རས་གུར་འོག་གི་ཟིན་ཐོ།

[ཟླ་ཚེས། 2015-05-07 14:02:22][རྩོམ་པ་པོ། ཁྱུང་ཐོག་རྒོད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 03.jpg02.jpg

   སྤྱི་ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་ཏེ་ང་ཚོ་སྔར་རྒྱུན་བཞིན་ཞོགས་ཚོགས་དང་རྩོད་སྦྱོང་སོགས་ཀྱི་སྔ་དྲོའི་ལས་ཀ་མཇུག་གྲུབ་མཚམས་སྔར་བཞིན་སོ་སོའི་ཤག་ཏུ་བསྐྱར་སྦྱོང་དང་དཔེ་ལྟར་འབད་བཞིན་ཡོད། འོན་ཀྱང་ཉིན་འགའི་སྔོན་ནས་བལ་ཡུལ་དུ་སྔར་རྒྱུན་ལྟར་མིན་པའི་གནམ་གཤིས་གྲང་ཚད་ཆེ་རུ་སོང་ཡོད་པའི་ཚོར་སྣང་ཞིག་བྱུང་། ཉིན་དེར་ཡང་གྲང་ངར་ཆེ་བ་དང་གནམ་མཐའ་ཐལ་མདོག་ཏུ་གྱུར་ཏེ་བལ་ཡུལ་རྒྱལ་ས་དེར་ཧ་ཅང་གྲང་བའི་མཉམ་ཞིག་ཤར་འདུག ཉིན་དེའི་བལ་པོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ལྔ་བཅུ་ལྔ་ཐོག་ང་ཚོ་སྔར་རྒྱུན་བཞིན་ཚོགས་དགོས་སྟབས། ཉིན་གུང་གི་ཚོགས་བརྡ་སྟེ་རྒྱལ་རྔའི་སྒྲ་ལྷང་ལྷང་དུ་བཏང་བྱུང་། དུས་མཚུངས་སུ་ངའི་ཤག་རོགས་དང་ང་གཉིས་སྔོན་རྗེས་སུ་ཤག་གི་སྒོ་རུ་བུད། སྐབས་དེར་ངའི་མིག་ལམ་དུ་ཡོད་པའི་དངོས་པོ་དག་ཡོམ་ཡོམ་དུ་འཁྱོམ་བཞིན་འདུག ངའི་སེམས་ལ་ང་རང་གི་ནད་གཞི་རྙིང་པ་ཁྲག་ཤེད་སླར་ཡང་འཕར་ནས་མགོ་བོ་འཁོར་བཞིན་འདུག་སྙམ་པའི་དངངས་སྐྲག་གིས་ངས་ཁ་ཐུག་ཤག་རོགས་ལ་འཐམས་པ་ཡིན།

 01.jpg

   དེ་མུར་ངའི་རྒྱབ་ལོག་ནས་གཞན་ཞིག་གི་ས་ཡོམ་སླེབས་སོང་ཞེས་བོས་བྱུང་། ངས་བྲོས་ཞོར་དུ་ཁ་ཕྱིར་སློག་ནས་བལྟས་དུས་ཤག་གི་ཐོག་ཀ་ནས་ས་རྡོ་ཁྲོག་ཁྲོག་ཏུ་ཟག་བཞིན་འདུག དུས་མཚུངས་སུ་གྲྭ་པ་གཞན་དག་ཀྱང་དམར་ཐར་རེར་དགོན་པའི་གླིང་བར་རྡོས་སྐྲས་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་འབྲོས་བཞིན་འདུག ང་ཡང་འབྲོས་བཞིན་འགྱེལ་བཞིན་སོང་སོང་བའི་མཐའ་མ་དེར་དགོན་པའི་གཡོན་ཟུར་གྱི་ས་སྟོང་དེར་འབྱོར། ང་ཚོས་ཁ་ནས་ལྷ་དང་སྲུང་མ་དག་འབོད་ཞོར་དུ་མ་གིའི་གྲོང་ཁྱེར་ལ་མིག་ཅེར་སྟེ་མི་ལྟ་ཁག་མེད་དུ་གྱུར། སྐབས་དེ་དུས་ངའི་སེམས་ནང་ལ་དྲན་འོང་བ་ནི་ཉིས་སྟོང་བཅུ་གཉིས་ལོར་ས་སྒང་ཧྲིལ་པོ་ཞིག་རལ་དུ་འགྲོ་ཡི་ཡོད་པའི་སྐོར་གྱི་གློག་བརྙན་དེ་རེད། མདུན་གྱི་གྲོང་ཁྱེར་ནང་གི་ཁང་པ་འགྱེལ་བའི་སྒྲ་དང་། ཐལ་རྡུལ། མི་ཁྱིའི་ཀུ་ཅོ་སོགས་ནི་གློག་བརྙན་དེ་དང་ཨ་ན་མ་ན་རེད། ས་ཡོམ་མཚམས་བཞག་ཚར་རྗེས་སེམས་པ་ཏོག་ཙམ་ལྷོད་ལ་བབས་སོང་། དེ་དུས་གཞི་ནས་ང་རང་གི་ལྷམ་གོག་ལམ་བར་དུ་བརླག་པ་ཚོར་བས་ཅུང་ཙམ་ངོ་གནོང་པའི་ཚོར་བ་ཞིག་དང་ལྷན་དུ་གཡས་གཡོན་ལ་བལྟས་དུས་རོགས་པ་ཚོའི་གྲལ་ལའང་ལྷམ་མེད་མཁན་མང་ཐག་ཆོད་ཅིག་ཡོད་པ་མཐོང་སྐབས་བློ་བདེ་སོང་།

12.jpg

   དེ་མཚམས་ང་ཚོ་ཉིན་གུང་ཁ་ལག་ཟ་མགོ་བརྩམས་པ་ཡིན། ནམ་རྒྱུན་ང་འབྲས་དང་སྲན་ཐུག་ལ་ཧ་ཅང་དགའ་བོ་ཡོད། ཡིན་ཡང་ཉིན་དེར་ཟ་མ་ལ་བྲོ་བ་གཏན་ནས་མི་འདུག ང་ཚོ་གུང་ཟས་ཚར་ལ་མ་ཚར་སྐབས་སུ་ཡང་བསྐྱར་ས་ཡོམ་སླེབས་བྱུང་། ང་ཞེད་ནས་སྙིང་ཁ་ནས་ཐོན་གྲབས་ཡོད་ཡིན་ཡང་བྱ་ཐབས་མི་འདུག མར་གྲོང་ཁྱེར་ལ་བལྟས་དུས་བལ་ཡུལ་གནམ་ཐང་དང་མཆོད་རྟེན་བྱ་རུང་ཁ་ཤོར་རྒྱུད་ནས་ཐལ་རྡུལ་གྱིས་གནམ་ས་ཁེངས་སོང་བས་ངའི་སེམས་ལ་ས་ཆ་དེའི་རྒྱུད་ནས་མི་གཅིག་ཀྱང་ཐར་མ་སོང་བསམ་པའི་ཚོར་བ་ལྗིད་ཏིག་གེ་བ་ཞིག་གིས་ལུས་སེམས་ཡོངས་སུ་མནར། ས་ཡོམ་གྱིས་རྐྱེན་པས་འཕྲིན་ལམ་ཆད་ནས་གནས་ཚུལ་གོ་ཐབས་བྲལ། སྤྱིར་ཉིན་དེར་གཟའ་སྤེན་པ་སྟེ་བལ་ཡུལ་གྱི་གུང་སེང་ཉིན་མོ་ཡིན་ཀྱང་ང་ཚོའི་དགོན་པ་ལ་གུང་སེང་གཏན་ཁེལ་མེད་སྟབས་ཉིན་དེར་འཛིན་གྲྭ་ཡོད་པའི་ཁ་ཐུག་ལ་ཁེལ་བས་གྲྭ་མང་ཕལ་ཆེ་བ་དགོན་པར་བསྡད་འདུག ཡིན་ཡང་འགའ་ཞིག་ལས་དོན་གྱིས་རྐྱེན་པས་ཕྱི་ལ་ཕྱིན་པ་དག་ཀྱང་རིམ་བཞིན་དགོན་པར་འབྱོར་སོང་བས་ཅུང་ཙམ་བློ་བདེ་སོང་། མདོར་ན་ང་ཚོའི་དགོན་པར་མཚོན་ན་སྐབས་དེར་དགེ་འདུན་གྱི་སྡེ་ལ་ཁ་ཆག་སྣ་རལ་གང་ཡང་བྱུང་མེད་པ་ནི་དགའ་འོས་པ་ཞིག་ཡིན་ཀྱང་། བལ་པོའི་མི་སེར་མང་པོ་ཞིག་གི་གཅེས་པའི་ཚེ་སྲོག་དང་བསགས་པའི་རྒྱུ་ནོར་སོགས་གློ་བུར་དུ་ང་ཚོའི་མིག་གི་མཐོང་ས་དེ་རུ་ས་ཞབས་ལ་སྟིམས་སོང་བ་དྲན་ཚེ་སེམས་ལ་སྡུག་བསྔལ་གྱི་ཚོར་བ་ནི་རྫོགས་མཐའ་ག་ལ་ཡོད།

50.jpg

   དེ་ནས་ང་ཚོ་གུར་ཕུབ་ཏེ་མཚན་མོ་ཕྱི་ལོག་ལ་བསྡད་པ་ཡིན། མཚན་མོ་དེར་ས་ཡོམ་ཆེ་ཆུང་མང་པོ་ཞིག་རྒྱབ་སོང་། བློ་བདེ་མོ་ཞིག་གཏན་ནས་མ་བྱུང་ཕྱི་ཉིན་ཡང་བསྐྱར་ས་འགུལ་བསྟུད་མར་བྱུང་བས་གཡས་གཡོན་གྱི་མི་ཚོས་སྐད་ཆ་ལ་གྲགས་ཅན་ཚན་རིག་པ་དག་གི་སྐད་ཆ་རེད་ཟེར་ནས་ཞེད་སྣང་ཆེ་བའི་གསར་འགྱུར་ཞིག་བཤད་རྒྱུ་ཡོད་པ་ནི་ས་གཞི་འགད་ནས་བལ་ཡུལ་ས་འོག་ཏུ་ཐིམ་འགྲོ་གྱི་ཡོད་རེད་ཟེར་བ་དེ་རེད།

07.jpg

   རོགས་པ་འགའ་ཞིག་གིས་རྫུན་གཏམ་རེད་བཤད་ཀྱི་འདུག་ཀྱང་ཁོ་ཚོའི་གདོང་པའི་ཁ་དོག་ལ་བལྟས་ན་སེམས་ལ་དོགས་པ་ཞིག་ཏན་ཏན་འདུག་ལ་ང་ནི་བློ་མི་བདེ་བའི་གནས་སུ་གྱར་སོང་། དེ་མཚམས་ང་ཚོ་དགོན་པའི་འོག་གི་ས་སྟོང་དེར་གནས་སྤོས་བྱས་སྟེ་གུར་བརྒྱབ་ནས་བསྡད་པ་ཡིན། ཆེས་ཡ་མཚན་པ་ཞིག་ལ་དགོན་པའི་ཟུར་གྱི་གྲོང་པ་ཞིག་གི་སྒོ་ཁྱི་དེས་ས་ཡོམ་མ་ཡོང་གོང་གི་སྐར་མ་གཅིག་ཙམ་སྔོན་ནས་སྐད་རྒྱག་གི་འདུག ཁྱི་དེས་སྐད་རྒྱབ་པ་ནས་བརྩིས་པའི་སྐར་མ་གཅིག་ཙམ་གྱི་རྗེས་ལ་ས་ཡོམ་འབྱུང་གི་ཡོད་པ་གཏན་ཁེལ་ནས་བཤད་ཆོག་པ་འདུག ཁྱི་རིག་པ་ཅན་ཟེར་བ་དེ་འདྲ་ཞིག་ཡོད་འགྲོ་བསམ་པའི་ཚོར་སྣང་བྱུང་ལ། ཁྱི་དེའི་སྐད་ཐོས་དང་བཤད་མི་ཤེས་པའི་ཞེད་སྣང་ཞིག་ཀྱང་ཡོང་གི་འདུག

70.jpg

   ང་ཚོའི་དགོན་པའི་མདུན་ཕྱོགས་ཀྱི་ཐང་དེར་ཚོང་ཁང་ཆེན་པོ་ཞིག་འགོ་ནས་མཇུག་བར་ཞིག་རལ་དུ་གྱུར་འདུག་པས་ང་ཚོའི་གྲྭ་མང་ཕལ་ཆེ་བ་བལ་པོའི་དམགས་མི་དང་རྒྱལ་ཁབ་གཞན་གྱི་མྱུར་སྐྱོབ་ལས་འགུལ་བ་ཚོ་དང་མཉམ་ཞུགས་དང་པོ་བྱས་ཏེ་སྔ་དྲོ་ནས་མཚན་མོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་བར་དུ་ས་ཡོམ་གྱིས་གཏོར་སྐྱོན་ཕོག་པའི་ཁང་ཞིག་སྔོག་འདོན་ལ་རོགས་པ་བྱས་ཡོད། དེའི་ཕྱི་ཉིན་གཉེར་པ་དང་ལས་རོགས་འགའ་ཞིག་ས་ཡོམ་ཀྱི་གནོད་ཚེ་ཕོག་པའི་ལུང་ཀྱོག་དག་ལ་ཆེད་དུ་བསྐྱོད་དེ་གནོད་འཚེ་ཕོག་པའི་ཡུལ་མི་རྣམས་ལ་རང་ནུས་ཡོད་ཅོག་གིས་འབྲས་དང་རྡ་ལི་སོགས་ཟས་རིགས་དང་། འགྱིག་གུར་སོགས་ཀྱི་ཞབས་ཞུ་རོག་རམ་བྱས་ཏེ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་།

06.jpg
09.jpg

   དེ་མཚུངས་སུ་སྔ་སྲོལ་རིག་འབུམ་བཞིའི་དགེ་སློབ་ཡོངས་ཀྱིས་དང་བླང་ཐོག་ནད་སྲུང་སྔོན་འགོག་དང་སྨན་སྦྱིན་གྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་མཆིས། མདོར་ན་ང་ཚོས་ཐུབ་ཚོད་ནུས་ཚོད་ཀྱིས་གནོད་ཚེ་ཕོག་པའི་མི་སེར་རྣམས་ལ་རོག་ཕན་ཞབས་ཞུ་བསྒྲུབས་པ་མ་ཟད་བླ་གྲྭ་ཐུན་མོང་ནས་ཤི་བོ་རྣམས་ལ་བསུར་དང་བསྔོ་སྨོན་གྱིས་མཚམས་སྦྱོར་གནང་བ་དང་གསོན་པོ་རྣམས་བཀྲ་ཤིས་པ་དང་བདེ་ཐང་ཆེད་དུ་གསོལ་འདེབས་སྨོན་ལམ་དུས་ནས་དུས་སུ་ཞུས་དང་ཞུ་བཞིན་ཡོད། དེ་ནི་ང་ཚོས་འདི་བཞིན་བྱས་ཡོད་ཟེར་ནས་ངོམ་སོ་བྱས་པ་ཞིག་གཏན་ནས་མིན་པར་ང་ཚོ་གཡུང་དྲུང་སེམས་དཔའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་གཞན་ཕན་གྱིས་ཀུན་ནས་བསླངས་པའི་ལས་ཞིག་དང་འོས་འགན་ཞིག་ལ་བརྩིས་པ་དང་འོས་པ་ཤིག་ཡིན་བསམ་བཞིན་ཡོད།

02.jpg

   ས་ཡོམ་བྱུང་ནས་དེ་རིང་བར་ཉིན་བཅུ་གཅིག་ཏག་ཏག་ཡིན་འོན་ཀྱང་ས་ཡོམ་ད་དུང་མཚམས་བཞག་མེད་སྟབས་མི་སེར་ཕལ་ཆེར་བ་ཕྱི་ལོག་དུ་གནས་སྤོས་བྱས་འདུག ཉིན་མོ་ཚ་བ་དང་། མཚན་མོ་གྲང་བ་དང་དུག་འབུའི་སོ་རྒྱག་པ་སོགས་ཉིན་མཚན་གཉིས་ཀར་དཀའ་སྡུག་གི་གནས་སུ་གྱར་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་རྫས་དང་ལྷ་ཁང་སོགས་རྡུལ་གྱི་ཕུང་པོའི་ཀློང་དུ་བསྟིམས་ཏེ་མཛེས་སྡུག་ལྡན་པའི་བལ་པོའི་ཡུལ་གྱི་ཕྱི་ཡི་བཀོད་པ་དག་ས་བདག་གི་ལྟོ་བ་རུ་གྱུར་མིད་དུ་བཏང་ཞིང་མི་ཡུལ་གྱི་དམྱལ་བ་ངོ་མ་ཞིག་བསྒྱུར་སོང་། ད་དུང་གྱོང་རོའི་འོག་ཏུ་ཡོད་པའི་གཤིན་པོ་ཇི་ཙམ་གྱི་བེམ་པོ་ཡོད་མེད་ཚོད་དཔགས་བྱེད་མ་ཐུབ་ཀྱང་ཉིན་རེའི་གསར་ཤོག་ཐོག་ཏུ་ཤི་བོའི་གྲངས་འབོར་འཕར་བཞིན་འདུག་པས་ད་ནི་ཕལ་ཆེར་ཁྲི་གཅིག་ཟིན་ལ་ཉེ།

01.jpg

   ང་ཚོའི་དགོན་པ་ལ་མཚོན་ན་མི་ཤི་རྐྱེན་ཆག་གི་གནས་ཚུལ་གང་ཡང་མ་བྱུང་པ་ནི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཐུགས་རྗེ་དང་བསྟན་སྲུང་བོན་སྐྱོངས་རྣམས་ཀྱི་མཐུ་དཔུང་ཉག་ཅིག་ཡིན་པ་སྨོས་མེད་ལོས་ཡིན།

11.jpg

   ང་ཚོའི་དགོན་པར་ས་ཡོམ་གྱི་གནོད་སྐྱོན་གྱིས་རྐྱེན་པས་ཤག་སྐོར་འགའ་ཞིག་གད་ཆགས་ཤོར་བ་དང་བླ་སློབ་ཡོད་ཅོག་ཕྱི་ལོག་ལ་གནས་སྤོ་དགོས་པའི་གནས་ཚུལ་ཐོས་འཕྲལ་ཕྱར་བ་གྲུ་འདེགས་དང་གདུང་སེམས་མཉམ་བསྐྱེད་གྱི་ཚུལ་དུ་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་དགོན་ཆེན་དང་ལྷ་སྡེ་ཟུང་ནས་ཀྲུང་སྒོར་༧༧༧༥༨དང་ཅོག་ལོ་དགོན་ནས་ཀྲུང་སྒོར་༥༠༠༠ཐམས་པ་ཞལ་འདེབས་བཀའ་དྲིན་བསྩལ་བ་དང། དེ་བཞིན་ཐེ་ལན་རྒྱལ་ཁབ་ན་ཡོད་པའི་བོན་ཚོགས་ཀུན་གྲོལ་གླིང་ངམ་སྟོང་སྐར་ཚོགས་པའི་ཚོགས་གཞོན་རྨེའུ་ཡོན་ཏན་མཐོང་གྲོལ་གཙོས་ཚོགས་མི་ཁག་ཅིག་གིས་སྡོད་གུར་དང་བཟའ་ཆས་གཟིམ་གོས་སྐམ་གློག་སོགས་ཁ་རྩ་དགོས་ཐུག་ལ་མཁོ་བའི་ཅ་དངོས་དེ་དག་དང་ཨ་སྒོར་༡༠༠༠བཅས་ཞལ་འདེབས་བཀའ་དྲིན་བསྩལ་་གནང་བ་དང།

10.jpg

   དེ་མཚུངས་སུ་ཤར་རྒྱལ་མོ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་མཁན་པོ་མཆོག་སྤྲུལ་དྲུང་མུ་ཧ་རའི་སྤྲུལ་སྐུ་ཚུལ་ཁྲིམས་པདྨ་རིན་ཆེན་རིན་པོ་ཆེའི་གཙོས་ལྷ་སྡེ་ཐུན་མོང་དང་། རྒྱལ་རོང་འབར་ཁམས་བཀའ་ཁྱབ་དགོན་ངེས་དོན་བཀྲ་ཤིས་ཕུན་ཚོགས་གླིང་གི་དབུ་བླ་མཁན་པོ་ཚུལ་ཁྲིམས་པདྨ་རིན་པོ་ཆེའི་གཙོས་ལྷ་སྡེ་ཐུན་མོང་། དམ་པ་རང་གྲོལ་དགོན་པའི་དབུ་བླ་མཆོག་སྤྲུལ་རིག་སྔགས་རྒྱ་མཚོ་རིན་པོ་ཆེའི་གཙོས་སྡེ་འབངས་ཐུན་མོང་།

 18.jpg

   སྣང་དགོན་གྲྭ་བློ་བཟང་བསམ་གཏན་དང་། རང་དགོན་གྱི་གཤེན་གྱི་དགེ་སྦྱོར་བ་རྟོག་ལྡན་བཤད་སྒྲུབ་དར་རྒྱས་དང་རང་དགོན་གྱི་གྲྭ་བླ་རྒན་རྣམ་རྒྱལ་ཚུལ་ཁྲིམས་སོགས་ཀྱི་རང་རེས་བསྟན་པ་གཅིག་པའི་ལ་རྒྱ་སྙིང་ལ་བཅངས་ཏེ་ངེད་བོན་གྱི་གདན་ས་ཁྲི་བརྟན་ནོར་རྩེའི་འདུས་སྤྱི་དང་སྔ་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་ཡོངས་དང་སྔོན་འགྲོ་སློབ་གྲྭའི་དགེ་སློབ་ཐུན་མོངས་བཅས་ལ་ཉིན་རེའི་ཞལ་ལག་རྒྱས་འབུལ་གྱི་སྦྱིན་བདག་གནང་བར་སྙིང་ནས་ཡིད་རང་དང་སྦྱིན་པའི་བདག་པོ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུས་དང་ཞུ་བཞིན་པ་ལགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།