དགེ་རྒན་དགེ་ལེགས་བསྟན་འཛིན།

[ཟླ་ཚེས། 2022-09-01 15:31:26][རྩོམ་པ་པོ། རྒྱལ་སྤུངས་འདུད་འདུལ་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དགེ་རྒན་དགེ་བསྟན་གྱི་མི་ཚེའི་མཚམས་སྦྱོར་མདོར་བསྡུས།
 དགེ་བསྟན་ནམ་དགེ་རྒན་དགེ་ལེགས་བསྟན་འཛིན་ནི་མདོ་ཁམས་ས་ཡི་ལྟེ་བར་སྡེ་བཞི་དགེ་བཅུ་འཛོམས་པའི་ས་ཆ་སྡེ་དགེ་རྫོང་གི་མངའ་འོག་གསེར་ལྡན་འབྲི་ཆུ་དལ་འབབ་ཀྱི་ཉེ་འགྲམ། ཡུལ་མགོ་ལོན་ཞེས་པའི་གྲོང་ཚོ་ལྔ་ཡོད་པའི་ནང་ནས་ཧོ་བསྟོད་གྲོང་ཚོ་རུ་ཁྱིམ་གྱི་ཡབ་ཁྲ་འབུ་དང་ཡུམ་ཚེ་བཟང་གཉིས་ལས་སྤྱི་ལོ༡༩༥༡ལྕགས་མོ་ཡོས་ཀྱི་ལོར་སྐུ་སྐྱེས། དེ་ནས་ཕ་མའི་གཉོར་སྐྱོང་ཀྱིས་ལང་ཚོའི་སྟོབས་ཤེད་རྒྱས་ཤིང་། སྤྱི་ལོ༡༩༦༠ལྕགས་ཕོ་བྱི་བའི་ལོར་རྣམ་རིག་བང་རྩལ་མྱུར་བའི་རང་ལོ་དགུ་ཡི་སྟེང་གྲགས་པའི་བ་དན་དཀར་པོ་འཛམ་གླིང་ཤར་ནུབ་ཀུན་ལ་གཡོ་བའི༧ངེས་པ་དོན་གྱི་མཁས་དབང་ཆེན་མོ། མདོ་སྔགས་སེམས་གསུམ་དང་ཐུན་མོང་གི་རིག་གནས་བཅས་ལ་བྱན་ཆུབ་པ༧མཁས་གྲུབ་ལུང་རྟོགས་རྒྱ་མཚོའམ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་འཁྲུངས་ཡུལ་གནས་ཆེན་པདྨ་ལྷ་རྩེའི་འདུན་ཤོད། རོང་རྒྱབ་ལ་སློབ་ཆུང་འགྲིམས་ནས། ཡོན་ཏན་གྱི་རུ་མ་བོད་ཀྱི་རྨང་གཞི་ཤེས་བྱ་དབྱངས་གསལ་དང་ཐུན་མོང་གི་རིག་གནས་གཞན་རྒྱ་ཡིག་རྩིས་རིག་སོགས་ལ་མི་ལོ་དུ་མའི་རིང་ལ་འབྲི་ཀློག་སློབ།
    དེ་ནས་ལོ་འགའ་ཤས་རིང་ལ་རང་ཁྱིམ་ནས་དགོང་འཕྱི་ཉལ་ནངས་སྔ་ལངས་སོགས་ཀྱིས་སྙིང་རུས་ཀྱི་ཆུ་རྒྱུན་སྲིང་ཞིང་སྒེེར་སྦྱངས་ཀྱིས་འབད་བརྩོན་བྱས།
   ཁོང་ཉིད་སློབ་སྦྱང་བྱེད་རྒྱུ་ཐུགས་བརྩེ་རབ་ཏུ་ཆེ་རུང་སྐབས་དེ་དུས་ད་ལྟའི་སློབ་མའི་མཐུན་རྐྱེན་གྲལ་རྒྱས་འདྲ་བ། སྤྱི་ཡོངས་ཐོག་ནས་མེད་པ་མ་ཟད་ང་ཚོའི་ཡུལ་ལུང་དེ་ལས་གང་ས་ཅིའི་ཐད་ནས་ཆ་རྐྱེན་ཞན་པ་ཡིན་ཏེ། གཅིག་ནས་བསྟེན་སའི་དགེ་རྒན་དང་གཉིས་ཀྱི་ཕྱོགས་ནས་སློབ་ཚན་གྱི་དཔེ་ཆ་དང་འབྲི་ཤོག་སྨྱུ་གུ་བཅས་ཀྱི་དཀའ་ཁག་ཧ་ཅང་ཆེ། ཡིན་རུང་འབྲི་ཤོག་ཕལ་ཆེར་ཤིང་སྟག་པའི་ཤུན་པ་གྲོ་ག་དང་འབྲི་རྫས་ནི་སོལ་བ་སོགས་ཀྱིས་བྱེད་མྱོང་ཡོད།
     སྤྱི་ལོ༡༩༧༣ཆུ་མོ་གླང་གི་ལོར་རང་ལོ་ཉེར་གཉིས་སྐབས་ལྕང་ར་ལ་སོང་ནས་ཟླ་བ་དྲུག་གི་རིང་ལ་དམངས་འཛུགས་དགེ་རྒན་གྱི་སློབ་ཚན་དྲུག་གི་རིག་གནས་ལ་སློབ་གཉེར་གནང་ཞིང་།   ཨང་དང་པོའི་རྒྱུགས་འབྲས་བླངས་ཏེ་དམངས་འཛུགས་དགེ་རྒན་གྱི་མཚན་སྙན་ཐོབ། དེ་ནས་ཕྱིར་རང་ཡུལ་ལ་ཕེབས་ཏེ་བསེ་བ་ཟེར་བའི་གྲོང་བ་ཆུང་ངུ་དེ་རུ་དམངས་འཛུགས་དགེ་རྒན་གྱི་ཕྱག་ལས་གནང་ཞིང་གསར་སྐྱེས་ཕོ་མོ་ཡོངས་ལ་རྨང་གཞི་ཤེས་བྱ་དབྱངས་གསལ་དང་ཐུན་མོང་གི་རིག་གནས་སོགས་ལ་འབྲི་ཀློག་བསླབས།
    སྤྱི་ལོ༡༩༧༩ས་མོ་ལུག་གི་ལོར་རང་ལོ་ཉེར་བརྒྱད་སྟེང་ཕྱུག་པོ་ནོར་གྱིས་མི་ཁེངས། མཁས་པ་ཤེས་བྱས་མི་ངོམས་པའི་དཔེ་ལྟར་སླར་སྡེ་དགེ་རྫོང་ལ་སོང་ནས་ཟླ་བ་དྲུག་གི་རིང་ལ་རྒྱ་བོད་ཐུན་མོང་གི་རིག་གནས་ལ་འབད་བརྩོན་བྱས་ཤིང་།  དེར་ཡོད་ཀྱི་སློབ་མ་བདུན་བཅུ་ལྷག་གི་ནང་ནས་སྦྱངས་འབྲས་ཨང་དང་པོའི་བྱ་དགའ་ཐོབ་ཅིང་དགེ་རྒན་ཡོངས་ཀྱིས་བསྟོད་སྔགས་ཀྱི་འུར་སྒྲོག་སྟེ་དེ་ག་སློབ་གྲྭའི་ཨུ་ཡོན་ཀྱང་བསྐོས།
   ཤེས་བྱ་གཞན་ཡུལ་ནས་སྦྱང་བ་རང་ཡུལ་ལ་ཨེ་ཕན་ཟེར་བའི་དཔེ་ལྟར་སླར་ཕ་ཡུལ་དུ་ལོག་སྟེ་སྤྱི་ལོ༡༩༨༤ཤིང་ཕོ་བྱིའི་ལོར་རང་ལོ་སོ་གསུམ་སྟེང་སྔར་བཞིན་སྐྱ་སེར་གྱི་སློབ་མ་ཡོངས་ལ་ཡུལ་ལུང་དེ་གའི་གྲོང་ཚོ་བཞི་ཙམ་གྱི་ས་གནས་ལ་ལོ་རེ་འགར་བྱས་ནས་སློབ་གྲྭ་འཚོགས་ཤིང་ལོ་ཟླའི་ཆུ་རྒྱུན་རིང་མོ་སློབ་ཚོགས་དང་ལྷན་དུ་སྐྱོད།  
   སྤྱི་ལོ༡༩༨༨ས་ཕོ་འབྲུག་གི་ལོར་རང་ལོ་སོ་བདུན་སྟེང་ཏང་གི་སྲིད་ཇུས་བཟང་པོས་དམངས་འཛུགས་དགེ་རྒན་ཡོངས་ལ་«དམངས་གཉིས་དགེ་རྒན་ཐེངས་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་ཡིག་རྒྱུགས་ཆེན་མོ་»ཞེས་པར་སྤྲོད་ཆོག་པའི་དགོངས་འཆར་སྤེལ་བའི་གསལ་བསྒྲགས་བྱུང་། དེ་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་དམངས་འཛུགས་དགེ་རྒན་རྣམས་དར་རྩེ་མདོ་རུ་དམངས་གཉིས་དགེ་རྒན་ཐེངས་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་ཡིག་རྒྱུགས་སྤྲོད་སར་ཕེབས་དགོས་པའི་བཀའ་ཤོག་འབྱོར། རྫོང་ཁག་བཅོ་བརྒྱད་ཀྱི་ཡིག་རྒྱུགས་སྤྲོད་མཁན་དམངས་འཛུགས་དགེ་རྒན་བརྒྱ་དང་སུམ་བཅུའི་ཁྲོད་ནས། རྟ་ལ་མགྱོགས་མྱུར་ནུབ་གཅིག་རྩྭ་ཆུ་བཟང་ངན་དང། བུ་ལ་དཔའ་རྩལ་ཉིན་གཅིག་ཕྲག་ལྷ་དར་ཚུལ་ཟེར་བའི་དཔེ་ལྟར་ཁོང་ཉིད་ཀྱིས་ཨང་དང་པོའི་ཕུལ་བྱུང་གི་འབྲས་རྟགས་བླངས་ནས་རྒྱལ་ཁབ་གཞུང་གི་དགེ་རྒན་གྱི་མཚན་སྙན་ཐོབ།
    སྤྱི་ལོ༡༩༨༩ས་མོ་སྦྲུལ་གྱི་ལོར་རང་ལོ་སོ་བརྒྱད་སྟེང་རང་ཡུལ་མགོ་ལོན་ཤང་དུ་རྒྱལ་ཁབ་ཀྱིས་སྒྲིག་སྲོལ་བཞིན་ལོ་རིམ་དང་པོའི་སློབ་མ་དང་ལྔ་དྲུག་སོགས་ཀྱི་སློབ་མ་ཡོངས་ལ་བྱམས་བརྩེའི་ཀུན་ནས་སློང་ཞིང་རང་ནུས་ཡོད་རྒུའི་རྩལ་ཕྱུང་སྟེ་མི་ལོ་དུ་མའི་རིང་ལ་རྨང་གཞི་ཤེས་བྱ་བརྡ་དག་རྩིས་རིག་དང་། འཛིན་གྲྭ་སོ་སོའི་སྐབས་བབ་ཀྱི་སློབ་ཚན་སོགས་ལ་སློབ་ཁྲིད་ཚད་མེད་གནང་།  དེ་གའི་སློབ་གཙོ་དཔལ་མོས་ཁོང་གིས་སློབ་མའི་དོན་ལ་ནངས་སྔ་ལངས་དགོང་འཕྱི་ཉལ་བརྩེ་བས་བསྐྱངས་ཚུལ་སོགས། སྡེ་དགེ་རྫོང་གི་གསར་འགྱུར་ཚགས་པར་སྟེང་དུ་བཀོད་པ་མང་དུ་ཡོད།
སྤྱི་ལོ༢༠༡༡ལྕགས་མོ་ཡོས་ཀྱི་ལོར་རང་ལོ་དྲུག་བཅུའི་སྟེང་རྒྱལ་ཁབ་ཀྱིས་དགེ་རྒན་གྱི་ལས་དཀའ་འཇོག་མཚམས་གྱི་བཀའ་དགོངས་ཐོབ། དེ་རྗེས་མགོ་ལོན་བསྟན་སྲིད་གཉིས་ཀྱི་བདག་པོ་ཐར་བདེ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་དང་སྤྲུལ་བསྟན་འཛིན་རྒྱ་མཚོ་སྐུ་མཆེད་ཟུང་གིས་མཐུ་རྐྱེན་བསྐྲུན་འོག་དང་མི་དམངས་མང་ཚོགས་ཀྱིས་རེ་སྐུལ་ཞུས་པ་ལྟར། ཁོང་ཉིད་ཀྱིས་ཀྱང་འདི་ཕྱི་གང་གི་ཕྱོགས་སུ་བྱས་ན་མཛད་རྗེས་བླ་ལྷག་ཏུ་དགོངས་ཏེ་སྤྱི་ལོ༢༠༡༢ཆུ་ཕོ་འབྲུག་གི་ལོར་རང་དགོན་དུ་སློབ་གྲྭ་གཙུགས་ཏེ་བློ་གསར་སྐྱ་སེར་སློབ་མ་སུམ་བཅུ་ལྷག་ལ། དབྱངས་གསལ་འབྲི་ཀློག་དང་ཐུན་མོང་བརྡ་དག་རིག་གནས་བཅས་ལ་མི་ལོ་དུ་མའི་རིང་ལ། དཀའ་བ་ཁྱད་བསད་ངལ་བ་དང་བླངས་ཀྱིས་སློབ་ཁྲིད་སོགས་མཛད་རྗེས་བླ་མེད་ཀྱི་བྱ་གཞག་གནང་སྟེ།
སྤྱི་ལོ་༢༠༡༩ས་མོ་ཕག་གི་ལོར་ནས་ད་ལྟའི་བར་རང་དགོན་ཐར་བདེ་དགོན་པའི་ནང་དུ་གཤེན་གྱི་དགེ་སྦྱོང་དུ་ཞུགས་ཏེ་རྣམ་དཀར་དགེ་བའི་ལས་ལ་ཕྱག་དང་སྐོར་བ་ཁ་འདོན་བཟླས་བརྗོད་སོགས་གཞོལ་ཞིང་། ཁྱད་པར་དུ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ཨ་ཁྲིད་སྔོན་དངོས་རྗེས་གསུམ་གྱི་ཐུན་བཞིའི་ཉམས་ལེན་ལ་བརྩོན་ཞིང་བཞུགས་པ་ལགས་སོ།།
   དགུང་ལོ༧༢སོན་པའི་དགེ་རྒན་ཁོང་ཉིད་ཀྱི་དམངས་འཛུགས་དགེ་རྒན་གྱི་ལས་འགན་ཁུར་ནས།  རྒྱལ་ཁབ་ཀྱིས་དགེ་རྒན་གྱི་ལས་བྱེད་འཇོག་མཚམས་བཀའ་དགོངས་ཐོབ་ནས།  སྤྱི་ལོ་༢༠༡༩ལོའི་བར་དུ་ད་ལྟའི་རང་ཡུལ་ཐར་བདེ་དགོན་པའི་བླ་སྤྲུལ་གྲྭ་བཙུན་རྒན་གཞོན་གསར་སྐྱེས་བཞི་བཅུ་ཙམ་དང་། རང་སྡེ་ཤང་རྫོང་སོགས་ཀྱི་སློབ་གཉེར་གསར་སྐྱེས་གཞོན་དར་རྣམས་ལ་ཡོན་ཏན་གྱི་རུ་མ་རྨང་གཞི་ཤེས་བྱ་དབྱངས་གསལ་འབྲི་ཀློག་དང་བརྡ་དག་ཐུན་མོང་གི་རིག་གནས་བཅས་བསླབ་མ་མྱོང་ས་གཅིག་ཀྱང་མེད། མ་ཚད་ཉེ་འགྲམ་གྱི་ཡུལ་སྡེ། རོང་རྒྱབ། རྨ་རོང། འགུ་ཟི། དཀྲིས་མདའ། སོགས་ཀྱི་ཤང་སྡེ་རྫོང་ནང་དུ་དགེ་རྒན་གྱི་ལས་ཀ་བྱེད་མཁན་དང་སློབ་གཉེར་མཁན་རྒན་གཞོན་དར་གསུམ་ཕལ་ཆེར་ལ་དེ་མཚུངས་ཀྱི་ཀ་ཁ་འབྲི་ཀློག་དང་བརྡ་དག་རིག་གནས་བཅས་ཀྱི་སློབ་ཁྲིད་མཛད་མྱོང་ཡོད།
   ཁྱད་པར་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་རིང་ལུགས་ལ་རམ་འདེགས་སྒྲུབ་མཁན་སྐྱ་སེར་ཕོ་མོ་རྒན་གཞོན་དར་གསུམ་སུ་ཞིག་ཡིན་རུང་བསམ་པའི་ཀུན་སློང་ནི་གནད་དུ་སེམས་ཏེ།  དགེ་རྒན་དགེ་ལེགས་བསྟན་འཛིན་ཁོང་ཉིད་ཀྱིས་མི་ལོ་བཞི་བཅུ་ལྷག་གི་རིང་ལ། ཀ་ཁ་འབྲི་ཀློག་དང་བརྡ་དག་སློབ་ཁྲིད་བྱེད་སའི་སློབ་མ་ཡོངས་ལ་ཕན་སེམས་ཀྱི་བསམ་བློ་མ་གཏོགས་འདི་ཕྱི་གཉིས་ལ་མེད་པའི་ལྟ་ཚུལ་ངན་པ་གྲུབ་མཐའི་དབྱེ་ཕྱེ་སྐྱ་སེར་མཆོག་དམན་རིགས་རུས་བཟང་ངན་དགྲ་གཉེན་ཕྱོགས་ཞེན་སོགས། གང་ཡང་བྱེད་མྱོང་མེད་ལ་རྒྱལ་ཁབ་རིམ་པའི་དགེ་རྒན་ཡིན་ཙང་ཆོག་ཀྱང་མ་རེད་ཅེས་གསུང་གནང་ཡོད།།
སློབ་མིང་པ་ཁ་བ་འམ་རྒྱལ་སྤུངས་འདུད་འདུལ་རྣམ་རྒྱལ་གྱིས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཤར་ཟླ་སྒང་རིང་མོའི་ཉེར་འགྲམ་ནས་སྤྱི་ལོ༢༠༢༢ཆུ་ཕོ་སྟག་གི་ལོའི་ཟླ་བ༩ཚེས༡ཉིན་བྲིས་པ་དགེའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།