང་མཐོང་སྒོ་མ་སྒྲིབ་གསལ་བ་ལ། །ལས་དག་རྣམས་ཀྱིས་ཞི་ཁྲོའི་ལྷ་ཞལ་མཇལ། །ལྗོན་ཤིང་བསིལ་གཡབ་ཧཱུྃ་སྒྲ་བསྒྲོགས་པ་ལ། །ཏིང་འཛིན་སྒོམ་ན་ཉམས་རྟོགས་བརྒྱ་འགྱུར་འཕེལ། །རྒྱ་བོན་ཟིང་བས་ཕྱག་བྲིས་ཨ་དཀར་དང་། །རང་འབྱུང་ཆུ་མིག་གཡུ་ཡི་མདོག་ཅན་ཡོད། །ཤེལ་གྱི་རི་ལ་ཀོང་ཙེ་འཕྲུལ་རྒྱལ་གྱི། །སྨོན་ལམ་བཏབ་པའི་མཆོད་རྟེན་རང་འབྱུང་དང་། །གཤེན་རབ་སྟོན་པའི་ཕྱག་མཁར་རྗེས་ཀྱང་ཡོད། །ཅེས་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་མཆོད་རྟེན་དེ་ནི་སྔོན་ཆད་རྒྱ་གར་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་གྱིས་དགྲ་བཅོམས་པ་མ་ཏང་ཀི་པས་ལྷའི་མིག་གི་མངོན་ཤེས་ཀྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་གཟིགས་ཏེ་ངོས་བཟུང་བ་ཡིན་ཞེས་བཤད་མཁན་ཡང་ཡོད། གང་ལྟར་ཡང་། ཐང་རྒྱལ་རབས་ཀྱི་དུས་སུ་རྨང་གཞི་ཉིས་བརྩེགས་དང་ཟུར་བརྒྱད་གྱི་རྣམ་པར་བཞེངས་ཡོད། ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་ཚར། །མཆོད་རྟེན་འདི་ཡི་མདུན་དུ། བོན་པོ་རྣམས་ཀྱིས་གཤེན་རབ་སྟོན་པའི་ཕྱག་མཁར་རྗེས་ཀྱང་ཡོད་ཟེར། བན་དེ་རྣམས་ཀྱིས་ཐུབ་པའི་ཞབས་རྗེས་ཀྱི་རྡོ་ཡོད་ཟེར། དེང་སང་ཡོད་པའི་ནོར་བུ་ཆེན་པོའི་མཆོད་རྟེན་དེ་ནི་ཀོང་ཙེ་འཕྲུལ་རྒྱལ་གྱིས་མཆོད་རྟེན་བཞེངས་པའི་གནས་ཡིན་མིན་ལ་བརྟག་དཔྱད་བྱ་དགོས། །རི་བོ་རྩེ་ལྔ་ལ་བོན་བསྟན་དར་ནས་བཟུང་མི་ལོ་སྟོང་ཕྲག་མང་པོ་ལ་འགྱུར་བ་སྣ་ཚོགས་འབྱུང་བ་ནི་དངོས་པོའི་གཤིས་ལུགས་སོ། །ཕྱིས་སུ་རྒྱ་གར་ནང་ཆོས་རྒྱ་ནག་ལ་དར། དེ་ནས་རི་བོ་རྩེ་ལྔ་ལ་དར། རི་བོ་རྩེ་ལྔ་ལ་སྔ་ཕྱི་བར་གསུམ་དུ་དགོན་པ་དང་ལྷ་ཁང་མང་པོ་བཞེངས་ཡོད། སྤྱིར་རི་བོ་རྩེ་ལྔའི་ནང་སྐོར་ལ་ལྷ་ཁང་དྲུག་ཅུ་རེ་བཞི་དང་། ཕྱིའི་སྐོར་ལ་སུམ་ཅུ་སོ་དྲུག་ལྷག་ཡོད་པར་བཤད་པའི་ལོ་ཚིགས་དང་། རི་བོ་རྩེ་ལྔར་བོན་བསྟན་དར་ནས་མཐར་མེད་པར་སོང་བའི་བར་གྱི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་རྒྱུ་ནི་གལ་ཆེན་ཞིག་རེད་སྙམ། །

སྨྲ་སེང་སྒྲུབ་ཕུག 文殊洞

  རི་བོ་རྩེ་ལྔའི་ནོར་བུའི་མཆོད་རྟེན་གྱི་ནུབ་ཕྱོགས་སྤྱི་ལེ་དགུ་ཙམ་གྱི་མཚམས་སུ་སྨྲ་སེང་སྒྲུབ་ཕུག་ཅེས་བྱ་བ་ཡོད་པར་དེ། བཤད་ཕྱོགས་ཤིག་ལ་ནི། རྒྱ་ནག་ལེགས་ཏང་རྨང་པོའི་སྒྲུབ་གནས་ཡིན་པར་མ་ཟད། གཙུག་ལག་རྩིས་ཀྱི་བསྟན་པ་སྤེལ་བའི་གནས་ཡིན་པར་བཤད་དོ། །ལུང་པ་དེའི་ནང་དུ་རྣམ་འཇོམས་ཀྱི་སྒྲུབ་ཕུག་དང་ཀུན་ཏུ་བཟང་པོའི་སྒྲུབ་ཕུག་སོགས་སྒྲུབ་ཕུག་འགའ་ཡོད། རི་བོ་རྩེ་ལྔའི་ནོར་བུའི་མཆོད་རྟེན་ནས་མར་སྤྱི་ལེ་བཅུ་གཉིས་མཚམས་སུ་ཟླ་བ་གསལ་བའི་རྫིང་བུ་ཞེས་པ་དེ་ཡང་རྣམ་འཇོམས་ཀྱི་གནས་རི་ཡིན་པར་བཤད། བན་དེས་དཔལ་རྡོ་རྗེ་སྡེར་མོའི་གནས་ཡིན་པར་བཤད།

དྭངས་བསིལ་རྡོ། 清凉石

说明: IMG_256

  དྭངས་བསིལ་རྡོ་འདིལ་སྨྲ་བའི་སེང་གེ་བཞུགས་ཁྲི་ཡིན་ཟེར་བ་དང་། རྒྱ་ནག་ལེགས་ཏང་རྨང་པོའི་བཞུགས་ཁྲི་ཡིན་ཟེར་བའི་ངག་རྒྱུན་ཅི་རིགས་ཡོད། ཡང་ལ་ལས་བཤད་ན། སྔོན་ཚེ་ཀླུ་ཡི་རྒྱལ་པོས་རྗེ་བཙུན་འཇམ་པའི་དབྱངས་ལ་བཞུགས་ཁྲིར་ཕུལ་བར་གསུང་པ་ནི་ལྷ་སྒྲུང་གྱི་རྣམ་པར་ཅན་ནོ། །

རི་བོ་རྩེ་ལྔ་གནས་རྟེན་ཁྱད་པར་ཅན་ཡོད་ཚུལ་བསྟན་པ།

  བཅུ་གཅིག་པ་ནི། ངེས་གསང་ལུང་གི་སྙིང་པོ་ལས། དབུ་རིའི་རྒྱབ་ཏུ་སྦས་ཡུལ་གྲོང་ཁྱེར་དང་། །ལས་ལྡན་རྣམས་ཀྱིས་དངོས་གྲུབ་ཞུ་ས་ཡོད། །ཤར་རིའི་མདུན་དུ་ཚེ་དབང་རིག་འཛིན་གྱི། །ཕྱག་གི་རྗེས་དང་ཟབ་མོ་གཏེར་ཁ་ནི། །རྒྱལ་བློན་འབངས་ཀྱི་ཚུལ་དུ་གནས་པ་ཡོད། །བྱང་གི་རི་ལ་ཆུ་མིག་སྣ་ལྔ་ཡོད། །སྡིག་སྒྲིབ་དག་ཅིང་ཤེས་རབ་འཕེལ་བ་ཡིན། །ནུབ་ཀྱི་རི་ལ་རིག་འཛིན་འདུས་པའི་ཞིང་། །དུས་བཟང་རྣམས་ལ་དུང་གླིང་སྒྲ་ཡང་ཐོས། །ལྷོ་ཡི་རི་ལ་རིན་ཆེན་སྣ་ལྔ་ཡི། །གཏེར་ཁ་ལྔ་དང་རིག་འཛིན་མཁའ་འགྲོ་ཡི། །ཐུགས་སྒྲུབ་ཆ་ལག་ལྔ་ལྡན་གཏེར་དུ་ཡོད། །འདི་འདྲའི་གནས་མཆོག་ཁྱད་པར་འཕགས་པ་ལ། །བཀའ་རྟགས་རང་འབྱུང་ཡིག་འབྲུ་གྲངས་འདས་ཀྱང་། །རེ་རེ་བཤད་ཀྱང་དག་སྣང་མི་འབྱུང་བས། །དུས་ཀྱི་མཐའ་འདིར་ཅུང་ཙམ་སྦས་པར་བྱ། །དོན་འདུས་དཀར་ཆག་ངེས་གསང་སྙིང་པོ་འདི། །ཌཱཀྐིའི་བརྡ་དཀྲོལ་ཡི་གེའི་རིས་སུ་བྲིས། །ཞེས་སོ། །གནས་རི་འདི་ལ་འགྱུར་བ་སྣ་ཚོགས་བྱུང་བ་དང་འབྱུང་བཞིན་པའོ། །སྔ་མོའི་དུས་ན་རི་བོ་རྩེ་ལྔ་ལ་དགོན་པ་བརྒྱ་དང་རྩ་བརྒྱད་སོགས་དགོན་མ་ལག་མང་པོ་ཡོད་པར་བཤད་དོ། །

རི་བོ་རྩེ་ལྔའི་གནས་འདུའི་དུས་ཚིགས་བསྟན་པ།

  བཅུ་གཉིས་པ་ནི། སྤྱིར་གནས་མཆོག་འདི་དག་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་འགྲོ་དོན་འབྱུང་བར་བྱིན་གྱིས་བརླབས་པ་ཡིན་པས། དུས་ནམ་ཡང་ཕྱག་བསྐོར་སྒྲིབ་སྦྱོང་སོགས་འབྲེལ་བ་ཅི་ཙམ་བཞག་པ་དེ་ཙམ་གྱི་ཕན་ཡོན་རྗེས་སུ་འབྱུང་བ་ཡིན་པས་དུས་ཚོད་ལ་ངེས་བཟུང་མེད་ནའང༌། འོན་ཀྱང་གནས་བདག་རིག་འཛིན་དཔའ་བོ་དཔའ་མོ་མཁའ་འགྲོ་བོན་སྐྱོངས་གསང་བའི་སྤྱོད་པ་ལ་འདུ་ཚུལ་གྱི་ཁྱད་པར་ལ་བརྟེན་ནས་དུས་ཚོད་ངོས་བཟུང་ཁྱད་པར་བའང་ཡོད་དེ། གནས་ཡིག་ལས། སྤྲེལ་ལོ་འབྲུག་ཟླ་གནས་ཀྱི་འདུ། །སྨྲ་བའི་སེང་གེའི་ལྷ་ཚོགས་རྣམས། །ཞིང་འདིར་འབྱོན་ལ་དངོས་གྲུབ་སྩོལ། །ཞེས་སྤྲེལ་ལོ་དེ་ལ་གནས་འདུ་ཡིན། གནས་འདུ་དེ་ལ་རིགས་གཉིས་དབྱེ། གཅིག། སྤྲེལ་ལོ་ལ་གནས་འདུ་བའི་དུས་ཆེན་ཡིན། གཉིས། སྤྲེལ་ལོའི་འབྲུག་ཟླ་ནས་གནས་ཀྱི་འདུ་བའི་དུས་ཆེན་ཡིན། དུས་འདི་ལ་གནས་བདག་དང་སྨྲ་སེང་རིགས་ལྔ་དང་རིག་པའི་གནས་ལྔའི་ལྷ་ཚོགས་ཐམས་ཅད་གནས་གཅིག་ཏུ་ཚོགས་སུ་འདུ་བའི་དུས་ཡིན་པས། དེ་ལ་དགེ་སྒྲུབ་སྡིག་བཤགས་དང་མཆོད་འབུལ་གང་བྱེད་ཀྱང་རྟེན་གྱི་སྒོ་ནས་སྟོབས་ཆེ་བ་དང༌། ལྷག་པར་དུ་གནས་ཞལ་འབྱེད་ཚུལ་ལ་ཕྱི་ནང་གི་རྟེན་འབྲེལ་ལྷན་ཅིག་ཏུ་འཛོམས་པའི་དུས་ཀྱི་དབང་གིས་འབྲུག་ཟླ་ལ་དུས་བྱིན་གྱིས་བརླབས་པས་འགྱུར་སྟོབས་ཆེ་བ་དང༌། ཞིང་དང་དུས་ཀྱི་མཐུ་ཆེ་བའི་སྐབས་དེར་གསོལ་འདེབས་དང་ཕྱག་མཆོད་བསྐོར་བ་སོགས་ལ་བརྩོན་ན་ཕན་ཡོན་གཞན་ལས་ཆེ་བ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཅི་རིགས་སྟེར་བ་སོགས་ཚེ་འདི་ཕྱི་གཉིས་ཀྱི་དོན་འགྲུབ་པའོ། །

རི་བོ་རྩེ་ལྔའི་གནས་འདུ་ཕན་ཡོན་བསྟན་པ།

说明: 2015-06-02 123342

  བཅུ་གསུམ་པ་ནི། སྤྱིར་རྒྱལ་བའི་སྐུ་གཟུགས་སྤྱན་ཅན་དང་། གསུང་རབ་གླེགས་བམ། ཐུགས་རྟེན་མཆོད་རྟེན་ལ་དད་པས་མཇལ་ཞིང་ཕྱག་མཆོད་བསྐོར་བ་ཕུད་དུད་སོགས་བགྱིས་པའི་ཕན་ཡོན་ཚད་མེད་པ་ཡོད་པའི་ཚུལ་ནི་རྒྱལ་བའི་བཀའ་དྲི་མེད་གཟི་བརྗིད་སོགས་མདོ་རྒྱུད་རྣམས་ལས་གསུངས་པ་ལྟར་ལ། འདིར་ནི་རྒྱལ་བའི་ཐུགས་རྗེ་དང་སེམས་ཅན་གྱི་བསོད་ནམས་ཀྱི་སྟོབས་ལས་གྲུབ་པའི་རང་བྱུང༌གི་གནས་རི་ལ་ཕྱག་བསྐོར་སོགས་ཀྱི་ཕན་ཡོན་ཡོད་པ་ནི། ཚེ་དབང་རིག་འཛིན་ཞུས་ལན་ལས། རིག་འཛིན་མཁའ་འགྲོ་འདུ་བའི་གནས། །མ་རིག་བློ་ཡིས་མི་མཐོང་ཡང༌། །མཁའ་ལ་སྐར་ཚོགས་བཀྲ་ལྟར་བཞུགས། །ཚོགས་དང་སྒོམ་སྒྲུབ་སྨོན་ལམ་འདེབས། །འབྲེལ་ཚད་ཐམས་ཅད་འདྲེན་པར་ངེས། །ཞེས་པ་སོགས་མཐའ་ཡས་པར་གསུངས་སོ། །ཁྱད་པར་དུ་གནས་ཆེན་རི་བོ་རྩེ་ལྔ་འདི་ལ་བསོད་ནམས་བསགས་པའི་ཕན་ཡོན་ནི། ངེས་གསང་ལུང་གི་སྙིང་པོ་ལས། གནས་འདི་ཞལ་མཇལ་ངན་སོང་སྐྱེ་སྒོ་ཁེགས། །ཞེས་གསུངས་སོ། །རི་བོ་རྩེ་ལྔའི་གནས་ནི་ཕྱི་ལྟར་རྒྱལ་བ་རིགས་ལྔའི་གནས། ནང་ལྟར་རིག་པའི་གནས་ལྔའི་གནས། གསང་བ་ལྟར་ན་ཕྱྭ་སྲས་ཀེང་ཙེ་རིགས་ལྔ་དང་སྨྲ་སེང་རིགས་ལྔའི་གནས། ཡང་གསང་ལྟར་ན་སྐུ་ལྔ་ཡེ་ཤེས་ལྔའི་གནས་གནས་ཁྱད་དུ་འཕགས་པ་ཡིན་པ་དང༌། དེ་ལས་ཀྱང་སྟོན་པ་གཤེན་རབ་མི་བོ་ཞབས་བཅགས་པ་དང་། རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ། རྒྱ་སྲས་ཀོང་ཚ་འཕྲུལ་བསྒྱུར་གྱི་སྤྲུལ་པ་འཇམ་དཔལ་སྨྲ་བའི་སེང་གེ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ། ཁོད་སྤུངས་དྲན་པ་ནམ་མཁའ། མཁའ་འགྲོ་མ་ཧཱ་ཉི་འོད། མཁའ་འགྲོ་རིན་ཆེན་དཔལ་མཛེས་མ། འགྲོ་མགོན་ཚེ་དབང་རིག་འཛིན། རྒྱ་གཤེན་དོད་དེ་རྒྱལ་ལྕམ། ཧྭ་ཤང་རྒྱ་བོན་སོགས་རིག་འཛིན་གོང་མའི་སྒྲུབ་གནས་ཡིན་པ་དང་། རྨ་སྟོན་སྲིད་འཛིན་ལ་སོགས་ཀྱི་གཏེར་གྱི་སྦས་གནས་ཡིན་པས་གསང་སྔགས་དང་སེམས་ཕྱོགས་བླ་མེད་ཀྱི་ཉམས་ལེན་འཕེལ་བ་དང༌། གནས་དེ་ཆེ་བ་ཕྱི་ཞི་བའི་གནས་དང་། ནང་རྒྱས་པའི་གནས། གསང་བ་དབང་གི་གནས། ཡང་གསང་དྲག་པོའི་གནས་སོགས་རྒྱལ་བའི་ཕྲིན་ལས་རྣམ་བཞིའི་གནས་ཡིན་པས་གནས་འདི་ཞལ་མཇལ་བ་ཙམ་གྱི་ངན་སོང་གནས་གསུམ་དུ་སྐྱེ་བའི་སྒོ་ཁེགས་པ་དང་། བོན་དང་མཐུན་པའི་སྒྲུབ་པ་པོས་ཚུལ་བཞིན་དུ་བསྟེན་ན་ཞི་རྒྱས་དབང་དྲག་གི་ལས་རྣམས་མྱུར་དུ་གྲུབ་པ་སོགས་ཕན་ཡོན་བསམ་ལས་འདས་སོ། །

རི་བོ་རྩེ་ལྔ་ལ་གནས་སྐོར་བྱེད་ཚུལ་བསྟན་པ།

说明: IMG_4341

  བཅུ་བཞི་པ་ནི། སྤྱིར་གནས་རི་རེ་ལ་སྐོར་ལམ་རེ། བསྐོར་ལམ་རེ་ལ་བཤད་པ་རེ། ཞེས་པ་ལྟར་ཞང་བོད་ཀྱི་གནས་རིའི་བསྐོར་ལམ་ལ་ཕྱི་བསྐོར་དང་། ནང་བསྐོར། མཐའ་བསྐོར་དང་གསུམ། ཡང་ན། སྟེང་བསྐོར། འོག་བསྐོར། བར་བསྐོར་གསུམ་དང་། ཡང་རྩེ་བསྐོར་དང་། བར་བསྐོར། མཐའ་བསྐོར་བཅས་དབྱེ་སྟངས་མི་འདྲ་བ་འགའ་ཡོད། རི་བོ་རྩེ་ལྔའི་གནས་འདི་ལ། གནས་ཡིག་ལས། གནས་བསྐོར་ལམ་ལ་རྣམ་པར་གསུམ། །རྩེ་བསྐོར་དབུས་རིའི་རྩ་བའི་ལམ། །བར་བསྐོར་རི་བོ་རྩེ་ལྔའི་ལམ། །མཐའ་བསྐོར་རི་ཆུ་མང་བའི་ལམ། །ཞེས་སྐོར་ལམ་ལ་རྩེ་སྐོར་དང་། བར་སྐོར། མཐའ་སྐོར། ཡང་ན་ཕྱི་སྐོར། ནང་སྐོར། མཐའ་སྐོར་དང་གསུམ་སོགས་དབྱེ་བ་ཡོད། རྩེ་སྐོར་ནི། རི་བོ་རྩེ་ལྔ་ཡི་ནང་ཚན་དབུས་རིའམ་དབུ་རི་སྐོར་བ་ཡིན་ལ། བར་སྐོར་ནི། ཤར་རི་སོགས་རི་བོ་རྩེ་ལྔ་དེ་སྐོར་བ་ཡིན། དེང་སང་སྐོར་བ་འགྲོ་བ་དེ་ནི་བར་སྐོར་ཡིན། མཐའ་སྐོར་ལ་ནི་ཉིན་ལམ་ལྔ་ཡོད་པར་བཤད། མཐའ་སྐོར་ནི། གནས་རི་ཡན་ལག་དང་བཅས་པའི་གནས་བདག་གཙོ་འཁོར་ཐམས་ཅད་ཀྱི་མཐའ་ནས་སྐོར་བའོ། ། དེ་དག་གང་ལྟར་སྐོར་ཡང་ཆོག་མོད་ཀྱི། མཐའ་སྐོར་རིང་པོ་ནི་སྤྱིར་ཕྱག་སྐོར་གྱི་འབྲེལ་འཇོག་བྱེད་པ་ཙམ་ལ་འགལ་བ་མེད་ཅིང་ཕན་ཡོན་དང་ལྡན་ནོ། །བྱེ་བྲག་ཏུ་རི་བོ་རྩེ་ལྔའི་སྐོར་བ་བྱེད་སྟངས་ལ། བོན་ལུགས་ལ་ནོར་བུ་ཆེན་པོའི་མཆོད་རྟེན་ནས་ཤར་རི་ལ་འགྲོ། དེ་ནས་བྱང་རི། དེ་ནས་དབུས་རི། དེ་ནས་ནུབ་རི། དེ་ནས་ལྷོ་རིར་སྐོར་བ་དང་། བན་དེ་དག་གིས་ནོར་བུ་ཆེན་པོའི་མཆོད་རྟེན་ནས་ལྷོ་རི། དེ་ནས་ནུབ་རི། དེ་ནས་དབུས་རི། དེ་ནས་བྱང་རི། དེ་ནས་ཤར་རིར་བསྐོར་བ་སོགས་བྱེད་སྟངས་ལ་ཁྱད་པར་ཡོད་དོ། །སྐོར་བ་བྱེད་སྟངས་དེ་གཉིས་ལ་གཡས་སྐོར་དང་གཡོན་སྐོར་ཙམ་གྱིས་ཁྱད་པ་ལས། དོན་དུ་རང་གི་སེམས་ལ་རག་ལས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན། དེའི་ཕྱིར་ཐམས་ཅད་སེམས་ལ་རག་ལས་སོ། །ཞེས་སོ། །དེང་སང་མཁས་རློམ་རྨོངས་དད་ཅན་འགའ་ཞིག་གིས་གཡས་སྐོར་བྱས་ན་ཚོགས་གཉིས་རྫོགས་ལ། གཡོན་སྐོར་བྱས་ན་ཚོགས་ངན་བསགས་པ་དང་བསོད་ནམས་ཟད་འགྲོ་ཟེར་བ་སོགས་ནི་བླུན་གཏམ་ཁོ་ནར་ཟད་དོ། །སྤྱིར་སྐོར་བ་བྱེད་ཚུལ་ནི་སྐྱེ་བོ་ཕལ་པ་རྣམས་ཀྱིས་ལུས་སྒྲིབ་དག་པའི་ཆེད་དུ་ལུས་གུས་པ་དང་བཅས་པས་གནས་སྐོར་འགྲོ་བ། དེང་སང་འཕྲུལ་འཁོར་ལ་བསྡད་ནས་འགྲོ་བ་ཡང་ཡོད། ངག་སྒྲིབ་དག་པའི་ཆེད་དུ་གསོལ་འདེབས་དང་སྨྲ་སེང་བསྙེན་འཛབ་དབྱངས་དང་བཅས་པ། ཡིད་སྒྲིབ་དག་པའི་ཆེད་དུ་མོས་གུས་དག་སྣང་དང་བཅས་པས་སྐོར་བ་དང༌། འདུལ་ཁྲིམས་པས་འདུལ་བ་དང་མཐུན་པར་སྒོ་གསུམ་བག་ཡོད་དང་ལྡན་པ། །གསང་སྔགས་པས་ཕྱི་སྣོད་ལྷ་ཡི་གཞལ་ཡས་ཁང་དང་ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ་པའི་སྒོ་ནས་གནས་སྐོར་དང་ཕྱག་མཆོད་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་སེམས་དང་མཐུན་པར་ཚད་མེད་བཞི་དང་བྱང་ཆུབ་སེམས་བསྐྱེད་རྣམ་དག་དང་ལྡན་པས་སྐོར་བ་སྟེ། དེ་དག་གང་ལྟར་ཡང་མི་དགེ་བའི་བསམ་སྤྱོར། ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་སྤངས་ནས་དགེ་སེམས་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་བསྐོར་བ་བྱ། མདོར་ན་གནས་ལ་དམིགས་ཏེ་ཐལ་མོ་ཡ་གཅིག་སྦྱར་བའམ་མེ་ཏོག་གཅིག་འཐོར་བ། ཡང་ན་སྙིང་པོ་གཅིག་བགྲང་བ་ཡན་ཆད་ཀྱི་བཟང་འབྲེལ་ཅི་ཐོགས་བྱས་ཤིང་སྐོར་བ་ནུས་ཚད་དུ་བྱ་དགོས་སོ། །བྱེ་བྲག་རི་བོ་རྩེ་ལྔ་ལ་སྐོར་ཚུལ་ནི། ཐོག་མར་སྐོར་ལམ་ལ་འཇུག་པའི་སྒོ་ལ་ཁྱད་མེད་ཀྱང་རེ་ཞིག་གནས་ཀྱི་མདུན་སྒོ་ནོར་བུ་ཆེན་པོའི་མཆོད་རྟེན་ནས་འཇུག་པའི་དབང་དུ་བྱས་ན། ཐོག་མར་ཁྲུས་དང་སྤོས་བསང་བྱས་ལ། དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད། གསོལ་འདེབས་དང་མཎྡལ་ཅི་རིགས་བྱེད། དགེ་འདུན་སེམས་དཔའི་སྡེ་རྣམས་ཀྱི་ཚོགས་འཁོར་དང་མཎྡལ་འབུལ། བསྟན་རྒྱས་སྨོན་ལམ་སོགས་རང་བློ་དང་མཐུན་པའི་སྒོ་ནས་འབད་པར་བྱའོ། ། སོར་སྐྱེ་ཕལ་བ་རྣམས་ཀྱིས་སྨྲ་སེང་བསྙེན་པ་སོགས་སྙིང་པོའི་མགུར་དབྱངས་འཐེན་བཞིན་འཕྲང་ལམ་ལ་ཞུགས་ཏེ། དགོན་པ་དང་མཆོད་རྟེན་ལྷ་སྐུ་སོགས་བཀའ་རྟགས་རྣམས་མཇལ་ཚེ་དེ་དེར་དངོས་སུ་མོས་ལ་ཕྱག་མཆོད་གསོལ་འདེབས་བྱ། ཚེ་འདི་ལ་བར་ཆོད་སེལ་ཞིང་དགེ་སྦྱོར་མཐར་ཕྱིན་དང་། ཚེ་ཕྱི་མ་ལ་གཡུང་དྲུང་བོན་དང་འཕྲད་པའི་སྨོན་ལམ་འདེབས། བསྟན་པ་རྒྱས་པའི་སྨོན་ལམ་དང་ཕན་བདེའི་སྨོན་ལམ་གདབ། བཀའ་རྟགས་ཕྱག་རྒྱ་དང་རིག་འཛིན་རྣམས་ཀྱི་ཕྱག་ཞབས་རྗེས་མཇལ་ཚེ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པར་འབུལ་བ་དང་། གསོལ་འདེབས་ཡང་ཡང་བྱ། ནད་གདོན་སྡིག་སྒྲིབ་ཞི་བའི་སྨོན་ལམ་གདབ། དེ་ནས་སྐོར་མདུད་ཕོག་མཚམས་སུ་བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །

རི་བོ་རྩེ་ལྔ་མཇལ་སྐོར་བྱེད་པའི་ཕན་ཡོན་བསྟན་པ།

说明: IMG_4547_DMBak

  བཅོ་ལྔ་པ་ནི། གནས་རི་འདི་ལ་གནས་སྐོར་བྱེད་པའི་ཕན་ཡོན་ནི། སྤྱིར་འཛམ་གླིང་ཞི་ཞིང་བདེ་བ། ཆར་ཆུ་དུས་སུ་འབབ་པ་དང་། རྒྱལ་ཁབ་རྒྱས་ཤིང་མི་དམངས་བདེ་བ། གནོད་འཚེ་ཞི་བ། སྡིག་སྒྲིབ་དག་པ། ནད་གདོན་ཞི་བ། རྐྱེན་ངན་ཟློག་པ། འགལ་རྐྱེན་མེད་པ། མཐུན་རྐྱེན་འཛོམ་པ། མི་རབས་ནས་མི་རབས་བར་དུ་དགེ་བའི་ལས་དང་དགེ་བའི་བཤེས་གཉེན་དང་འཕྲད། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། ངེས་གསང་ལུང་གི་སྙིང་པོ་ལས། སྐོར་བ་གསུམ་གྱིས་ཕ་མའི་དྲིན་ལན་སོབ། །སྐོར་བ་བཅུ་ཡིས་མཚམས་མེད་ལས་སྒྲིབ་བྱང་། །སྐོར་བརྒྱ་བཞེངས་ན་ཐོད་པ་སླར་མི་ལེན། །རྐྱང་ཕྱག་འཚལ་ན་འགྲོ་འདྲེན་སྟོན་པར་སྐྱེས། །རྣམ་ལྔ་ཕུལ་ན་བསོད་ནམས་ཚོགས་ཆེན་རྫོགས། །ཚོགས་འཁོར་བསྐོར་ན་ས་ནོན་རིག་འཛིན་ཐོབ། །ལུང་ཟིན་གནས་མཆོག་ཁྱད་པར་འཕགས་པ་ལ། །དུས་མཐའི་འགྲོ་རྣམས་དག་སྣང་རྙེད་པར་ཤོག །བདག་དང་བདག་འདྲའི་བློ་རྨོངས་གཡེང་བ་ཅན། །གནས་འདིར་ཞལ་མཇལ་སྐོར་ཚད་བཞེངས་ནུས་ཤིང་། །སྒྲིབ་བྱང་ཚོགས་རྫོགས་དོན་གཉིས་མཐར་ཕྱིན་ཤོག ། མ་འོང་གནས་འདིར་གཡུང་དྲུང་བོན་བསྟན་གྱི། །གསང་སྔགས་ཟབ་མོ་སྒོམ་པའི་སྒྲུབ་སྡེ་ནི། །གྲངས་མེད་འཕེལ་བའི་གདུལ་བྱ་འགྱུར་བར་ཤོག །བདུད་ཀྱི་རྒུད་ཚོགས་མ་ལུས་ཀུན་ཞི་ཞིང་། །བསྟན་འགྲོའི་ཕན་བདེ་ཉི་མ་མངོན་ཤར་ནས། །མཐར་ཐུག་འགྲོ་རྣམས་མངོན་སངས་རྒྱས་པར་ཤོག །ཅེས་པས་བསྟན་པ་ལ། སྤྱི་གནས་རི་གང་ཞིག་ལ། རྩེ་སྐོར་གཅིག་ལ་དགེ་བའི་ཕན་ཡོན་བྱེ་ཆེན་གཅིག་དང་ནི། བར་སྐོར་གཅིག་ལ་བྱེ་ཆེན་བཞི། མཐའ་སྐོར་གཅིག་ལ་བྱེ་ཆེན་བདུན་སོགས་ཡོད་ཚུལ་བསྟན། སྐབས་འདིར་ངེས་གསང་ལུང་གི་སྙིང་པོ་ལྟར་ན་རི་བོ་རྩེ་ལྔའི་གནས་རི་འདི་ལ་སྐོར་བ་ལན་གསུམ་བྱེད་ན་དྲིན་གཟོད་པ་དཀའ་བ་དྲིན་ཆེན་ཕ་མའི་དྲིན་ལན་སོབ་པ་དང་། སྐོར་བ་ལན་བཅུ་བྱས་ན། བཤགས་པ་དཀའ་བ་ཕ་མ་དང་བུ་རྒྱུད་བསད་པ་སོགས་མཚམས་མེད་པ་ལྔའི་ལས་སྒྲིབ་བྱང་བ་དང་། སྐོར་བ་ལན་བརྒྱ་བྱས་ན་ཐར་པའི་ས་བོན་རྒྱུད་ལ་ཐེབས་ནས་ཕྱིར་འཁོར་བ་སྐྱེ་བ་མི་ལེན་པ་དང་། གནས་འདི་ལ་རྐྱང་ཕྱག་འཚལ་ན། ཕྱི་མར་འགྲོ་བ་འདྲེན་པའི་སྟོན་པར་སྐྱེས་བ་དང་། མེ་ཏོག་སོགས་རྣམ་ལྔ་དང་རྣམ་བརྒྱད་ཕུལ་ན་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པ་དང་། གནས་འདིར་ཚོགས་འཁོར་སྐོར་ན་མཐོང་ལམ་སོགས་ས་བཅུ་རིམ་གྱིས་ནོན་ཞིང་རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཕན་ཡོན་བསམ་ལས་འདས་སོ། །

བསྔོ་བ་དང་སྨོན་ལམ་བསྟན་པ།

  བཅུ་དྲུག་པ་ནི། ངེས་གསང་ལུང་གི་སྙིང་པོ་ལས། ལུང་ཟིན་གནས་མཆོག་ཁྱད་པར་འཕགས་པ་ལ། །དུས་མཐའི་འགྲོ་རྣམས་དག་སྣང་རྙེད་པར་ཤོག །བདག་དང་བདག་འདྲའི་བློ་རྨོངས་གཡེང་བ་ཅན། །གནས་འདིར་ཞལ་མཇལ་སྐོར་ཚད་བཞེངས་ནུས་ཤིང་། །སྒྲིབ་བྱང་ཚོགས་རྫོགས་དོན་གཉིས་མཐར་ཕྱིན་ཤོག །མ་འོང་གནས་འདིར་གཡུང་དྲུང་བོན་བསྟན་གྱི། །གསང་སྔགས་ཟབ་མོ་སྒོམ་པའི་སྒྲུབ་སྡེ་ནི། །གྲངས་མེད་འཕེལ་བའི་གདུལ་བྱ་གྱུར་པར་ཤོག །བདུད་ཀྱི་རྒུད་ཚོགས་མ་ལུས་ཀུན་ཞི་ཤིང་། །བསྟན་འགྲོའི་ཕན་བདེ་ཉི་མ་མངོན་ཤར་ནས། །མཐར་ཐུག་འགྲོ་རྣམས་མངོན་སངས་རྒྱས་པར་ཤོག །ཅེས་གསུངས་སོ། །སྤྱིར་གནས་རིའི་ཡོན་ཏན་དང་ཁྱད་བོན་ནི་བདག་ལྟ་བུ་ཚུར་མཐོང་གི་སྤྱོད་ཡུལ་མིན་པས་དེ་ཙམ་གྱིས་ཆོག་པར་མཛད་དོ། །

  སྨྲས་པ། བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་ནས། །བསྟན་པའི་གཉེར་གཏད་བརྒྱུད་འཛིན་རིམ་བྱོན་རྣམས། །བསྟན་འགྲོའི་ཁོ་ནའི་དོན་དུ་གཉེན་པ་ཡི། །བསྟན་འཛིན་སྐྱེ་མཆོག་དམ་པ་དུས་ཀུན་རྒྱལ། །རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་དང་། །རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་དང་། །རྒྱ་གཤེན་རིག་འཛིན་གོང་མ་བཞུགས་པའི་གནས། །རྒྱ་ནག་རི་བོ་རྩེ་ལྔར་བོན་རྒྱལ་ལོ། །ཕྱི་ལྟར་རྒྱལ་བ་རིགས་ལྔ་འདུས་པའི་གནས། །ནང་ལྟར་རིག་པའི་གནས་ལྔ་འཛིན་པའི་གནས། །གསང་བ་སྨྲ་སེང་རིགས་ལྔའི་བློ་གྲོས་གནས། །ཡང་གསང་སྐུ་ལྔ་ཡེ་ཤེས་ལྔ་ཡི་གནས། །སྔར་ཡོད་གནས་ཡིག་དག་ལ་རྒྱབ་བརྟེན་ཞིང་། །རིག་འཛིན་སྙན་རྒྱུད་རྣམས་ཀྱི་ཞལ་རྒྱུན་རྣམས། །རང་བློ་རྟོག་བཟོའི་དྲི་མས་མ་བསླད་པར། །ཡང་དག་ཚིག་སྦྱོར་བཅས་ཏེ་ལེགས་པར་བསྡེབས། །འོན་ཀྱང་གནས་རིའི་ཁྱད་བོན་ཆུ་གཏེར་འཇིང་། །བདག་བློ་རུ་སྦལ་རྩལ་གྱིས་གཞལ་མི་ནུས། །འགལ་འཁྲུལ་ནོང་པ་ཅི་མཆིས་སྨྲ་སེང་དང༌། །རྒྱ་གཤེན་རིག་འཛིན་ཚོགས་ལ་སྙིང་ནས་འཆགས། །འདི་བརྩམས་དགེ་བའི་འབྲས་བུ་ཅི་མཆིས་པ། །གཤེན་བསྟན་མི་ནུབ་རྒྱ་ནག་ཡུལ་ནས་དར། །བསྟན་འཛིན་སྐྱེས་བུ་ས་ཆེན་ཡོངས་སུ་འགེངས། །མ་གྱུར་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །

  ཞེས་གནས་ཆེན་རི་བོ་རྩེ་ལྔའི་གནས་བཤད་ཀུན་གསལ་གསེར་གྱི་མེ་ལོང་ཞེས་བྱ་བ་འདི་ནི། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ཀྱི་རྣམ་སྤྲུལ། བོན་གྱི་ལྷ་རྗེ་ཆེན་མོ། སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་བཀའ་ནན་སྤྱི་བོར་བབ་པ་ལ་བརྟེན་ནས་རྒྱལ་ཁམས་པ་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ་བདག་གིས་བཀའ་དང་དུ་ལེན་ཏེ་རྒྱལ་གཞུང་དག་ལ་བརྟག་ཅིང་དཔྱད་པ་དང་། དེ་ལས་གཞན་དུ་བླ་མ་དམ་པ་རྣམས་ཀྱིས་གསུང་བདུད་རྩི་འདྲ་བ་དང་། ཡུལ་མི་རྣམས་ཀྱི་ངག་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དུས་རབས་ཉེར་གཅིག་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ༢༠༢༢ལོ་བོད་ཟླ༡༠པའི་ཚེས༡༦ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར་བར་ཅི་བསམ་འགྲུབ་པའི་ཉིན་བཟང་གི་སྔ་དྲོ་ལ་རྒྱ་ནག་ཁྲེང་ཏུའུ་ལ་སྦྱར་བའོ། །བཀྲ་ཤིས་སོ། །༼ཞུ་དག་པ་ཉག་རོང་ཡེ་ཤེས་དགོན་པའི་དགེ་བཤེས་གཡུང་དྲུང་ཉི་མ།༽

  དཔྱད་མཆན།

  1 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་དཔར། ཤ༡༢

  2 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ།》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤ༡༧

  3 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ།》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤ༡༦

  4 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ།》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས༢༠༡༤ལོའི་ཟླ༡༡པར་པར་ཐེངས་དང་པོ་བརྒྱབས། ཤ༢༢

  5 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི། 《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར། ཤོག་ངོས༡༡

  6 《གསང་མཆོག་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་བཞུགས་པའི་དབུ་ཕྱོགས་ལགས་སྷཱོ། །》 དུང་ཕོར་གཏེར་ནས་བླ་མ་གྷུ་རུ་རྣོན་རྩེའི་གཏེར་མ། དུས་རབས་ཉི་ཤུ་པའི་ཡིག་རྙིང་བྲིས་མ། ལྡེབ། ༥༥

  7 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༨༧པ། «བསང་མཆོད་ཡིད་བཞིན་ནོར་བུ» བློ་ལྡན་སྙིང་པོས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ ༡༢༨༦

  8 《གསང་མཆོག་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་བཞུགས་པའི་དབུ་ཕྱོགས་ལགས་སྷཱོ། །》 དུང་ཕོར་གཏེར་ནས་བླ་མ་གྷུ་རུ་རྣོན་རྩེའི་གཏེར་མ། དུས་རབས་ཉི་ཤུ་པའི་ཡིག་རྙིང་བྲིས་མ། ལྡེབ། ༥༥

  9 《བོན་གྱི་རྣམ་གྲངས་ཀུན་བཏུས》 མི་རིགས་དཔེ་སྐྲུན་ཁང་ནས༢༠༡༦ལོའི་ཟླ༡༢པར་པེ་ཅིན་དུ་དཔར་ཐེངས་དང་པོ་བརྒྱབས། ཤ༡༧༦རྒྱ་ནག་གོང་མའི་མཁའ་འགྲོ་འུག་གདོང་ལྔ། དབུས་ཕྱོགས་ལ་མོ་རྩེའི་མཁའ་འགྲོ་མ། ཤར་ཕྱོགས་རི་བོ་རྩེ་ལྔའི་མཁའ་འགྲོ་མ། བྱང་ཕྱོགས་ཟི་ཆུ་ནགས་རིང་མཁའ་འགྲོ་མ། ནུབ་ཕྱོགས་ཀུ་བྱི་འཇང་འདུལ་མཁའ་འགྲོ་མ། ལྷོ་ཕྱོགས་ཁྱི་ཐན་ཁ་གནོན་མཁའ་འགྲོ་མ་དང་ལྔའོ། །མ་རྒྱུད་སྒྲུབ་གཞུང་ཤ་༢༡ན་གསལ།

  10 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》 པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ།》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས༢༠༡༤ལོའི་ཟླ༡༡པར་པར་ཐེངས་དང་པོ་དཔར། ཤ༡༠

  11 《བོན་གྱི་རྣམ་གྲངས་ཀུན་བཏུས》 མི་རིགས་དཔེ་སྐྲུན་ཁང་ནས༢༠༡༦ལོའི་ཟླ༡༢པར་པེ་ཅིན་དུ་དཔར་ཐེངས་དང་པོ་བརྒྱབས། ཤ༦༢༤

  12 《བོན་གྱི་རྣམ་གྲངས་ཀུན་བཏུས》 མི་རིགས་དཔེ་སྐྲུན་ཁང་ནས༢༠༡༦ལོའི་ཟླ༡༢པར་པེ་ཅིན་དུ་དཔར་ཐེངས་དང་པོ་བརྒྱབས། ཤ༦༢༦

  13 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༠༦

  14 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར》 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ། ཤ༤༡

  15 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ།》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས༢༠༡༤ལོའི་ཟླ༡༡པར་པར་ཐེངས་དང་པོ་བརྒྱབས། ཤ༡༠

  16 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གཉིས་པ། ཤ༣༩༦

  17 གཙོ་སྒྲིག་པ་བསོད་ལོས་བསྒྲིགས་པའི《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གསུམ་པ། ཤ༣༥༤

  18 བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། སྨད་ཆ། ཤ ༢༥༣-༢༥༥

  19 «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་། མི་རིགས་དཔེ་སྐྲུན་ཁང་ནས་༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས༡༣༦

  20 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ» པོད་བཅོ་བརྒྱད་པ། «སྟོན་པས་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་མདོ» སྟོན་པ་གཤེན་རབ་མི་བོས་གསུང་། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༡༣༡

  21 《བོན་གྱི་རྣམ་གྲངས་ཀུན་བཏུས》 མི་རིགས་དཔེ་སྐྲུན་ཁང་ནས༢༠༡༦ལོའི་ཟླ༡༢པར་པེ་ཅིན་དུ་དཔར་ཐེངས་དང་པོ་དཔར། ཤ༣༨༣

  22 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༥༤

  23 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ»ལས་གླེགས་བམ༡༢པ། 《གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་ཀྱི་རིམ་པ་སྒྱུ་༼རྒྱུ་༽སྐར་རྒྱན་གྱི་ཕྲིང་༼ཕྲེང་༽བ》 དམུ་རྒྱལ་རྣལ་འབྱོར་ཉི་མས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ལྡེབ༤༠༩

  24 སེང་གེ་རིག་འཛིན་ཉི་མ་དང་ཚེ་རིང་ཐར་གཉིས་ཀྱིས་བསྒྲིགས《གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》中央民族大学“985工程”中国当代民族问题战略研究哲学社会科学创新基地研究项目 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། སྟོད་ཆ། ཤ༡༥༣

  25 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༤༨པ། 《གྱེར་སྤུངས་མཚན་བརྒྱད་ཀྱི་གསོལ་འདེབས》 རིག་འཛིན་དམུ་ཚ་གྱེར་མེད་ཀྱིས་མཛད། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་སྡེབ༡༤༣-༡༤༤

  26 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ ༣༠༨

  27 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༩༢

  28 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༨-༡༡

  29 བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༩༣

  30 གཙོ་སྒྲིག་པ་བསོད་ལོས་བསྒྲིགས་པའི《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན།》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་གསུམ་པ། ཤ༣༥༤

  31 བསོད་ལོས་བསྒྲིགས། «ཚེ་དབང་རིག་འཛིན་ཆེན་པོའི་རྣམཐར་ངོ་མཚར་དཔལ་གྱི་ཉི་ཟླའི་འཁོར་ལོ།» གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། སྨད་ཆ། ཤ ༢༥༣-༢༥༥

  32 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༡༣༧

  33 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༢༢ལོའི་ཟླ་བ༢བར་པར་སྐྲུན་ཐེངས་དང་པོ་བཏབས་པའི། དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་བྲིས་པའི《མ་རྒྱུད་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གཟི་ཡི་དོ་ཤལ》རྩེ་ལྔ་ཞེས་བྲིས་འདུག

  34 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༡༢པ། 《གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་ཀྱི་རིམ་པ་སྒྱུ་༼རྒྱུ་༽སྐར་རྒྱན་གྱི་ཕྲིང་༼ཕྲེང་༽བ》དམུ་རྒྱལ་རྣལ་འབྱོར་ཉི་མས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། ཤོག་ལྡེབ༤༢༠

  35 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༣༠༤

  36 སེང་གེ་རིག་འཛིན་ཉི་མ་དང་ཚེ་རིང་ཐར་གཉིས་ཀྱིས་བསྒྲིགས། 《གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》中央民族大学“985工程”中国当代民族问题战略研究哲学社会科学创新基地研究项目 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། སྟོད་ཆ། ཤ༡༧༩

  37 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༢༢ལོའི་ཟླ་བ༢བར་པར་སྐྲུན་ཐེངས་དང་པོ་བཏབས་པའི། དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་བྲིས་པའི《མ་རྒྱུད་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་གཟི་ཡི་དོ་ཤལ》ཏ་ཧུ་ཞེས་བྲིས་འདུག།

  38 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ» ལས་གླེགས་བམ༡༢པ། 《གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་ཀྱི་རིམ་པ་སྒྱུ་༼རྒྱུ་༽སྐར་རྒྱན་གྱི་ཕྲིང་༼ཕྲེང་༽བ》དམུ་རྒྱལ་རྣལ་འབྱོར་ཉི་མས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ལྡེབ༤༢༤

  39 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༣༣༣

  40 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ»ལས་གླེགས་བམ༡༢པ། « དམུ་རྒྱལ་གསང་བའི་བདག་པོ་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་སྐྱེས་རབས་བཅུ་དྲུག་པ» རྩོམ་པ་པོ་མི་གསལ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༩༡༤

  41 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》 པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ།》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས༢༠༡༤ལོའི་ཟླ༡༡པར་པར་ཐེངས་དང་པོ་བརྒྱབས། ཤ༢༠

  42 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》 པོད་དང་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤ༢༡

  43 《གྱེར་སྤུངས་མཚན་བརྒྱད་ཀྱི་གསོལ་འདེབས》རིག་འཛིན་དམུ་ཚ་གྱེར་མེད་ཀྱིས་མཛད། བྲིས་མ། ཡེ་ཤེས་དགོན་དུ་བཞུགས། ལྡེབ༣ ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།