གནས་ཆེན་མེ་མོ་བྲག་དཀར་སྐོར་གྱི་ངོ་སྤྲོད་མདོར་བསྡུས།

[ཟླ་ཚེས། 2019-11-12 09:11:12][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དང་པོ། གནས་ཆེན་མེ་མོ་བྲག་དཀར་འདི་ནི་མདོ་སྟོད་ཡུལ་གྲུའི་རི་རྒྱུད་རིང་ཤོས་རི་ཚོགས་གྲངས་ལས་འདས་པའི་ནང་གི་གཙོ་བོ་ཡིན་པ། གཞི་རྫ་རི་དཀར་པོ་ལྷུན་ཞིང་བརྗིད་པ་ལ་རི་རྩེར་བྲག་དཀར་ཚོམ་བུ་མང་པོ་ལྷ་བཤོས་བསྒྲིགས་པ་ལྟར་མཚར་དུ་དངར་བ་དང་། ཕྱོགས་འགའ་ཞིག་ལ་བལྟས་ན་ཤེལ་གྱི་བ་གམ་གྱི་སྟེང་དུ་དུང་གི་མཆོད་རྟེན་བསྒྲིགས་པ་འདྲ་བ། འགའ་ཞིག་ལ་བལྟ་དུས་དངུལ་དཀར་གྱི་མནྜལ་སྟེང་དུ་འབྲས་ཀྱི་ཚོམ་བུ་བཀོད་འདྲ། ཁ་ཤས་ནི་གཡག་དཀར་དར་གྱི་རྒྱན་འདྲ་སོགས་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཞིག་དང་། ཕྱོགས་མཚམས་ནས་འབབ་པའི་ཆུ་ཕྲན་དང་བྲག་ངོས་གཟར་པོ་ནས་འབབ་པའི་ཆུ་ཕྱར་སོགས་ནི་རྫ་ཆབ་བསིལ་མ་ལྷུང་ལྷུང་དལ་གྱིས་བཞུར་ཞིང་སྐོམ་གདུང་གི་སྐྱེ་བོ་རྣམས་རྣམ་ཀུན་དགའ་བའི་དཔལ་ཡོན་སྟེར་ནུས་པ་མ་ཟད། བཏུང་ན་ཁོག་ནད་སྣ་མང་སེལ་བ། བཀྲུས་ན་སྒྲིབ་པ་བྱང་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གཉིས་སུ་མ་མཆིས་པ་སྒྲུབ་ཆུ་བྱིན་རླབས་ངོ་མཚར་དང་ལྡན་པ་དེའི་དྲུང་དུ་ཁྲུས་བྱེད་པ་ཡང་ཡོད། རི་ཡི་ཤར་ཕྱོགས་ན་སྐོས་རྗེས་རྡོ་ཟམ། བྱང་ཤར་དུ་དུག་བསྲེགས་མེ་ཐབ་དང་མཁའ་འགྲོའི་ཚོགས་གཞོང་། བྱང་དུ་མཁའ་འགྲོ་འོད་ལྡན་འབར་མའི་ཞབས་རྗེས། སྟོན་པས་བྲག་ལ་རལ་གྲི་བཏབ་པའི་ཤུལ། ནུབ་བྱང་གི་བྲག་ལ་སྲིད་པ་རྒྱལ་མོའི་སྐུ་བརྙན། ནུབ་ལོ་ཆེན་བཱཻ་རོའི་སྒྲུབ་ཕུག་དང་མཁས་བཞི་རྒྱན་དྲུག་གི་ཞབས་རྗེས། ལྷོ་ནུབ་ཏུ་གྲུབ་ཆེན་གྱི་ཞབས་རྗེས་དང་རས་པའི་གསང་ཕུག ལྷོ་ཕྱོགས་སུ་བྲག་དཀར་ཤོ་གཟུགས་མ་སྲིད་པའི་རུས་སྦལ་དང་སྒོ་སྲུང་ཀླུ་བདུད་ན་ག་རཀྵའི་སྦྲུལ་མཇུག་རང་བྱོན་དང་། ཤར་ལྷོར་འབྲུ་གསུམ་རང་བྱོན་རྡོ་རིང་ངོ་མཚར་ཅན། ཡེ་གཤེན་སེམས་དཔའ་བཅུ་གསུམ་གྱི་ཞབས་རྗེས་སོགས་ཡོད་ཅིང་། གནས་འདི་ནི་དག་པ་མཁའ་སྤྱོད་ཀྱི་ཞིང་ངམ་རྩ་རི་ཏྲ་དང་ཁྱད་པར་མེད་པས་མེ་མོ་རྩ་འདྲ་མ་ཞེས་ཡོངས་གྲགས་སོ།།

  གཉིས་པ། ངོ་མཚར་ཆེ་ཤོས་གནས་རྫ་བྲག་གི་གསེབ་ཏུ་ཆགས་པའི་ལྷོ་ཕྱོགས་དབུའི་རྩེ་སྒྲུབ་ཕུག་དེ་ཡིན་ཞིང་། དེ་ཡི་མཚན་དངོས་ལ་ངོ་མཚར་མཁའ་འགྲོའི་གསང་ཕུག་ཞེས་བརྗོད་དོ།། གཏིང་རིང་ཚད་ནི་སྔར་མིའི་ཞལ་རྒྱུན་ལྟར་ན་དེ་ཁ་དབྲག་གཉིས་སུ་གྱེས་སྐད་བཤད་སྲོལ་ལ། སྣེ་གཅིག་སོག་གི་གཡག་ལ་སེ་བོའི་རི་རྒྱུད་ཀྱི་བྲག་རི་དང་སོག་ཆུ་འདྲེས་མཚམས་སུ་སོག་ཁུར་རུ་འཕྲང་ལ་ཐུག་ཡོད་སྐད་དང་། སྣེ་གཅིག་ཉང་སྨད་འབྲོང་ངུར་སུམ་མདོ་རི་གླང་ཆེན་འདྲ་བའི་རི་གཤམ་གྱི་བྲག་ཕུག་ལ་ཐུག་པའི་བཤད་སྲོལ་འདུག ང་ཚོས་མཐོང་ཐུབ་པ་ནི་སྲ་བརྟན་བྲག་གི་ཕུག་པ་ལ་རང་བྱུང་ཤེལ་གྱི་རྡོ་སྐས་ཅན། སྒོ་ཟུར་གཡས་གཡོན་དུ་བྲག་རྡོ་མི་གཟུགས་དབྱིབས་ཅན་གཉིས་སྒོ་སྲུང་གི་རྣམ་པ་ལྟ་བུ་དང་། སྒོ་ཁར་རྡོ་ལས་གྲུབ་པའི་བསང་ཁྲི་དང་བསང་ཐབ། སྒོ་ཐོད་དུ་ཨ་དཀར་པོ་རང་བྱོན། སྒོ་ནང་དུ་སྒོ་སྲུང་དུང་སེང་དཀར་མོ་ཞེས་བྲག་རྡོ་གཅན་གཟན་གྱི་དབྱིབས་ཅན། ནང་དུ་འཛུལ་རྗེས་གཡས་གཡོན་གྱི་བྲག་རྒྱུད་དུ་ཕུག་པ་ཆུང་ཆུང་ཤིན་ཏུ་མང་པོ་དང་། ཕུག་པའི་དཀྱིལ་དུ་གཤིན་རྗེ་ཆོས་རྒྱལ་དང་བུ་ཆུང་དཀར་ནག་ཅེས་པའི་བྲག་རྡོ་དང་། བར་དོའི་འཕྲང་སེལ་བྲག་ཕུག་ཟངས་ཐལ་མ། གཤིན་རྗེའི་ཕོ་དོང་མོ་དོང་ཞེས་བྲག་དོང་ཐུར་ཟུག་གཏིང་རིང་གཉིས། ཕུག་པའི་དབུས་སུ་ཅོང་ཞི་ལས་གྲུབ་པའི་དྲན་པ་ཡབ་སྲས་སམ་གུ་རུ་གཙོ་འཁོར་གྱི་སྐུ་བརྙན་རང་བྱུང་སོགས་ཡོད།

    ཕུག་པའི་ནང་དུ་ལོ་གྲངས་དུ་མར་ཕུག་པ་སྐམ་པོ་འཇིགས་རུང་བསྐལ་པའི་མུན་ནག་ལྟ་བུ་དང་ལོ་གྲངས་འགར་འཁྱག་རོམ་ཆེ་ཆུང་དུ་མས་སྟེང་འོག་ཏུ་རི་བོ་དང་སྲོག་ཆགས་གཟུགས་ལྟར་ཡོད་པ། ཡང་ལོ་གྲངས་སྐབས་རེ་འཁྱག་རོམ་གྱི་ཡོངས་སུ་ཁེངས་པ་སོགས་ཀྱི་ལོ་རྒྱུས་ཡོད། མདོར་ན་ཤར་རི་བོ་རྩེ་ལྔ་ནས་ནུབ་རྒྱལ་མཁར་བ་མན་ཆོད་དང་ལྷོ་རྡོ་རྗེ་གདན་ནས་བྱང་ཤམྦྷ་ལ་བར་གྱི་བན་བོན་གཉིས་ཀའི་གྲགས་ཅན་གནས་རི་དང་། འདུ་གནས་སྒྲུབ་ཕུག་ཚང་མའི་མཚོན་བྱེད་ཚབ་དང་ཡང་ན་བྱིན་རླབས་ཞུགས་པ་སོགས་ཡོད་པར་གྲགས་ཤིང་། དད་ལྡན་སེར་སྐྱ་མང་པོས་བསྒོམ་སྒྲུབ་ཕྱག་བསྐོར་བྱེད་ཡུལ་ཡིན་ལ་མཐོང་ན་ཡིད་དབང་འཕྲོག་ཞིང་སྤྲོ་བ་དབང་མེད་འཆར་བའི་ཞིང་ཁམས་ཞིག་ལགས་པས་སྲིད་གཞུང་ནས་མ་འོངས་ཡུལ་སྐོར་སྒོ་མོ་འབྱེད་རྒྱུའི་འཆར་འགོད་དམིགས་ཡུལ་ཞིག་ཀྱང་ཡོད་པའོ།།

  གནས་མཆོག་འདི་ནི། བོན་གྱི་བློ་ལྡན་མཇལ་སྣང་ལུང་བསྟན་དང་གཤེན་སྤྲུལ་ཐུགས་རྗེ་ཉི་མའི་ལུང་བསྟན་སྤ་ཚང་གི་གཏེར་ལུང་། ཆོས་ཀྱི་པདྨ་བཀའ་ཐང་འབྲོང་ངུར་ཆོས་རྗེ་གངས་པའི་གནས་ཡིག་སོགས་ལས་གསལ། གནས་འདིའི་ལོ་རྒྱུས་རྒྱས་པར་གཟིགས་འདོད་ན་ཕྱོགས་སོ་སོའི་བླ་མ་རྣམས་ཀྱི་མཛད་པའི་གནས་ཡིག་དང་བརྔན་བསང་རི་ཁྲོད་ཀྱི་ལོ་རྒྱུས་སོགས་མང་པོ་ཡོད་པ་དེར་གཟིགས་རོགས་གནང་།

  གསུམ་པ། མེ་མོ་ཡང་དབེན་སྨིན་གྲོལ་གླིང་རི་ཁྲོད་ནི། སྔར་ནས་བྲག་ཕུག་རྣམས་སུ་དགེ་བྱེད་དུ་མ་བཞུགས་པའི་ལོ་རྒྱུས་ཡོད་ལ་སྤྱི་ལོ་༡༨༥༨གཡས་གཡོན་དུ་དྲང་སྲོང་ཨ་དཀར་མཚམས་པས་མཚམས་ཁང་བཞེངས་པར་གྲགས་ཀྱང་རིག་གསར་སྐབས་སུ་ཤུལ་མེད་སོང་། སླར་སྤྱི་ལོ་༡༩༩༨ལོར་བོན་ཐ་ཡུལ་ཤོག་དད་ལྡན་མང་ཚོགས་ཀྱི་རེ་བ་ལྟར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་རྒྱུད་བཀྲ་ཤིས་སྨན་རིའི་དཔོན་སློབ་རག་ཤི་དགེ་བཤེས་སྐལ་བཟང་ཉི་མ་རིན་པོ་ཆེས་དབུས་བཞུགས་དད་ལྡན་བླ་གྲྭ་མང་ཚོགས་ཀྱི་དཀའ་བའི་ལས་དང་དཀོན་པའི་རྒྱུ་འབྱོར་ལ་བརྟེན་ནས་རི་ཁྲོད་ཀྱི་ཕྱི་ནང་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་པའོ།། ད་ལྟའི་གནས་ཡུལ་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བོན་ཐ་ཡུལ་ཤོག་ལ་ཡོད།

  བོན་ཐ་ཤང་དབུ་ཁྲིད་ནས་སྦྲ་ཆེན་རྫོང་ལ་མེ་མོའི་ལོ་རྒྱུས་མདོར་ཙམ་སྙན་ཞུ་མྱུར་དུ་དགོས་ཞེས་གསུང་སྐབས་གུས་པས་ནག་ཆུའི་སྲིད་གྲོས་ལོ་རྒྱུས་དཔྱད་ཡིག་ལ་ཡོད་པའི་མེ་མོའི་ལོ་རྒྱུས་ལ་གཞི་བཅོལ་ཞིང་གནས་ཡིག་དུ་མའི་དགོང་དོན་མདོར་བསྡུས་ནས་༢༠༡༩-༢-༡༧ཉིན་བྲིས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།