སྒྲེ་བོའི་བཅུ་གསུམ།

[ཟླ་ཚེས། 2020-12-27 22:37:50][རྩོམ་པ་པོ།  ཀླུ་གཅིག་དཀར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལོ་ཟླ་ཞག་གི་འགྲོས་མཚམས་ནས།།

ལོ་སར་ཞེས་པའི་དུས་ཆེན་ཞིག །

ལོ་རེ་བཞིན་དུ་འབྱུང་ནའང་།།

ལོ་སར་བཟང་ཞེས་ཤིས་བརྗོད་འབུལ།།

ལོ་སར་ལོ་གཡང་མཚོ་མོ་འཁྱིལ།།

ལོ་སར་མི་གཡང་ཁ་ལས་དགེ །

ལོ་སར་ནོར་གཡང་བཅུད་ཀྱིས་གཏམས།།

བོད་གཡང་བསུ་བའི་རྟེན་འབྲེལ་འབོད།།

 

སྤྱིར་འཛམ་གླིང་གོ་ལ་ཟླུམ་པོའི་ཐོག་ཏུ་སྐྱེ་བའི་འགྲོ་བ་མི་སུ་དང་གང་ཡིན་རུང་རང་རང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གནའ་བོའི་སྲོལ་བཟང་གི་ལམ་ལུགས་རེ་ཡོད་པ་སྨོས་མ་དགོས་པ་ཞིག་རེད།  འོན་ཀྱང་ད་ལྟ་དུས་རབས་འདིར་ཚན་དཔལ་རིག་གསུམ་གྱི་ལམ་ལུགས་གོང་འཕེལ་འགྲོ་དང་འགྲོ་བཞིན་ཡོད་པས་རང་རང་གི་གནའ་བོའི་མེས་པོ་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་ཡོང་བའི་སྲོལ་རྒྱུན་བཟང་བོ་འདི་ཉམས་དང་ཉམས་བཞིན་པའི་དུས་ཆར་སླེབས་བཞིན་ཡོད། ཁོ་བོས་དེ་ལས་ལྡོག་སྟེ་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཞང་བོད་མེས་པོའི་མི་རིགས་རང་གི་གནའ་བོའི་ཁྱད་ཆོས་ལྡན་པའི་སྲོལ་བཟང་འདི་མ་བརྗོད་རང་བརྗོད་ཞིག་ཏུ་ཆགས་སོང་བས།   དེ་རིང་ཁོམ་ལོང་གི་དུས་ཚོད་དང་བསྟུན་ནས་སྒྲེ་བོའི་བཅུ་གསུམ་ཞེས་པ་ཡང་སྙིང་ག་འདྲ་ཞིག་ཡིན་པ་བཤད་པར་བྱ། སྤྱིར་བོད་ཀྱི་ལོ་སར་གྱི་བརྡ་འདོགས་ལུགས་ཀྱི་སྟེང་ནས་མི་མཐུན་པ་རེ་འགའ་མཆིས་ཀྱང་དེ་ནི་དོན་གྱི་ངོ་བོ་ལ་གནས་སྟངས་མི་མཐུན་པའི་འགལ་འདུ་མེད་ཕྱིར་རྩོད་དགོས་པ་དང་རྣོག་དགོས་པའི་དོན་ནི་མ་མཐོང་སྟེ།  དཔེར་ན་བོད་བཙན་པོའིི་ས་ཁོངས་ལ་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་སྲིད་ཀྱི་དགོས་པ་སོགས་རྒྱུ་རྐྱེན་རེ་ཟུང་གིས་ཁྱབ་ཁོངས་གཅིག་ལ་བརྡ་ཡི་འདོགས་ལུགས་མ་འདྲ་བ་བྱུང་ནི།  ཞང་ཞུང་རྒྱལ་རབས་སྐབས་སུ་ཞང་ཞུང་སྒོ་ཕུགས་བར་གསུམ། བོད་བཙན་པོའི་སྐབས་སུ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག  བོད་སིལ་བུའི་དུས་དེ་ས་སྐྱ་སྲིད་དབང་གི་དུས་སུ་བོད་ལ་ཆོལ་ཁ་གསུམ། དགའ་ལྡན་པོ་བྲང་གི་སྐབས་སུ་མདོ་དབུས་ཁམས་གསུམ་སོགས་བརྡ་ལ་མི་མཐུན་པ་དུ་མ་བྱུང་བ་བཞིན་ནོ། །

   དེ་ཡང་ལོ་ཟླ་ཞག་གི་འགྲོས་མཚམས་ནས་བཅུ་གསུམ་ཞེས་པའི་དུས་ཆེན་ཞིག་ལོ་རེ་བཞིན་དུ་བྱུང་དང་འབྱུང་བཞིན་པ་དེའང་བོད་ཁ་བ་ཅན་གྱི་གནམ་ལོ་གསར་ཚེས་ཞེས་པ་དེ་ག་རང་ཡིན།  རྒྱུ་མཚན་སྔོན་ཆད་བོད་གངས་ཅན་ལྗོངས་ཀྱི་མི་རིགས་འདིར་གནའ་བོའི་ལོ་སར་གཏོང་སྲོལ་འདི་བཅུ་གསུམ་དང་ལོ་འགོ་ལ་ཐ་སྙད་མ་གཏོགས། ད་ལྟ་ལོ་སར་གཏོང་ཚུལ་ནི་གནའ་སྔ་མོ་བོད་ལ་གནམ་གང་ལ་ལོ་སར་བྱེད་པའི་སྲོལ་མེད། དེང་སང་གནམ་གང་ལ་ལོ་སར་རོལ་ཚུལ་ནི་ཧོར་ཇིང་གུར་རྒྱལ་པོས་མེ་ཉག་རྒྱལ་ས་དབང་བསྒྱུར་དང་འཛིན་བཟུང་བྱས་པའི་དགའ་སྟོན་དུས་ཚོད་ཡིན་པ་ལས་བོད་རང་གི་ལོ་སར་རོལ་བའི་དུས་ཚོད་ནི་དེ་ལ་འཁེལ་མེད་པར་སྙམ། ཡང་དུས་ཆེན་དེའི་བྱུང་ཚུལ་སྐོར་ནས་བཤད་ཚུལ་མི་འདྲ་བ་འགའ་རེ་སྣང་སྟེ།  གཅིག   སྟོན་པ་སངས་རྒྱས་གཤེན་རབ་མཆོག་གིས་བོད་ཟླ་བཅུ་གཉིས་པའི་ནང་ལ་གདུལ་བྱ་སེམས་ཅན་ཀྱི་དོན་སྒྲུབ་པའི་ཆེད་དུ་མི་ཡུལ་དུ་ཕེབས་པས་འགྲོ་བ་མི་རྣམས་ཀྱིས་དུས་ཆེན་མི་བརྗེད་པའི་རྗེས་དྲན་ཡིན་ཟེར།  གཉིས།  བོནད་རྒྱལ་གཉའ་ཁྲི་བཙན་པོ་དེ་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་བོད་ཡུལ་དུ་བྱོན་ནས་བཟུང་བོད་རང་ལ་དབང་བའི་རྒྱལ་པོ་ཡོད་པས་དེ་མི་བརྗེད་པའི་རྗེས་དྲན་དུས་ཆེན་ཡིན་ཟེར།  གསུམ།  ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བླངས་སྐབས་ཀྱི་དུས་དང་ཀོང་ཇོ་ཉག་ཡུལ་ཡོང་བའི་དུས་ཡིན་ཟེར།  བཞི། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཉག་དམག་གིས་རྒྱ་གར་ཆུ་བོ་གང་གཱའི་ས་མཚམས་བར་བཟུང་ནས་མིང་ཡང་ཨ་ཛི་ཏ་བི་ཛ་ཡ་ཟུར་ཆགས་ནས་ཉག་ཨ་ཛི་རོང་ཟེར་བ་ཡིན། གཡུལ་ལས་རྒྱལ་ཏེ་དམག་མི་རྣམས་སླར་རང་ཡུལ་ལ་སླེབས་དུས་ལོ་རྗེས་མའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཡིན་པས་དེའི་བར་དུ་བསྒུགས་ནས་དེར་ལོ་སར་དུས་སྟོན་བྱས་པས་ག་ལེར་ག་ལེར་རྟེན་འབྲེལ་ནས་ཡུལ་སྲོལ་དུ་ཆགས་སོང་བ་ཡིན་ཟེར། ལྔ།  གླིང་རྗེ་གེ་གར་རྒྱལ་བོ་ཉིད་ཀྱིས་ཕྱོགས་བཞིའི་དགྲ་བཏུལ།སེམས་ཅན་བདེ་ལ་བཀོད་པའི་དུས་ཡིན་ཟེར། དྲུག ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱིས་ཉག་སྨད་སྐྱོབ་འབྱིན་སེང་ནག་གཙོ་འཁོར་བཅུ་གསུམ་དམ་ལ་བཏུལ་བ་དང་བདུད་སྲིན་ཐམས་ཅད་ཚར་བཅད་ནས་སེམས་ཅན་བདེ་ལ་བཀོད་ནས་བསྟན་པ་ཉི་འོད་བཞིན་ཁྱབ་པར་མཛད་རྗེས་དེའི་རྗེས་དྲན་གྱི་ཆེད་དུ་སྲོལ་འདི་ཚུགས་པ་ཡིན་ཟེར། བདུན། ལྕགས་མདུད་ཤེས་རབ་རྒྱལ་མཚན་ཟླ་དང་པོའི་ལོ་སར་སྐབས་རྒྱ་ནག་གོང་མ་ལ་བཅར་དགོས་པས་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ལོ་སར་དུས་སྟོན་སྔོན་དུ་གཏོང་བ་ཡིན་ཟེར།  བརྒྱད། ཉག་དཔོན་པོ་ཐོག་མ་ཀླུ་རྒྱལ་གྱི་རིང་ནས་ཉག་ཇ་བསྐོལ་བའི་སྲོལ་གསར་བ་ཞིག་བཏོད་དེ་བཅུ་གསུམ་གྱི་སྲོལ་འབྱེད་པ་དང་ཉག་དཔོན་མགོན་པོ་རྣམ་རྒྱལ་ཀྱི་སྐྱེས་སྐབས་ཡིན་ཟེར་རོ།  །འོན་ཀྱང་དེ་དག་ཤར་ཤར་མི་རྒན་པ་ཚོའི་ངག་རྒྱུན་ལས་ཐོས་པའི་གཏམ་མ་གཏོགས་དོན་དངོས་གང་ཡིན་དང་གང་བདེན་མིན་དཔྱོད་དགོས་པ་ལས་ཁ་ཚོན་བཅད་པ་ནི་མ་ཡིན།  རྒྱུ་མཚན་རང་རང་གི་གྲུབ་མཐའི་ཆགས་ཞེན་གྱི་དབང་གིས་ལོ་སར་གྱི་སྲོལ་འདི་ཚུགས་པའི་དུས་ཚོད་འདི་ཡང་འཐེན་འཁྱེར་གྱི་ཀློང་དུ་ཚུད་དེ་ཕྱི་རབས་པས་བདེན་པ་མཐོང་བ་ནི་རབ་ཏུ་བཀའ་འོ།།

   ཡང་གཅིག་བཤད་ན་བོད་གཅིག་གྱུར་གྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་དཔྱད་ཤེས་རྩིས་མཁན་གྱི་ནམ་མཁའི་རྒྱུ་སྐར་ལ་བལྟ།ལོ་ཟླ་ཚེས་གསུམ་ཕྱེ་བས་ལོ་འགོ་བརྩི་སྟངས་ཡོད་པའི་སྐབས་དེའི་ཟླ་བཅུ་གཅིག་པའི་བཅུ་གསུམ་ཉིན་ལོ་མཚམས་རྗེས་པའི་དུས་དང་མཁའ་ལ་ཉི་ཟླའི་ཉིན་མཚན་ལྡོག་པའི་དུས་ཁྱད་པ་ཅན་འདི་འཕྲད་པའི་སྐབས་དང་བསྟུན་ནས་བོད་རྒྱལ་ཐོག་མ་གཉའ་ཁྲི་དང་གཤེན་ནམ་མཁའ་སྣང་བ་མདོག་ཅན་གཉིས་ཀྱིས་བོད་གངས་ཅན་ལྗོངས་ལ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་འཁྲུངས་པའི་དུས་དང་ཡང་བོད་ཡུལ་དུ་བྱོན་ནས་བོད་ཡུལ་གྱི་ལྷ་འདྲེ་གནོད་པ་བྱེད་པའི་བདུད་རྣམས་བཏུལ་བའི་དུས་དང་མི་རྣམས་ལ་རྒྱལ་བའི་གསུང་རབ་ཟབ་མོའི་བྱིན་རླབས་གནང་བའི་དུས་ཡིན་པས་དང་སྟོན་པ་ཁོང་གིས་བོད་བདེ་ལ་བཀོད་ཅིང་ནག་ཕྱོགས་བདུད་རིགས་བཏུལ་བའི་རླབས་ཆེ་བའི་བསྟན་འགྲོའི་དོན་མཛད་པའི་དུས་ཆེན་མི་བརྗེད་པའི་རྗེས་དྲན་གྱི་ཆེད་དུ་སྲོལ་འདི་ཚུགས་པ་ཡིན་པར་སེམས་སོ།།  སྟོན་པ་སངས་རྒྱས་དང་བན་བོན་གཉིས་ཀའི་མངོན་པ་མཛོད་སོགས་ལས་ཕྱི་ནངའཇིག་རྟེན་སྣོད་བཅུད་ཆགས་ཚུལ་དང་སའི་གོ་ལའི་འཁོར་ཚུལ་དང་ཉི་ཟླ་སྐར་གསུམ་གྱི་འཕེབ་འགྲིབ་དང་ལྷོ་འགྲོ་བྱང་འགྲོ་ཉིན་མཚན་ལྡོག་ཚུལ་བྱེད་པ་སོགས་དང་། དགེ་སྡིག་འགྱུར་ཅིས་ཞེས་པའི་དཔེ་རྙིང་ལས། དགུ་བའི་ཚེ་བརྒྱད་ལ་སྡེ་བརྒྱད་ཆོ་འཕྲུལ་འགྱོད་པའི་དུས་ཡིན། བཅུ་བའི་གནམ་སྟོང་ལ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་འདས་དུས་ཡིན།བཅུ་གཅིག་པའི་བཅོ་ལྔ་ལ་གཤེན་རབ་འཁྲུངས་བའི་དུས་ཡིན་གསུངས་སོ།། དེ་ལ་སོགས་ལ་བལྟས་ན་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་ལོ་གསར་གྱི་སྲོལ་འདི་ཚུགས་པ་རྒྱུ་མཚན་མེད་པ་ཞིག་རྩ་བ་ནས་མ་རེད་དཔེ་ཆག་བཞག་ན་བོད་ཀྱི་གནམ་རིག་སྐར་རྩིས་དང་འཇིག་རྟེན་ཆགས་ཚུལ་མངོན་མཛོད་སོགས་ལ་ཁོང་དཔྱད་ན་འགྲིག་གམ་བསམ། དཔེར་ན་ལོ་གཅིག་གི་དུས་ཚེས་ཁྱད་པར་ཅན་ཞིག་རེད་དེ་ནང་ལོ་གསར་བ་དགའ་སྤྲོ་སྟོན་མོ་བྱེད་ན་རྒྱུ་མཚན་མེད་པ་ཞིག་གཏད་ནས་མ་རེད། བོད་བླུན་པོ་ཁ་ཤས་ཀྱིས་རྨོངས་གཏམ་སྣ་ཚོགས་པའི་འུར་སྒྲ་བསྒྲགས་ཏེ་དུས་ཚེས་བཟང་པོ་ལ་དགེ་སྡིག་སྤང་བླང་བྱེད་དགོས་པ་ལས་ལོ་གསར་གཏོང་བ་མི་འགྲིག་ཟེར་འདུག་ཀྱང་། ཆོས་ལ་དད་མོས་དང་ཆོས་ཀྱི་སྙིང་པོ་མ་ཤེས་པའི་རྟགས་རེད། ཆོས་ཀྱི་ཆོ་ག་ལ་སོགས་ལྷ་བྲོ་བརྡུང་བ་དང་དགའ་སྤྲོ་རོལ་མོ་སོགས་བྱེད་པ་ཡོད་རེད།  དེ་ལྟར་ན་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད་པར་བསམ།

 

   སྤྱིར་ཉག་རོང་ཙམ་མིན་ན་ཡང་ལོ་སར་དུས་ཀྱི་ཟླ་བ་ལ་སྔ་ཕྱི་དང་དུས་སྟོན་ལ་རྣམ་པ་འདྲ་མིན་འགའ་དང་འགའ་མཆིས་ཏེ། དཔེར་ན་ཀོང་པོས་ཟླ་བཅུ་པར་ལོ་གསར་དུས་སྟོན་བྱེད་པ་དང་མངའ་རིས་ཟླ་བཅུ་གཅིག་པ། གཞིས་ཀ་རྩེས་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་སོགས་ཏེ། རྒྱ་རོང་གི་ལུང་བ་མི་ཉུང་བ་ཞིག་ལའང་ཉག་རོང་དང་འདྲ་བ་སྔར་སྲོལ་རྒྱུན་འཛིན་བྱས་དང་བྱེད་བཞིན་པ་རེད། འདི་དག་ནི་སྔར་གྱི་བོད་རང་གི་མཛོད་དང་འདུལ་བ་བསྟན་འབྱུང་དང་གནམ་རིག་སྐར་རྩིས་སོགས་བརྩིས་པའི་ལོ་འགོ་འཛིན་ཚུལ་མི་འདྲ་བ་ལ་བརྟེན་ནས་དར་སྲོལ་བྱུང་བ་ཞིག་ཡིན་སྙམ།

    ད་ལྟ་ཡོངས་གྲགས་བོད་མདོ་དབུས་ཁམས་གསུམ་ཞེས་པའི་བོད་མི་རིགས་སུ་དང་སུ་ཡིན་ནའང་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། བསམ་བློའི་འདུ་ཤེས། འཚོ་སྤྱོད་གནས་ཐབས། གླུ་གར་ཞབས་བྲོ། རྟ་རྒྱུགས་མདའ་འཕེན། གཉེན་སྟོན་བག་ལེན། མཆོད་སྦྱིན་འབུམ་ནོར། བོན་ཆོས་ལ་དད་ཞེན་སོགས་བོད་རིགས་སྤུན་ཟླ་རྣམས་ཁྱད་མེད་པར་མ་ཟད་བོད་རིགས་ཀྱི་རིག་གནས་བང་མཛོད་ཅིག་ཡིན།  འོན་ཀྱང་ཁ་བ་གངས་ཅན་ལྗོངས་སུ་མདོ་དབུས་ཁམས་གསུམ་དུ་ཕྱེ་བའི་ནང་ནས་ཁམས་ཕྱོགས་སུ་གཏོགས་པའི་ཉག་ཨ་འཛི་ལུང་སྟོད་ན་གངས་དཀར་ཁ་བ་ལུང་རིའི་གཟི་འོད་ངོམས་ཤིང་བར་ན་བྲག་རི་ཤེལ་དཀར་ཤང་ལང་བྲག་དཀར་ལྷུན་ཆགས་སུ་གནས་ཤིང་སྨད་ན་ནགས་རི་ཕྱུག་མོའི་སྐྱོབ་འབྱིན་སེང་ནག་གཟི་བརྗིད་ཀྱིས་ངོམས་ཤིང་མཐའ་ནས་རྨ་འབྲི་གཉིས་ཀྱི་བར་ནས་ཆུ་བོ་རྫ་ཆུ་བསིལ་མའི་འདབ་ལག་རྒྱས་པའི་རོང་བཞི་ཡི་ཡ་གྱལ་ཉག་ཨ་འཛི་རོང་འདི་ཆགས། དེང་སང་ཉག་རོང་འབྲུག་གསར་རྫོང་ཞེས་འབོད་པ་ནི་སི་ཁྲོན་ཞིང་ཆེན་དཀར་འཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དང་ཉག་ཆུ་སྔོན་མོའི་འགྲམ་རྒྱུད་གནས་ཆེན་གསུམ་གྱི་བར་དུ་ཆགས་ཡོད།  ས་གནས་འདིའི་མི་རྣམས་ཀྱི་རུས་རྒྱུད་ནི་བོད་མིའུ་གདུང་དྲུག་དང་བོད་ཀྱི་རུས་ཆེན་དྲུག་ནང་ནས་བསེ་ཁྱུང་སྦྲའི་གདུང་རིགས་ཡིན།   སྤྱིར་ཉག་རོང་གི་བཅུ་གསུམ་ལ་རིགས་མི་འདྲ་བ་བཞི་ཡོད་པའི་དེ་དག་ཟླ་བ་མི་འདྲ་ཡང་ཚེས་པ་བཅུ་གསུམ་གྱི་དུས་ཚོད་ཡིན་པ་འདྲ་བས་བཅུ་གསུམ་ཞེས་འབོད་པའི་ཐ་སྙད་ལ་ཡུལ་སྐད་ལྔ་ཙམ་ཡོད་པས་ཐོག་མ་མེ་ཉག་ལོག་སྐད་དང་། ཁྱུང་ཡུལ་ལོག་སྐད།  ཉག་རོང་རང་སྐད། ཉག་སྟོད་སྨད་ཀྱི་སྐད། འབྲོག་སྐད་སོགས་ནས་འབོད་སྲོལ་ཡོད་པའི་ཉག་རོང་བ་ལའང་ལོ་སར་དུས་སྟོན་གཅིག་གྱུར་མིན་ལ་དུས་ཚེས་གཅིག་ལའང་མིན་ཏེ། ཉག་རོང་སྟོད་སྨད་བར་གསུམ་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་དུས་སྟོན་བྱེད་མུས་གཅིག་དང་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་དུས་སྟོན་བྱེད་མུས་གཅིག་ཟླ་དང་པོའི་ཚེས་གཅིག་ལ་ལོ་སར་དུས་སྟོན་བྱེད་མུས་གཅིག་དེ་ལ་ཟླ་བཅུ་གཅིག་གམ་བཅུ་གཉིས་ཀྱི་ཚེས་གཅིག་ལ་ལོ་སར་དུས་སྟོན་མི་བྱེད་པ་ཚེས་བཅུ་གསུམ་ལ་དུས་སྟོན་བྱེད་དགོས་པའི་རྒྱུ་མཚན་མང་དུ་ཡོད་དོ།།   

   སྐབས་འདིར་དམིགས་ཀྱིས་བཀར་ནས་བཤད་ན་ཉག་རོང་བཅུ་གསུམ་དེ་དག་གི་ནང་ནས་སྒྲེ་བོ་ཤོད་བཅོ་བརྒྱད་ཡ་གྱལ་སྒྲེ་བོ་སྨད་པ་ཀླུ་འབུམ་དགོན་པའི་བོན་སྡེ་རྣམས་ཀྱིས་ལོ་གཅིག་གི་ནང་ལ་བཅུ་གསུམ་དུས་ཆེན་གཏོང་ཚུལ་གྱི་ངོ་སྤྲོད་མདོ་ཙམ་བཤད་རྒྱུ་ཡིན། སྒྲེ་བོ་ཞེས་པའི་ཡིག་འབྲུ་འདི་འབྲི་སྲོལ་མི་འདྲ་བ་ཁ་ཤས་སྣང་སྟེ་གྲེང་བོ། སྒྲེང་བོ། སྦྲང་བུ། སྒྲེ་བོ། ཡོད། འོན་ཀྱང་༼  སྒྲེ་བོ ༽ཞེས་པ་ནི་མེ་ཉག་སྐད་ལ་ཞང་ཞུང་གི་སྐད་འདྲིས་པའི་ཡུལ་སྐད་དུ་ ༼ སྒྲེ ༽་ཞེས་པ་ནི་རྒྱབ་རི་ཁྱུང་འདྲ་བའི་གཟི་ཉམས་ལྡན་པར། མདུན་རི་ནི་གཙང་ཆུ་དང་རྩི་ཤིང་གིས་མཐའ་བསྐོར་བའི་ནོར་བུ་ལྟ་བུ། འོག་རིན་ཆེན་གསེར་གཡུ་ཡི་མེ་ལོང་འདྲ་བའི་དབུས་ཀྱི་རི་རྒྱལ་ལྷུན་པོ་དང་མཚུངས།   ༼  བོ ༽ཞེས་པ་ནི་ཕྱི་ཡི་རྣམ་འགྱུར་གཏུམ་པོ་འདྲ་བའི་སྟག་སེང་།ནང་གི་སེམས་པ་དུང་སོ་འདྲ་བའི་བརྩེ་སེམས་བྱང་ཆུབ་སེམས་དཔའ།དེ་ནི་སྒྲེ་བོ་མི་ཡི་གོམས་གཤིས་དང་ཁྱད་ཆོས་ཡིན།  ཡང་ཡུལ་མའི་ངག་རྒྱུན་དུ་སྒྲེ་བོ་ཆགས་སའི་ས་འདི་སྔོན་ཆེད་རྩྭ་དང་རྩི་ཤིང་གིས་སྟོང་ཞིང་ས་སྐྱ་བོའི་ལུང་པ་ཡུག་གཅིག་ཡིན་པས་སྒྲེ་བོ་ཞེས་མིང་ཐོགས་ཚུལ་བཤད་ལ།  དེ་ནི་བོད་ཀྱི་ཚིག་མཛོད་རེ་འགའི་ནང་དུ་སྒྲེ་བོ་ཞེས་པ་ནི་རྩྭ་མེད་པའི་ས་མིང་དུ་འགྲེལ་བཤད་བྱས་ཡོད་སྟབས་དཔྱད་པར་བྱ་འོས་སོ།།  གནའ་སྔ་མོར་བཅུ་གསུམ་གོང་གི་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ནས་དགུ་གཏོར་ཚུགས་སྲོལ་ཡོད་པ་གྲྭ་རྒན་རྣམས་ཀྱི་ངག་རྒྱུན་དུ་ཡོད། ད་ལྟའི་ཆ་ལ་བོད་ཟླ་དགུ་པའི་ཚེས་ཉི་ཤུ་ནས་འགོ་འཛིན་ཚུལ་འདི་གྲྭ་རྒན་རྣམས་ཀྱིས་བཤད་སྲོལ་ལྟར་ན་བོད་ཟླ་བཅུ་པ་ལ་གྲང་ངར་ཤིན་ཏུ་ཆེ་བས་བོད་ཟླ་དགུ་བ་ལ་དགུ་གཏོར་གྱི་ཆོ་ག་སྤེལ་བ་རེད་གསུང་། བླ་རྒན་རེས་བཤད་སྲོལ་ལྟར་ན་གནའ་སྔ་མོ་སྔ་མོ་བོད་ཟླ་དགུ་བའི་བར་མཚམས་ཞིག་ལ་དུས་ལ་འཕོར་འགྱུར་སོང་བས་བོད་ཟླ་བཅུ་ལ་རེད་ཟེར་བ་དང་། བོད་ཟླ་དགུ་པ་ལ་དགུ་གཏོར་གཏོང་བ་ནི་སུ་ལ་ཚང་གི་ཐུན་མོང་མ་ཡིན་པའི་སྲོལ་ཡིན་ཟེར། རེད་ཏེ་ང་རང་གི་ལྟ་ཚུལ་ནི་བོད་ཟླ་བཅུ་ལ་དགུ་གཏོར་བྱེད་པ་དེ་གནས་ལུགས་ཞིག་ཡོད་པ་ནི་བོད་མདོ་དབུས་ཁམས་གསུམ་ལ་མང་ཆེ་བའི་དགུ་ཟླ་གསུམ་ལ་དགུ་གཏོར་འདུག  འོན་ཀྱང་བོད་ཟླ་དགུ་བ་དང་བཅུ་པ་གང་ཡིན་དེའི་ཚེས་ཉི་ཤུ་ནས་མགོ་ཚུགས་ཏེ། དེའི་ཉིན་ནས་ཀླུ་འབུམ་དགོན་པའི་དགུ་གཏོར་ཚོགས་ཆེན་འཚོགས་ནས་ཚེས་ཉེར་དགུ་ཉིན་གཏོར་ཟློག་དང་གཏོར་རྒྱག་བྱས། དེའི་གནམ་གང་ལ་བསྟན་བདག་བླ་མ་ཚང་གིས་དབང་བསྐུར་བ་དང་དགོང་མོར་གཞོན་པ་དང་བྱིས་པ་ཚང་མས་སྒྲེ་བོའི་ཡུལ་སྐད་དུ་༼ ཨ་ལ་སྐྱོབ ༽ཟེར་བ་དེ་བྱས་ནས་སོག་མ་ཆག་པ་གང་ལག་གཡས་པས་བཀྱགས་ནས་ཁྱིམ་མི་ཚང་མས་ཁང་བ་སྐོར་བ་བྱས་ནས་༼ ཨ་ལ་སྐྱོབ་ལྕ་དུང་འདྲེན ༽ཞེས་འབོད་ཞོར་དུ་ཡུན་རིང་སོང་མཐར་ལམ་གྱི་སུམ་མདོར་ཆེན་པོ་ཞིག་ལ་བསྡད་དེ་མེ་ཆེན་པོ་སྤར་ནས་རང་རང་གི་ལྷམ་ཕུད་དེ་ལྷམ་ནང་གི་ས་རྡུལ་རྣམས་མེ་ལྕེ་འབར་བཞིན་པའི་ཐོག་ཏུ་བླུགས་ནས་ལོ་གཅིག་གི་རིང་ལ་དགྲའི་སྟེང་དུ་བསྒྱུར་ནས་ནད་དང་གདོན་གྲིབ་ཐམས་ཅད་དག་ཅིང་ཚེ་རིང་ནད་མེད་ཤོག་ཅེས་ཁ་གཡང་བརྗོད་ནས་ཕྱིར་ཁྱིམ་ནང་དུ་ཡོང་།   དེ་ནས་གནའ་སྔ་མོའི་བོད་ཟླ་བཅུ་བའི་ཚེས་ཉི་ཤུ་ཕན་ཆད་ནས་རང་རང་སོ་སོའི་ཁང་བའི་དུད་དྲེག་དང་ག་ས་གང་གི་གད་སྙིགས་ཕྱག་དར་བྱས་ནས་ཉི་མ་ནུབ་པ་དང་མཉམ་དུ་སྒོ་རུ་ཕུད་པའི་རྟེན་འབྲེལ་དང་སྨོན་ལམ་རྒྱག་པ་མ་ཟད་ལས་རྒྱུ་འབྲས་མི་བརྩི་མཁན།ཕྱི་རྐུན་ནང་བདམ་བྱེད་མཁན་དང་།ཡང་སྒོས་ཁྱིམ་ཚང་རང་རང་གི་དགྲའི་སྟེང་དུ་བསྒྱུར་ཟེར་ནས་དེ་དང་མཉམ་དུ་དམོད་པ་བོར་སྲོལ་ཡང་ཡོད།  ད་རུང་འབོལ་གདན་གོས་ཆས་སོགས་བཀྲུ་བ། རས་ཡོལ་དང་ཕུར་མ་དྲུབ་པ་སོགས་ཀྱི་ལས་ཀ་མང་པོ་ལས་རྒྱུ་ཡོད། ད་ལྟ་ཡིན་ན་འཚོ་བ་ཡར་རྒྱས་སོང་བས་དེ་ལྟ་བུའི་ལས་ཀ་བྱེད་མི་དགོས།  དེའི་ཕྱི་ཉིན་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་བཅུ་གསུམ་དུས་ཆེན་གྱི་སྟ་གོན་བྱེད་དགོས། དེ་ནས་བཟའ་བཏུང་སྐོར་སྒྲེ་བོའི་ཡུལ་སྐད་དུ་༼  རུ་ཙུག ༽ ༼  འདུ་ཆང ༽ ༼ བུད་ཉིས ༽   ༼ བོད་རག ༽ ༼  འབྲས་བུག ༽ཅེས་པ་སོགས་བསྙལ།  འདུ་ཆང་ཞེས་པ་ནི་དང་པོར་རྩམ་པའི་ནང་དུ་ཆང་ཕབས་དང་ཆུ་འཇམ་བླུགས་དགོས། དེ་ནས་ཁྲོ་ཟངས་ནང་དུ་བླུགས་ནས་ཁང་ཕུག་གི་དྲོད་སར་རྩྭ་སོག་གསེབ་ཏུ་ལེགས་པར་བསྙལ་ནས་གོས་ལྭ་སོགས་ཀྱིས་བཀབ་ནས་བཞག་དགོས། གཞན་པ་རྣམས་དེ་དང་འདྲ་བར་བྱས་ནས་བཞག་འཇོག་དགོས།  མི་རྣམས་ཀྱིས་རང་རང་སོ་སོའི་ཁ་ལག་གཙང་མ་བཀྲུས་ནས་དཀར་གསུམ་དམར་གསུམ་གྱི་ཕྱེ་མ།ཇ་ཕུད།ཆང་ཕུད།འོད་ཕུད།བསང་རྫས།མཆོད་རྫས།ཁ་བཏགས།རྒྱན་གོས་སོགས་དང་།དེ་ནས་ཤུག་པ་དང་ཐང་དཀར་སོགས་བསང་ཤིང་སྣ་ཚོགས་དང་སྟག་པ་གྲོ་ག་སོགས་ཀྱི་མདའ་ཤིང་ངམ་སྲུང་བཞི་གཅད་དུ་སོང་སྟེ་བཅད་ཚར་རྗེས།སྲུང་བཞི་ལ་བྱ་ཝང་དཀར་པོའི་སྤུ་ཡིས་ལེགས་པར་བརྒྱན་ནས་དེ་ལ་དར་ཚོན་སྣ་ལྔ་དང་ཡང་གོས་ལ་བསམ་ལྷུན་དང་།བར་ཆད་ལམ་སེལ།རྒྱལ་མཚན་རྩེ་མོ།ཀླུང་རྟ་སོགས་དཔར་ནས་བཏགས་ཏེ་བཅུ་གསུམ་ཉིན་ཁང་ཐོག་ལབ་རྩེ་དང་གསས་མཁར་གསོ་བྱེད་དང་གཞི་བདག་གི་སྐོང་རྫས་སོགས་ལ་རྒྱན་བཙུགས་བྱེད་དུ་གྲ་སྒྲིག་དང་ཆུ་གཙང་ལེགས་པར་བྱེད་དགོས།  སྐབས་འདིར་བོད་མི་རྣམས་ཀྱི་ཁང་ཐོག་སྟེང་གསས་མཁར་ལབ་རྩེ་ལ་སྲུང་བཞིས་བརྒྱན་པ་འདི་ནི་གནའ་སྔ་མོ་རུ་བོད་རང་ནས་དར་བའི་བོན་པོའི་རིག་གནས་དང་འབྲེལ་བ་ཤིན་ཏུ་ཟབ་པའི་ཆོས་ལུགས་ཀྱི་ཆོ་གའི་བྱེད་སྒོ་ཞིག་ཡིན། བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་འདི་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་སེམས་ཅན་བློ་ཚོད་དང་བསྟུན་ནས་ཐེག་པ་རིམ་དགུའི་ནང་ནས་རྒྱུ་བོན་གྱི་ཁོངས་སུ་གཏོགས་པའི་གཏོ་ཡི་རིགས་ཀྱི་བོན་གཞུང་ལས།ཀྱེ་དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་ལ།།གཉན་ཤིང་སྟག་པ་ལོ་རྒྱན་འདིར།།བྱ་ཝང་དཀར་པོ་སྤུ་ཡིས་བརྒྱན་པ་འདི།།ནམ་མཁའི་ལྷ་ལ་རྒྱན་དུ་བཙུགས།།བར་སྣང་གཉན་ལ་རྒྱན་དུ་བཙུགས།།ས་གཞི་ས་བདག་རྣམས་ལ་རྒྱན་དུ་བཙུགས།།འོག་གི་ཀླུ་ལ་རྒྱན་དུ་བཙུགས།།ཡུལ་རིའི་གཞི་བདག་རྣམས་ལ་རྒྱན་དུ་བཙུགས།།དེ་རིང་བརྒྱན་པའི་འོག་ཏུ་མི་མ་ཤི།།མི་ཡི་འོག་ཏུ་ཁལ་མ་ལོག།ཡུལ་རིའི་གཞི་བདག་གཉན་པོའི་ངོ་སོ་བསྟོད།།རྒྱན་བཙུགས་ཡག་པའི་ལྷ་རྒྱལ་ལོ།།ཞིང་རྨོ་ལོ་ཏོག་ཡག་པར་མཛོད།།རྩེ་མོ་སད་དང་སེར་བས་མ་འཁྱེར་ཞིག།རྩ་བ་འབག་དང་འབུ་ཡིས་མ་ཟ་ཞིག།སད་དང་སེར་བ་མི་འོང་བའི་ཁ་ཁོག་ཅིག།ལོ་སྐོར་གཅིག་ཏུ་ལྷ་རྒྱལ་ལོ།།ཞེས་པ་སོགས་མང་དུ་གསལ་བའི་ཕྱིར།ཚེས་བཅུ་གཉིས་ཉིན་སྒྲེ་བོའི་ཡུལ་སྐད་དུ༼ ཨ་ཊ་སྐྱོབ ༽ཞེས་འབོད་སྲོལ་ཡོད་ལ་དགོང་མོར་ཁྱིམ་མི་ཚང་མ་ཁ་རུ་འཛོམས་ནས་ཁ་ཚང་དགོས།དེ་རྗེས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཁ་བརྡ་བཤད་ཞོར་དུ་ཟས་ཀྱི་ཐོག་མ་གྲོ་མ་མར་ཁུ་དང་ཤ་མོག་མོག་སོགས་བཞེས།དེ་རྗེས་རྟེན་འབྲེལ་གྱི་ཁྱིམ་ནང་ལ་ཆེས་རིན་ཐང་ཆེ་བའི་གདན་རིགས་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་ཟས་རིགས་སྣ་ཚོགས་བཤམས།  ཚེས་བཅུ་གསུམ་གྱི་སྔ་མོར་གནའ་སྔ་མོའི་གོམས་གཤིས་ལྟར་ཡུལ་མི་ཚོ་སྔ་མོ་ནས་ཡར་ལངས་ཤིང་།བྱ་ཕོ་ཐེངས་དང་པོ་གྲགས་དུས་བུད་མེད་རྣམས་ཀྱིས་མེ་འབུད་ཐེངས་གཅིག་གིས་མེ་ལེགས་པོ་འབར་ཐུབ་ན་བཀྲ་ཤིས་པའི་རྟགས་སུ་བརྩི་སྲོལ་ཡོད།དེ་རྗེས་བུད་མེད་རྣམས་ཀྱིས་སྤོས་མེ་ཁྱེར་ནས་ཆུ་ལེན་དུ་འགྲོ། ཆུ་ཁ་ནས་ཆུ་གཙང་བྱས་ནས་སྐར་མའི་འོད་མ་ཡལ་བའི་དུས་བླངས་པའི་ཆུ་ཕུད་དང་འཁྱགས་རོམ་དེས་ཁྱིམ་གྱི་ཕྱི་ལོགས་སུ་མི་རྣམས་ཀྱིས་ཁྲུས་བྱེད་དགོས།སྐར་ཆུ་ལེན་པ་ལ་སུ་སྔ་ན་དེའི་ཆུ་དེ་གཙང་མར་ངོས་འཛིན་སྲོལ་ཡོད་པས་ཡུལ་མི་ཚོས་ཆུ་ལེན་དུ་འགྲོ་བ་ལ་སུ་སྔ་གང་སྔ་བྱེད། སྐྱེས་པ་རྣམས་ཀྱིས་ཞལ་ཁྲུས་བྱས་རྗེས་ཐབ་ཚང་གི་ལྡེབས་དང་ཀ་གདུང་ཀ་བ།ཐབ་ཀ་གྱང་རིས་སོགས་ལ་གྲོ་ཕྱེས་གཡུང་དྲུང་དང་ཉི་ཟླའི་ཁྲ་རྟགས་ཀྱི་རི་མོ་བཀོད།  རྒྱས་པར་བྱས་ན་ཐབ་ཀའི་ཐོག་གྱང་རིས་ལ་བཀྲ་ཤིས་རྟགས་བརྒྱད།རིན་ཆེན་ནོར་བདུན་སོགས་བཀྲ་ཤིས་མཚན་མ་བཀོད།  ཆུ་ཟངས་སོགས་ལ་མར་དཀར་རྒྱན་བྱེད། དེ་རྗེས་སྒྲེ་བོའི་ཡུལ་སྐད་དུ༼ གཡང་སྒམ ༽ ཞེས་པའི་ཁྱིམ་ཚང་རེ་རེ་ལ་ནོར་གཡང་རེ་ཡོད་པའི་ཐོག་མར་སྐྱེས་པ་རྣམས་མདུན་དུ་སོང་ནས་ནོར་བསང་ཐབ་བསང་བཏང་།བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་ཀྱི་རྩ་བ་མ་སྲིང་མཁའ་འགྲོ། རྩ་གསུམ་དམ་ཅན་རྒྱ་མཚོ་ལྷ་གསོལ་ལོ། མ་མཆོག་སྲིད་པའི་རྒྱལ་མོ། མི་བདུད་འབྱམས་པ་ཁྲག་མགོ ཨ་བསྭེ་བྲག་བཙན་དམར་པོ། ཚངས་པ་ཉི་པང་སད་ཝེར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། ལྷ་ཆེན་རྨ་གཉན་པོམ་ར། དམ་ཅན་སྐྱེས་བུ་དཀར་པོ། ནོར་ལྷ་རྣམ་སྲས་མཆེད་བརྒྱད། མྱུར་མགྱོགས་ཟ་ངུ་མ་བརྒྱད། རྗེ་ཡི་འགུར་ལྷ་བཅུ་གསུམ། འཇིག་རྟེན་བརྟན་མ་བཅུ་གཉིས། ཡུལ་རི་འདི་ཡི་གཞི་བདག  དབེན་རི་འདི་ཡི་སྲུང་མ་ལྷ་གསོལ་ལོ། ། ཡུལ་ལྷ་གསས་མཁར་གཉེན་པོ། སྒྲ་བླ་མི་དཀར་རྟ་དཀར། ཉག་སྟོད་ཁ་བ་ལུང་རི། ཉག་སྨད་སྐྱོབ་འབྱིན་སེང་ནག  བྲག་དཀར་དུང་རི་དཀར་པོ། གཞི་བདག་མེ་ཏོག་ལྷ་བཤོས།ཁྱད་པར་དུ་སྐྱོབ་འབྱིན་གཙོ་འཁོར་བཅུ་གསུམ།དབལ་བོན་གཤེན་གྱི་གྲོགས་མཛད། བོན་སྐྱོང་ཡིད་བཞིན་གྱི་ནོར་བུའི་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་དང་རྒྱབ་རི་ཁོད་སྤུངས་སུ་ལ་ཚང་གི་ལྷ་དང་སྲུང་མ་རྣམས་སྡོང་གྲོགས་དཔུང་རོགས་མཛད་ཤོག་ཅེས་གུས་སྦྱོར་ཐལ་མོའི་ངང་ནས་འབོད་སྲོལ་ཡོད།དེ་རྗེས་གོང་དུ་བཤད་པའི ༼འདུ་ཆང་༽ཞེས་པ་དེ་ཁ་ཕྱེས་ནས་༼ རུ་ཙུག༽ཆེན་པོ་ལྷ་བཤོས་ཀྱི་རྣམ་པ་ཅན་གཅིག་དང་ཆུང་ཆུང་དགུ་དེའི་ལྷག་མ་ཡིས་ཁྱིམ་ཚང་གི་མི་གྲངས་དང་སྒོ་ཟོག་སྒོ་ཁྱི་བསྟུན་པའི༼ རུ་ཙུག ༽ཚོགས་འཁོར་གྱི་རྣམ་པ་ཅན་རེ་རེ་བཅའ་དགོས།དེ་ལ་མར་ཁུ་བྱུགས་པ་དང་མར་རྒྱན་བཀོད།  ཟངས་ཀྱི་སྡེར་མའི་ནང་དུ་༼རུ་ཙུག༽་ཆེ་བ་མཐའ་ཆུང་དགུ་དང་གྲོ་མ་མར་ཁུ་དང་སྒྲེ་བོའི་ཡུལ་སྐད་དུ༼  ཥ་བསིག ༽ཅེས་པའི་གྲོ་ཕྱེ་བརྫིས་ནས་རིལ་རིལ་དེ་ཟེར། ཟས་སྣ་ཚོགས་དང་བཏུང་རིགས་སྣ་ཚོགས་བཞག་ནས་ཁྱིམ་ནོར་གཡང་འཛམ་ལྷ་འབུལ། ཟས་རིགས་དེ་རྣམས་ཟླ་བ་གཅིག་གི་བར་དུ་བཞག་ནས་ད་གཟོད་ཟ་ཆོག  ཁྱིམ་ཚང་གི་གྲྭ་བ་དང་བླ་མ་སུ་ཡོད་ན་མཆོད་ཁང་ནང་གི་མཆོད་ཁྲིའི་ཐོག་ཏུ་སྒྲེ་བོའི་ཡུལ་སྐད་དུ་ ༼པར་བུ ༽ ཞེས་པའི་ཙན་དན་གྱི་སྡེར་མའི་ནང་དུ་རྩམ་པ་མང་རྩམ་སྤུངས་ནས་དེའི་སྟེང་དུ་ཕྱོགས་གསུམ་ནས་མར་གྱི་ཀ་བ་གསུམ་བཙུགས་ཤིང་དེའི་སྟེང་དུ་མར་གྱི་གདན་ཟླུམ་པོ་ཞིག་གི་སྟེང་དུ་མར་གྱི་ནོར་བུ་རྒྱན་བཀོད། ད་དུང་མཆོད་པ་རྣམ་ལྔ་བཤམས་པ་དང་འོ་ཞོའི་ཕུད་དང་ཇ་ཆང་གི་ཕུད་སོགས་གཙང་མའི་ཕུད་སྣ་ཚོགས་བསྒྲིགས་པར་མ་ཟད་འབྲུ་དང་ཏིལ་མར་རྩི་མར་སོགས་ཀྱི་མཆོད་མེ་གང་མང་བསྒྲོན་ནས་གསོལ་ཀ་གསུང་བ་དང་ལྷ་དཀོན་མཆོག་ལ་སེམས་བསམ་པའི་གཏིང་ནས་སྐྱབས་འཇུག་ཞུས་ཤིང་བཀྲ་ཤིས་པའི་སྨོན་ཚིག་དུ་མས་ཁ་གཡང་འབོད་པ་རེད།  དེ་ཡང་ཞོགས་ཀ་བཟའ་དཔོན་གྱིས་ཁྱིམ་མི་ཐམས་ཅད་ལོ་གསར་བ་བཅུ་གསུམ་ནང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ཚིག་བརྗོད།དེ་རིང་ལོ་གཅིག་བདེ་སྐྱིད་དང་པོ་ཡིན།།དེ་རིང་ལྷ་དང་བླ་མའི་ངོ་སོ་མཐོ།།དེ་རིང་དྲིན་ཆེན་ཕ་མའི་སྐུ་ཁམས་བདེ།།དེ་རིང་གྲོཊ་དང་ན་ཟླའི་ཁ་གཡང་བརྗོད།།དེ་རིང་དཔལ་དང་འབྱོར་བའི་ཕྱྭ་གཡང་འཁོར།།ཞེས་པ་སྦྲགས། དེ་ནས་ཁྱིམ་མི་ཚང་མས་ཞོགས་ཇ་སྒྲེ་བོའི་ཡུལ་སྐད་དུ་༼ ཁ་ཏིག ༽ཅེས་པའི་རྩམ་པ་དང་མར་བསྲེས་པའི་ཕྱེ་མར་མཉམ་ཏུ་བཞེས།  དེ་ནས་ཉི་མ་རི་རྩེར་ཤར་སྐབས་ལ་ཁང་སྟེང་གསས་མཁར་དང་ལབ་རྩེའི་དཀྱིལ་དུ་མཐར་སྲུང་བཞི་དང་མདའ་ཤིང་དར་ལྕོག་རྨུ་དར་རྣམས་བསྐོར་ནས་གསོལ།  ཡང་བསང་ཕུད་ནས་བསང་དུད་རྣམས་ཡས་མར་རུ་མ་ཕྱོགས་པར་ཐད་ཀར་དུ་འཕྱུར་ན་དེ་ལ་བཀྲ་ཤིས་པའི་རྟེན་འབྲེལ་དུ་བརྩི།དེ་མིན་བསང་དུད་ཁང་པའི་རྒྱབ་ཕྱོགས་དང་གཡས་ཕྱོགས་གཡོན་ཕྱོགས་གང་དུ་ཕྱིན་ན་རྟེན་འབྲེལ་ཙམ་ཞིག་བརྩི།  དེ་ནས་ཆུ་ཚོད་བཅུ་དང་བཅུ་གཅིག་ཙམ་ལ་སླེབས་དུས་རྟ་ལ་སྒ་ཆས་ཡོངས་སུ་བརྒྱན་ནས་ཁྱིམ་ཚང་རེའི་མི་རེ་ཡིས་བོད་ལྭ་གཙང་མར་གྱོན་ནས་རྒྱབ་ཏུ་བསང་རྫས་དང་ལག་ཏུ་མདའ་ཤིང་རྣམས་བཟུང་སྟེ་ཚོ་བ་སྤྱིའི་ཕ་མེས་ནས་མགོན་སྐྱབས་སུ་བསྟེན་པའི་ཡུལ་ལྷ་གཞི་བདག་དེའི་མདུན་དུ་བསང་མཆོད་ཕུལ་དུ་འགྲོ་ནས་བསང་ར་ལ་ཚང་མ་ཕེབས་ཚར་མ་ཐག་ཏུ་བསང་གཏོང་ནས་བསང་འབོད་ལ་ངེས་ཆ་སུ་ཡོད་འགྲན་ཏེ་བསང་ཕུད། དེ་ཚར་ནས་མི་ཚང་མས་སྐོར་སྐོར་བྱེད་ནས་ཆང་འཐུང་བ་དང་ཁ་ཤག་བྱེད་པ་དང་བྲོ་བརྡུང་གླུ་ལེན་བྱེད་ཚར་ནས། དེ་རྗེས་རྟ་ཁྲིད་ནས་སྙིང་པོ་རྣམ་གསུམ་སོགས་གྱེར་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་བཞིན་དུ་གཡས་བསྐོར་གྱིས་བསང་ཁྲི་ལ་སྐོར་བ་ལན་གསུམ་བྱེད།དེ་ནས་དུས་ཚོད་གཉིས་གསུམ་ཡས་མས་ཤིག་ཏུ་ཐང་ལ་ཡོང་ནས་རྟ་རྒྱུགས་དུས་ཚོད་ཕྱེད་ཙམ་གཏོང་། དེ་ནས་རྒན་པ་རྣམས་གཙོས་པའི་ཁྱིམ་ཚང་སོ་སོའི་དབང་འཛིན་མི་སྣ་སྟེ་ཁྱིམ་གྱི་བདག་པོ་རྣམས་མཉམ་གཅིག་ཏུ་འདུས་ཏེ་བཅུ་གསུམ་གྱི་རྩེད་རིགས་དང་དགའ་སྟོན་གྱི་སྐོར་ནས་གྲོས་འགོ་འཛིན་ཞིང་སྐད་ཆ་མོལ་བ་རེད། བཅུ་གསུམ་ཉིན་གཅིག་རིང་ལ་རང་རང་གི་ཁྱིམ་མི་ཚང་མ་མཉམ་དུ་འཛོམས་པ་དང་མ་ཟད་རང་ཁྱིམ་ནས་ཕྱིར་སོང་བའི་བུ་དང་བུ་མོ་ཚང་མ་ཚུར་འབོད་ནས་དགའ་དགའ་སྤྲོ་སྤྲོ་བྱས་ཏེ་ཁྱིམ་མི་མཉམ་འཛོམས་ཀྱི་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུ་ལས་ཕྱིར་མི་འགྲོ་ཞིང་།  ཉིན་དེ་ནས་བཟུང་སྟེ་ལོ་གཅིག་རིང་ལ་བྱ་བ་ངན་པའི་ལས་སྤྱོད་ཐམས་ཅད་སྤང་དགོས་ཟེར་སྲོལ་ཡོད།    

       ཚེས་བཅུ་བཞི་ཉིན་ནི། གྲོང་ཚོ་དེའི་ཁྱིམ་ཚང་རེའི་མི་རེ་འདུས་ཏེ་བཅོ་ལྔའི་སྟ་གོན་ལ་ཚོ་བ་སྤྱིའི་གུར་ཆེན་ཕུབ་རྒྱུ།དེའི་ཉིན་ཁྱིམ་དུ་སྒྲེ་བོའི་ཡུལ་སྐད་དུ༼ ཕུར་བུ༽ཞེས་པའི་གྲོང་ཚོ་འདིའི་ནང་དུ་ལོ་གསུམ་ཅན་གྱི་བྱིས་པ་བུ་དང་བུ་མོ་ཚང་མ་ལ་ཁྱིམ་ཚང་རེ་རེས་མགྲོན་དུ་འབོད་ནས་དེ་རྣམས་ཀྱིས་ཁྱིམ་དེའི་བཟའ་དཔོན་ལ་ཁ་བཏགས་རེ་ཕུལ་ནས་བཀྲ་ཤིས་པའི་ཁ་གཡང་བརྗོད།      ཚེས་བཅོ་ལྔའི་ཉིན་དུས་ཚོད་བཅུ་བ་ཙམ་ལ་སྐྱེས་པ་རྣམས་བོད་ཚྭ་གྱོན་སྟོད་ལྭ་འབུ་རས་སྨད་ལྭ་འབུ་རས་ལྷམ་གྱོན།སྒྲེ་བོ་ཡུལ་སྐད་དུ་ལྷམ༼ གོ་ཙི་བྱིན་པོས༽ ཞེས་པའི་འཆམ་ལྷམ་དེ་རེད། རྟ་ལ་སྒ་བཀྲ་སྟན་བཀྲ་བྱས་ནས་བསང་རྩམ།ཤུག་པ།ཆང་ཕུད།ཇ་ཕུད་སོགས་ཁྱེར་ནས་སུ་ལ་པཎ་ཆེན་མཆོག་སོགས་ཀྱིས་བྱིན་གྱིས་བརླབས་པའི་བོན་གསུངས་བའི་མཆོད་གནས་སྒྲེ་བོ་པད་མའི་ཐང་དཀྱིལ་དུ་སོང་སྟེ་དེར་ཐོན་དུས་བསང་རྫས་དང་བསང་ཤུག་ཕུལ་ནས་བསང་གཏོང་རྒྱུར་གྲ་སྒྲིག་བྱེད། དབུ་བླ་དང་གྲྭ་བ་རྣམས་ཀྱིས་ཇ་ཕུད་ཆང་ཕུད་དང་།འབྲུ་སྣ་ལྔ་དང་མཆོད་པ་རྣམ་ལྔ་བཤམས།རྔ་རྡུང་རོལ་མོ་དཀྲོལ་ཏེ་སངས་རྒྱས་གཤེན་རབ་མཆོག་ལ་སངས་རྒྱས་རྗེས་དྲན་གྱི་མདོ་བཞུགས་དང་འཛམ་གླིང་སྤྱི་བསང་དང་།ཡུལ་རི་གཞི་བདག་གི་བསང་ཡིག་དང་།སྐྱོབ་འབྱིན་བསང་མཆོད།གསོལ་ཀ་བཅས་ཁ་ཚང་བར་འདོན་ཞིང་མི་སྐྱ་རྣམས་ཀྱིས་བསང་འབོད་འདི་ལྟར་བྱེད། འོ་ལྷ་གསོལ་ལོ། ། བྱིན་རླབས་རྩ་བ་དཔལ་ལྡན་བླ་མ། དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས། ཕྲིན་ལས་རྩ་བ་མ་སྲིང་མཁའ་འགྲོ། རྩ་གསུམ་དམ་ཅན་རྒྱ་མཚོ་ལྷ་གསོལ་ལོ། མ་མཆོག་སྲིད་པའི་རྒྱལ་མོ། མི་བདུད་འབྱམས་པ་ཁྲག་མགོ ཨ་བསེ་བྲག་བཙན་དམར་པོ། ཚང་པ་ཉི་པང་སད་ཝེར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། ལྷ་ཆེན་རྨ་གཉན་པོམ་ར། ནོར་ལྷ་རྣམ་སྲས་མཆེད་བརྒྱད། མྱུར་མགྱོགས་ཟ་ངུ་མ་བརྒྱད། རྗེ་ཡི་འགུར་ལྷ་བཅུ་གསུམ། འཇིག་རྟེན་བརྟན་མ་བཅུ་གཉིས། ཡུལ་རི་འདི་ཡི་གཞི་བདག  དབེན་རི་འདི་ཡི་སྲུང་མ་ལྷ་གསོལ་ལོ། །ཡུལ་ལྷ་གསས་མཁར་གཉན་པོ། སྒྲ་བླ་མི་དཀར་རྟ་དཀར། ཉག་སྟོད་ཁ་བ་ལུང་རི། ཉག་སྨད་སྐྱོབ་འབྱིན་སེང་ནག  བྲག་དཀར་དུང་རི་དཀར་པོ། ཨ་ཁུ་ཚོགས་རྒྱལ་གཉན་པོ། གར་གནས་ཡུལ་ས་གཞི་བདག སྲ་བ་བྲག་ལ་གནས་པ། འབབ་པ་ཆུ་ལ་གནས་པ། སྐྱེ་བ་ཤིང་ལ་གནས་པ། འགྲོ་བ་ལམ་ལ་གནས་པ། རི་གང་མཐོ་ལ་གནས་པ། ས་གང་གཉན་ལ་གནས་པ། ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། གཉན་མཐུ་བོ་ཆེ། ས་བདག་མཐུ་བོ་ཆེ། གཏོད་མཐུ་བོ་ཆེ་ལྷ་གསོལ་ལོ། །སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལ་གནས་པའི་ལྷ་ཀླུ་ཡུལ་ས་གཞི་བདག་ཐམས་ཅད་ལྷ་གསོལ་ལོ།།ཁྱད་པར་དུ་རྒྱབ་རི་ཁོད་སྤུངས་ཚང་གི་ལྷ་དང་སྲུང་མ་རྣམས་སྐྱོབ་འབྱིན་གཙོ་བོ་བཅུ་གསུམ་འགོ་བའི་ལྷ་ལྔ་སྲུང་བའི་ལྷ་བརྒྱད་ལ་སོགས་དུས་གསུམ་རྒྱལ་བའི་བཀའ་ཉན།  དབལ་བོན་གཤེན་གྱི་གྲོགས་མཛད།  བོན་སྐྱོང་ཡིད་བཞིན་གྱི་ནོར་བུའི་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལྷ་གསོལ་ལོ།། ཉི་མ་དེ་རིང་ཕན་ཆད་བྱམས་པའི་ཐུགས་ཀྱིས་དགོངས་དགོས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག མཁྱེན་པའི་སྙན་གྱིས་གསོན་ཞིག རྫུ་འཕྲུལ་ཕྱག་གིས་སྐྱོབས་ཤིག བཟའ་མི་འཁོར་དང་བཅས་པའི་ཚེ་ཡི་དམུ་ཐག་སྐྱོངས།  ལུས་ཀྱི་སྟོབས་ཤུགས་སྐྱེད།  བརྒྱུད་འཛིན་དབང་ཐང་སྩོལ།  ནོར་དང་ལོངས་སྤྱོད་སྤེལ།  ཕོ་ཐམས་ཅད་ཚེ་རིང་། མོ་ཐམས་ཅད་དཔལ་འཕེལ། ཟས་ལ་བཅུད་འབྱུང་དགོས། ནོར་ལ་གཡང་ཆགས་དགོས། ཤེས་ཡོན་ཟླ་ལྟར་རྒྱས་དགོས། སྟེང་གི་མི་ལ་ན་ཚ་མ་གཏོང་།  འོག་གི་ཕྱུགས་ལ་གོད་ཁ་མ་གཏོང་། ཞིང་ལ་བཙའ་སེར་སད་གསུམ་མ་གཏོང་། བློ་ལ་སྒྲིབ་གཡོག་མ་གཏོང་།  ལས་ལ་ནོར་འཁྲུལ་མ་གཏོང་། ཁ་ཟས་མེད་ཟས་དང་སྤྲོད་ཅིག རྒྱབ་གོས་མེད་གོས་དང་སྤྲོད་ཅིག ལག་རྒྱུ་མེད་རྒྱུ་དང་སྤྲོད་ཅིག མི་དྲང་དགྲ་བོ་གཉའ་ནས་ནོན་ཞིག  བདེན་པའི་གཉེན་ཉེ་མཐའ་ནས་སྐྱོར་གཞིས་ལ་བསྡད་ན་མགོན་སྐྱབས་གྱིས། བྱེས་ལ་འགྲོ་ན་ལམ་ལྷ་གྱིས། ཚོང་ལ་འགྲོ་ན་ཟ་ཁ་ཕྱེས། དམག་ལ་འགྲོ་ན་རྒྱལ་ཁ་ལོངས། སྟོབས་འགྲན་ན་དཔུང་རོགས་གྱིས། ཤག་འདེབས་ན་རྣོ་སོ་ཕྱུངས། རྒྱན་འགྱེད་ན་རྒྱལ་ཁ་ལོངས། དགྲ་སྣ་དང་ཇག་སྣ་མ་གཏོང་། རྐུན་སྣ་དང་ཇག་སྣ་མ་གཏོང་། མི་མང་སར་རྨ་མ་ཕབས། སྔོན་ནས་བསུ་མ་གྱིས། རྒྱབ་ནས་སྐྱེལ་མ་གྱིས། བར་ནས་གཡོག་མ་གྱིས། དགྲ་འོང་ན་བྱ་གཏོང་དགོས། དུག་འོང་ན་སྨན་གཏོང་དགོས། བྱ་བཟང་ལག་ཏུ་བཞག་དགོས།   རྐྱེན་ངན་རྒྱང་དུ་བསྲེང་དགོས། མདའ་གང་བས་གཡས་སུ་མ་རིང་། མདུང་གང་བས་གཡོན་དུ་མ་ཐུང་།  ཉི་མ་དེ་རིང་ནས་བཟུང་སྟེ་ཁ་འཛིན་དང་རྒྱབ་རྟེན་མཛད་ནས་སྐྱིད་ཀྱི་ཉི་མ་ཤར་དགོས།  འཕན་གྱི་ཟླ་བ་ཚེས་དགོས།  ཡང་དགོས་སུ་བྱ་བ་གང་ཡིན་པ་དེའི་ཆེད་དུ་མགོན་སྐྱབས་དང་སྡོང་གྲོགས་སུ་རེ་བ་ཡིན་པས། བོན་སྐྱོང་ཡིད་བཞིན་གྱི་ནོར་བུ་ཁྱེད་རྣམས་ཀྱི་སྐུ་མ་གཡེལ། གསུང་མ་གཡེལ། ཐུགས་མ་གཡེལ། ཡོན་ཏན་མ་གཡེལ།  ཕྲིན་ལས་མ་གཡེལ། མ་གཡེལ་མ་འདའ་བཅོལ་བའི་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ་ལོ།། ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ལྷ་རྒྱལ་ལོ་ལྷ་རྒྱལ་ལོ་ལན་གསུམ་ལ་བྱས་རྗེས་རྟ་ཞོན་ནས་མདའ་དང་མདུང་ཕྲག་ཏུ་ཁུར་ཏེ་སྙིང་པོ་རྣམ་གསུམ་སོགས་གྱེར་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་བཞིན་དུ་གཡས་བསྐོར་གྱིས་བསང་ཁྲི་ལ་སྐོར་བ་ལན་གསུམ་བྱས་ནས་བསང་བསྐོར་བྱེད།དེ་ནས་རྟ་རྒྱུག་གི་མགོ་ཚུགས་ཏེ།རྟ་རྩལ་བཟང་བའི་ཕོ་གསར་རྣམས་ཀྱིས་སྒ་འགྱུར་དང་།ཅོག་ཙེ་རྟ་བབ་དང་།སྒ་མཆོང་དང་།རྟ་ཐོག་ནས་བང་རྩལ་འགྲན་པ་དང་།ཁ་བཏགས་ལེན་རྒྱུ་སོགས་རྐྱ་རྩལ་དང་།རྟའི་མགྱོགས་ཚད་འགྲན་པ་སོགས་ཕར་ཚུར་ཐོག་མ་གསུམ་གསུམ་རྒྱུགས།  ལྟད་མོ་བ་ན་གཞོན་ཕོ་མོ་རྣམས་རྟ་རྒྱུགས་མཁན་མི་རྣམས་ལ་རྟའི་བང་རྩལ་ཡོད་མེད་བཤད་རེས་དང་རྒད་པོ་ཚོས་ཆང་འཐུང་ཞོར་ལྟད་མོའི་སྐབས་བསྟུན་ནས་དགའ་དགའ་སྤྲོ་སྤྲོ་ཡིས་དུས་འདའ་བ་ལ། རྟ་ལེན་གསུམ་རྒྱུགས་ཚར་རྗེས་ཉག་རོང་ཐུན་མོང་གི་སྲོལ་རྒྱུན་མ་ཡལ་བའི་མོ་གསར་རྣམས་ཀྱིས་སྐྲ་སླ་ཞིང་གོས་བཟང་གྱོན་པ་དང་ཕོ་གསར་རྣམས་ཀྱིས་སྐྲ་འཕེན་རྒྱན་ཞིང་བོད་ཚྭ་གྱོན་རྒྱུ་དང་།  སྟོད་ལྭ་འབུ་རས་དང་སྨད་ལྭ་འབུ་རས། བོད་ལྷམ་གང་ཡག་གྱོན་ནས་བྲོ་རའི་དཀྱིལ་ལ་མཉམ་དུ་ཡོང་ནས་བྲོ་འཆམ་ཞིང་གླུ་ལེན་པ། ཐག་རིང་ནས་ཡོང་བའི་མགྲོན་པོ་རྣམས་བྲོ་སྟོན་འབུལ་སྲོལ་ཡང་ཡོད་དེ།སྤྱི་གཉེར་པས་བྲོ་འཆམ་མཚམས་རན་པའི་སྐབས་དང་བསྟུན། མི་སུ་ཞིག་གིས་བྲོ་ར་རྒྱས་པའི་རྟེན་འབྲེལ་དུ་བྲོ་སྟོན་འབུལ་བའི་ཚུལ་དང་།འབུལ་མཁན་ལ་བསྟོད་པ་དང་ཤིས་བརྗོད་ཀྱི་ཁ་གཡང་བརྗོད་དགོས། དེ་ནས་གཏམ་བཤད་བྱེད་པ་པོ་བྲོ་དཔོན་ལ་ཁ་བཏགས་དཀར་པོ་བཏང་སྟེ། ཚུལ་འདི་སྔར་སྲོལ་བཟང་པོའི་རྒྱུན་མ་ཆད་པ་ཡིན་ལུགས་དང་།ཁ་བཏགས་ཀྱི་འགྲེལ་བཤད་དང་།དེང་འདིར་སྐྱ་སེར།རྒན་གཞོན་ཕོ་མོ་ཀུན་ཀྱིས་འབད་པ་དང་མཐུན་སྒྲིལ་ལ་བརྟེན་ནས།སྡེ་འདིིིའི་མི་ནོར་དར་ཞིང་རྒྱས་པའི་ཚུལ་དང་།ད་ཕན་ཆད་ཀྱང་སྤྱོད་བཟང་དར་སྤེལ་དགོས་ཚུལ་གྱི་གཏམ་སྙན་ལ་རིང་མོ་བཤད།ད་དུང་ལོ་གཅིག་གི་རིང་ནང་རྒྱུ་ཕྱི་ལ་ངོམས་པའི་ཉི་མ་ཡིན།བྲོ་པ་ཕོ་མོ་ཀུན་ཀྱིས་གོས་གསར་གྱོན།གསེར་དངུལ་དང་གཟི་བྱུར།སྤོས་ཤེལ་སོགས་གཞལ་དཀའ་བའི་རིན་ཐང་ཆེན་པོ་དག་གིས་རྒྱན་གྱིས་སྤུད་སྲོལ་ཡོད་པས།ལྟད་མོ་བ་འགའ་ཞིག་ནི་རྒྱན་གོས་ལ་ཆེད་དུ་ལྟད་མོ་ལྟ་འོང་བའང་ཡོད།   གླུ་མགོ་དང་བྲོ་མགོ་ནི་ཉག་རོང་སྤྱིའི་འགྲོ་ལུགས་ཤིག་ཡོད་པ་ནི་འདི་བཞིན་ཡིན།  དང་པོ་གླུ་མགོ་ནི།སྐྱོ་ཨ་ལ་ལ་མོ་ལ་རེད་གོ།ལ་ཞེ་མ་ལ་མོ་ལ་རེད་གོ། བྲོ་འགྲོ་ནི།ཨེ་མ་དགུང་སྔོན་མཐོ།དགུང་སྔོན་མཐོན་པོ།ཞབས་བྲོ་སུམ་བརྒྱའི་འདུ་ལ་ཚོགས།གཡས་ཕྱོགས་བོན་བསྐོར་ལོ་ལོ། ཞེས་པ་དེ་འཆམ་ལ།དེ་ནས་བྲོ་དཔོན་གང་འདོད་ཀྱི་ངང་ནས་བྲོ་འཆམ་པར།དགོང་ཁར་ཉི་མ་རི་རྩེར་ནུབ་སྐབས་བཀྲ་ཤིས་པའི་བྲོ་བརྡུང་ཞོར་དུ་རྟ་རྒྱུག་བྲོ་བ་ཚོ་ལྟད་མོ་དང་མཉམ་དུ།བཀྲ་ཤིས་ཤོག སྨོན་ལམ་ཤོག་ཅེས་བྲོ་རྡུང་།རྟ་པ་ཐམས་ཅད་མཉམ་དུ་རྒྱུག་པར།ལྷ་རྒྱལ་ལོ་ཞེས་འབོད་ནས་འགྲོ། མཐར་རྟ་བ་ཐམས་ཅད་རྟ་ལས་བབས་ཏེ་ཞྭ་ཕུད་ནས་བཀྲ་ཤིས་ཀྱི་མཐར་བརྒྱན་ནས་རང་ཁྱིམ་དུ་ལོག་གོ།  ། ཚེས་བཅུ་དྲུག་ཉིན་རང་སྡེ་ནས་གཞན་ཁྱིམ་ལ་གཉེན་དུ་སོང་བའི་བུ་དང་བུ་མོ་རང་གི་ཕ་ཡུལ་གྱི་བཅུ་གསུམ་དུས་སྟོན་དུ་ཡོང་ནས་ནང་ཁྱིམ་དང་ལྷན་དུ་འཛོམ་ཞིང་ཤ་ཉེ་རིང་ཀུན་མགྲོན་པོར་འབོད་སྲོལ་ཡོད།  ཚེས་བཅུ་བདུན་ཉིན་ནས་བཟུང་ཉིན་བཞིའི་རིང་ལ་གྲོང་སྡེ་དེའི་ཚོ་བ་སོ་སོ་གཉིས་བགོས་ནས་ཁྱིམ་ཚང་ལྔ་རེ་ལ་སྤྱི་གཉེར་རེ་བྱས་ནས་ཕན་ཚུན་མགྲོན་དུ་འབོད་རེས་བྱེད།  དེའི་དུས་སུ་བྲོ་འཁྲབ་པ་དང་གླུ་ལེན་པ་སོགས་རྩེད་མོ་སྣ་ཚོགས་བྱེད་ཀྱིན་ཡོད་པ་རེད།  གྲོང་ཚོ་བགོས་ཚུལ་ནི་སྒྲེ་བོའི་ཡུལ་སྐད་དུ༼ ལུང་དབུས། བྲག་གསེང་། རོང་རི།  རི་རྟགས་དབུས། དངས་ར། ཡང་མེས་དབལ།  མཁར་བུག  མཁར་ར་དང་ཀླུ་འབུམ། ༽  ཞེས་པའི་གྲོང་ཚོ་བརྒྱད་ཡོད་པའི་དེ་ཚོམ་གཉིས་བགོས་ནས་ཉིན་བཞིའི་རིང་དགའ་དགའ་སྤྲོ་སྤྲོའི་ལྟད་མོ་སྣ་ཚོགས་བྱེད་ནས་ཚེས་ཉི་ཤུའི་དགོང་མོར་དུས་ཆེན་གྱི་མཇུག་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལེགས་པར་བསྡུ་འགྲོ་བ་རེད་ལགས་སོ།།  

   ཞོར་དུ་དམིགས་བསལ་ཞུ་རྒྱུ་ནི་གཙོ་བོ་ད་ལྟ་ཚན་རིག་དཔལ་འབྱོར་གྱི་བསམ་བློ་སོགས་ཡར་རྒྱས་འགྲོ་དང་འགྲོ་བཞིན་ཡོད་པས་ང་ཚོ་མདོ་དབུས་ཁམས་གསུམ་ན་ཡོད་པའི་བོད་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཡང་དེ་བཞིན་འགྱུར་དང་འགྱུར་བཞིན་ཡོད་ལ་དེར་བརྟེན།  འུ་ཅག་ལ་མེས་པོ་གོང་མ་ནས་བརྒྱུད་གནའ་སྔོན་མའི་སྲོལ་རྒྱུན་བཟང་བོ་སྒྲེ་བོའི་བཅུ་གསུམ་ཞེས་པའི་དུས་སྟོན་བྱེད་སྲོལ་འདི་མི་རབས་རྗེས་མ་རྣམས་ཀྱིས་མི་བརྗེད་པའི་ཆེད་དུ་ཡིག་ཐོག་ཏུ་བཀོད་པ་ཡིན་ནོ།།  

སྒྲེ་བོ་དགེ་བཤེས་སྐལ་བཟང་ཆོས་གྲགས་ནས/༢༣/༡༡/༢༠༡༩ཧོར་ཡུལ་བྲག་འགོ་ནས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།