རྫ་པ་ཚེ་རིང་འགྱུར་མེད།

[ཟླ་ཚེས། 2020-05-13 10:57:19][རྩོམ་པ་པོ། ཚུལ་ཁྲིམས་བཟང་པོ།][རྩོམ་ཁུངས། གངས་ལྗོངས་ཉི་གཞོན།][ཀློག་གྲངས། ]

གཙུག་ལག་ནོར་བུའི་སྡིངས་ཆར་རྩེན་པའི་རིག་པའི་དཔའ་བོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་སྐོར་རགས་ཙམ་བརྗོད་པ།

མཁས་གྲུབ་བཤེས་གཉེན་དུ་མ་གཙུག་ཏུ་བཀུར།
རིག་པའི་གནས་ལ་མཁྱེན་རྒྱ་མཁའ་ལྟར་ཡངས།
སློབ་དཔོན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་ལས་འབྲི་ཟླ་ཟ་མོ་སྒང་གི་ཆར་གཏོགས། ཁམས་ཕྱོགས་རིག་གནས་ཀྱི་བསྟི་གནས་སུ་གྲགས་པའི་སྡེ་དགེའི་མངའ་ཁོངས་རྫ་ཁོག་སྟེ། རྫ་ཆུ་སྔོན་མོ་ལྷུང་ལྷུང་དུ་བཞུར་ཞིང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་སྐུ་བལྟམས་མྱངས་སའི་གནས་ཁྱད་པ་ཅན་དེ་རུ་སྤྱི་ལོ་1969ལོར་གཟུགས་སྐུ་མེ་ཏོག་གསར་དུ་བཞད་ཅིང་། ཆུང་དུས་ནས་རྒྱལ་ཁབ་ཀྱིས་བཙུགས་པའི་སློབ་གྲྭ་ཆུང་འབྲིང་དུ་ཞུགས་ནས་བོད་ཡིག་དང་རྒྱ་ཡིག་གཉིས་གཙོ་བོར་བྱས་པའི་རིག་ཚན་ཁག་ལ་སྦྱོང་བ་མི་དམན་པ་མཛད་པས། བོད་རྒྱ་སྐད་ཡིག་གི་རྨང་གཞི་སྲ་ཞིང་བརྟན་པར་གྱུར། སྤྱི་ལོ་1986ལོར་ཕུལ་དུ་བྱུང་བའི་རྒྱུགས་འབྲས་དང་བཅས་ཏེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་རྒྱུགས་འཕྲོད་ཅིང་། གཙུག་ལག་ནོར་བུའི་བང་མཛོད་དུ་གྲགས་པའི་སློབ་གླིང་དེར་བགྲང་བྱ་བཞིའི་རིང་ལྟོ་སྐྱ་གོས་ཧྲུལ་ངང་འབད་པ་ལྷུར་ལེན་སྒོས་ཕྱི་ནང་གི་རིག་གཞུང་མཐའ་དག་ལ་སློབ་སྦྱོང་དཔྱིས་ཕྱིན་པ་གནང་། སྐབས་དེའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་མདོ་ཁམས་སྨད་ཕྱོགས་ཀྱི་རིག་པའི་སྨྱུ་གུ་འབུས་ས་དང་མཁས་བརྒྱ་ལྷན་དུ་འཛོམས་སའི་སློབ་གྲྭ་ཞིག་ཡིན་པས། བློ་རིག་གྲུང་ཞིང་འབད་བརྩོན་ལྡན་པའི་གཞོན་ནུ་ཚོའི་རིག་པའི་བང་རྩལ་ངོམ་སའི་ཐང་ཆེན་ལྟ་བུ་ཞིག་ཏུ་གྱུར་ཡོད།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དབུ་ཁྲིད་དང་སློབ་གྲོགས་རྣམ་པར་མཇལ་བ།
   ཁོང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟ་བུ་གང་མང་ལ་བསྟེན་ཞིང་། ཐུན་མིན་ནང་དོན་རིག་པ་དང་ཐུན་མོང་གི་རིག་གནས་སྒྲ་ཚད་བཟོ་གསོ་སོགས་གཞུང་ཆེན་ཁག་ལ་སྤྲོ་བས་དྲངས་ཤིང་བརྩོན་འགྲུས་ཀྱིས་རང་རྒྱུད་སྨིན་པ་མཛད། སྐབས་དེའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་ཡུན་ནི་ལོ་ངོ་བཞི་ཡིན་ཞིང་། ཁོང་གིས་སློབ་གྲྭའི་ལུགས་སྲོལ་ལྟར་གོང་གི་ལོ་ངོ་གཉིས་ལ་སུམ་རྟགས་དག་སུམ་དང་བློ་རྟགས་བསྡུས་གསུམ། སྙན་ངག་དང་མངོན་བརྗོད། སྐར་རྩིས་སོགས་དེའི་རིགས་སུ་གྱུར་པའི་ཐུན་མོང་གི་རིག་གནས་སྤྱི་དང་། ཁྱད་པར་དུ་མཁས་འཇུག་དང་སྤྱོད་འཇུག་སོགས་ནང་དོན་རིག་པའི་ཤེས་བྱ་ལ་སྦྱོང་བ་གནང་། དེ་ནས་ལོ་གཞུག་མ་གཉིས་ལ་ཆེད་ལས་བགོས་ཤིང་། བཟོ་རིག་ཆེད་ལས་དང་གསོ་རིག་ཆེད་ལས། སྒྲ་རིག་ཆེད་ལས་གསུམ་ཡོད་པས་ལས་ཁོང་ནི་སྒྲ་རིག་པའི་ཆེད་ལས་འཛིན་གྲྭ་རུ་ཞུགས་ཤིང་། དབྱངས་ཅན་སྒྲ་མདོའི་འགྲེལ་བ་དང་དགེ་རྩེ་པཎྜི་ཏའི་སྒྲ་སྒྲུབ། ཏ་ར་ན་ཐའི་སྒྲ་འགྲེལ། སྡེབ་སྦྱོར་རིན་ཆེན་ཕྲེང་བ་སོགས་ལ་ཆེད་སྦྱོང་གནང་།
  སྤྱིར་ཁོང་ནི་རིག་པ་གྲུང་ཞིང་འབད་བརྩོན་ཆེ་བའི་སློབ་བུ་ཡ་རབས་ཤིག་ཡིན་པས། རང་གི་དགའ་མོས་ལྟར་སློབ་གསེང་གི་སྐབས་སུ་ཚད་མ་རིག་གཏེར་དང་བོན་བན་གྱི་ནང་དོན་ལྟ་གྲུབ་ལ་སྦྱོང་བ་མི་དམན་པ་གནང་ཤིང་། གཙོ་བོ་ཨ་རིག་མཁན་པོ་པཎ་ཚེའི་དྲུང་ནས་ཚད་མ་རྣམ་འགྲེལ་ཚད་གྲུབ་ལེའུ་དང་། དབུ་མ་རྩ་བ་ཤེས་རབ། བཤེས་པའི་སྤྲིངས་ཡིག །མདོ་སྡེ་དཀོན་མཆོག་རྗེས་དྲན། ཕུང་པོ་ལྔ་ཡི་རྣམ་གཞག །སི་ཏུ་འགྲེལ་ཆེན་དང་སྒྲ་གཞུང་ཟུང་འབྲེལ་གྱི་བཀའ་ཁྲིད་ཞུས། སློབ་དཔོན་རྡོར་ལོའི་མདུན་ནས་སྙན་འབྲེལ་ཡང་གསལ་སྣང་མཛོད་དང་དབྱངས་ཅན་དགྱེས་གླུ། ཀུན་བཟང་བླ་མའི་ཞལ་ལུང་། བསྡུས་གྲྭ་སོགས་ཞུས། ར་ཧོར་སྤྲུལ་སྐུ་ཡེ་ཤེས་དར་རྒྱས་ཀྱི་མདུན་ནས་བློ་རིག་དང་། རྟགས་རིགས། བསྡུས་གྲྭ །གྲུབ་མཐའ་སོགས་ཀྱི་སློབ་ཁྲིད་གསན། མི་ཉག་བུ་ཕྲུག་གི་མདུན་ནས་སི་ཏུའི་འགྲེལ་ཆེན་གྱི་ཁྲིད་རྒྱུན་ཞུས། མཁན་པོ་སྨན་ལྷ་དང་། མཁན་པོ་དོན་ཚེ། མི་ཉག་པད་མ་རྒྱལ་མཚན་སོགས་སློབ་གྲྭའི་གདན་ཞུས་མཁན་སྤྲུལ་དག་གི་མདུན་ནས་ཐུན་མོང་སྒྲ་ཚད་སྐར་རྩིས་དང་ཐུན་མིན་ནང་དོན་རིག་པའི་རིག་གཞུང་དུ་མ་ལ་གསན་སྦྱོང་གནང་བའི་སྐལ་པ་རྙེད། འགྱུར་མེད་ཚེ་དབང་དང་། དཔལ་བསྡུས། ཕུར་པོ། ཡེ་ཤེས་རབ་གསལ་སོགས་སློབ་གྲྭའི་ཆེད་སྐོས་དགེ་རྒན་དག་གི་མདུན་ནས་ཕྱི་ནང་རིག་གནས་སྣ་ཚོགས་ཀྱི་བཀའ་ཁྲིད་གསན་པའི་གོ་སྐབས་རྙེད། གཞན་ཡང་སྐབས་དེར་སློབ་གྲྭས་གདན་ཞུ་བྱས་པའི་དགེ་རྒན་ལས་དམུ་དགེ་བསམ་གཏན་དང་ཉན་ཤུལ་མཁྱེན་རབ་འོད་གསལ། ཚབ་ཚ་སྒྲུབ་རྒན་རིན་པོ་ཆེ་སོགས་ཀྱི་མདུན་ནས་བློ་གསལ་རིག་སྒོ་དང་། སུམ་རྟགས་ཀྱི་དཀའ་གནད། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་། ཤེས་བྱ་ཀུན་ཁྱབ་དང་བཀའ་བརྒྱུད་གསེར་ཕྲེང་སོགས་ཀྱི་འཆད་ཁྲིད་དང་ལྗགས་ལུང་ཆ་ཚང་ཞུས་ཤིང་ཐོས་བསམ་གྱི་མཐའ་རྒྱ་བཅད།

ཤམ་བྷ་ལའི་རིག་མཛོད་ལྟེ་གནས་ཀྱི་《ཤམ་བྷ་ལའི་གཏམ་རྒྱུད།》མུ་འབྲེལ་ཐང་ག་ཅི་ཉི་སིའི་ཟིན་ཐོ་ལ་བདམས་པའི་བདེན་དཔང་ཚོགས་འདུའི་ཐོག
   2000ལོ་ནས་2002ལོའི་བར་དར་མདོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་རུ་ཞུགས་ནས་བོད་སྐད་ཡིག་རྩོམ་རིག་སྐོར་ལ་སློབ་སྦྱོང་གནང་།2005ལོ་ནས་2006ལོའི་བར་སི་ཁྲོན་ཞིང་ཨུའི་ཏང་གི་སློབ་གྲྭ་དང་སི་ཁྲོན་སྲིད་འཛིན་སློབ་གླིང་དུ་ཞུགས་ནས་དེང་རབས་དོ་དམ་རིག་པ་ལ་སློབ་སྦྱོང་གནང་། 2007ལོར་ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་དུ་ཞུགས་ནས་གཙོ་བོ་ས་གཤིས་ཡུལ་སྐོར་ཐོན་ཁུངས་ཀྱི་གསར་སྤེལ་དོ་དམ་ཐད་ལ་སློབ་སྦྱོང་གནང་ཞིང་།ཞོར་དུ་སློབ་གྲྭ་དེ་གའི་ལྷ་ཆོས་རིག་པའི་སློབ་གླིང་དུ་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ལོ་རྒྱུས་སོགས་བོད་ཀྱི་རིག་གནས་ངོ་སྤྲོད་དང་འབྲེལ་བའི་སློབ་ཁྲིད་གནང་། གཞན་ཡང་ཧ་ཧྥུ་སློབ་ཆེན་དང་ཝ་ཧྲིང་ཐོན་སློབ་ཆེན། པོ་ཁེ་ལན་སློབ་ཆེན། ཝ་ཧྲིང་ཐོན་རྒྱལ་ཁབ་ས་གཤིས་རིག་པའི་ལས་ཁུངས་དང་རིག་གནས་ཐོན་ལས་དར་རྒྱས་ཆེ་བའི་ཨ་རིའི་མོ་ཞི་ཁོ་ཁུལ་གསར་པ་སོགས་སུ་ཕེབས་ནས་སློབ་སྦྱོང་དང་ཉམས་ཞིབ་གནང་།དེ་མིན་མ་ལེ་ཞི་ཡ་སོགས་སུ་ཕེབས་ནས་ཚོང་ལས་དོ་དམ་སོགས་ཀྱི་སྐོར་ལ་སློབ་སྦྱོང་གང་མང་གནང་།ཁོང་ཐོག་མར་ལས་གནས་ལ་ཞུགས་པའི་སྐབས་ནས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བོད་རིག་པའི་ཞིབ་འཇུག་ལ་བརྩོན་ཞིང་། རྒྱལ་ཕྱི་ནང་གི་མཁས་དབང་གང་མང་མཇལ་བ་མ་ཟད། ཁོང་རྣམ་པའི་དྲུང་ནས་དོགས་གནད་བཀའ་འདྲི་དང་བསམ་བློ་བརྗེ་རེས་བྱེད་པའི་སྐལ་པ་བཟང་པོ་ལྡན་ཡོད་དེ། མི་ཉག་རྩ་ར་ཆོས་གྲགས་ཀྱི་མདུན་ནས་རྙིང་མའི་ཆོས་སྐོར་འགའི་ལུང་དང་རྫོགས་ཆེན་གྱི་ཟབ་ཁྲིད་ཞུས། མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ཀྱི་མདུན་ནས་མངོན་པ་མཛོད་དང་ཤེར་ཕྱིན་དགེ་འདུན་ཉི་ཤུ་སོགས་ཀྱི་ལྗགས་ཁྲིད་ཞུས། ཨ་འཛོམས་འབྲུག་པའི་མདུན་ནས་ཁྲིད་ཡིག་ཡེ་ཤེས་བླ་མ་དང་སྙིང་ཐིག་མ་བུའི་ཁྲིད་ཡིག །འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཐུན་མིན་གྱི་ཁྲིད་ཡིག་སོགས་དང་རྙིང་མའི་གསང་སྔགས་སྐོར་མང་པོ་ཞུས། དགེ་མང་མཁན་པོ་དབང་ལོའི་དྲུང་ནས་དཀའ་གནད་མང་པོ་བཀའ་འདྲི་ཞུས་ཤིང་གསལ་ཆ་ལྡན་པ་གྱུར། གཞན་ཡང་རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་སོགས་ཀྱི་མཁས་དབང་མང་པོ་དང་ཐུགས་འཕྲད་གནང་ནས་ནང་དོན་རིག་པ་སོགས་ཀྱི་སྐོར་ལ་བཀའ་འདྲི་དང་བགྲོ་གླེང་གནང་། དཔེར་ན་རྒྱ་བརྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་མོ་ཡན་ཏིང་དང་འབྲེལ་འདྲིས་གང་མང་མཛད་ཅིང་། སློབ་དཔོན་དེའི་ཟུར་ནས་རྒྱ་བརྒྱུད་ནང་བསྟན་གྱི་ཆོས་ཚན་མང་པོ་ཞུས་པ་དང་། ཕར་ལའང་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་སོགས་ངོ་སྤྲོད་གནང་། ད་དུང་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་གསུམ་གྱི་བཀའ་བསྟན་དཀར་ཆག་གོ་སྡུར་གྱི་ལས་གཞི་ལ་ཞུགས་ཤིང་། རྒྱལ་ནང་གི་ས་གནས་ཁག་དང་ཐེ་ལན་སོགས་སུ་ཕེབས་ནས་ཞིབ་འཇུག་མཛད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལ་གེ་སར་སྟོང་ཐང་ཆེན་མོ་ངོ་སྤྲོད་གནང་བཞིན་པ།
གཙུག་ལག་ཤེས་བྱའི་གནས་ལ་རིག་པས་བསྙེགས།
མཛད་ཕྲིན་ཉི་ཟླའི་འོད་སྣང་ས་གསུམ་ཁྱབ།
   1990ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་མ་ཐག་སེར་ཤུལ་རྫོང་སྲིད་གཞུང་དུ་ལས་གནས་སུ་ཞུགས། 1991ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམ་པ་དང་གཟན་དཀར་ཐུབ་བསྟན་ཉི་མ་སོགས་ཀྱི་བཀའ་སྐུལ་ལྟར་དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་དུ་ལས་གནས་སྤོས་ནས་སྡེ་དགེ་པར་ཁང་གི་དཀར་ཆག་རྩོམ་སྒྲིག་བྱེད་པའི་ལས་གནས་ལ་ཞུགས། དེ་ནས་2000ལོའི་བར་དུ་ལས་ཁུངས་དེ་གར་ལས་ཀ་བགྱིས་ཤིང་། སྔ་གཞུག་ཏུ་བོད་ཀྱི་དཔེ་རྙིང་འགངས་ཆེན་དུ་མ་བསྡུ་སྒྲིག་དང་པར་སྐྲུན་གནང་། དེ་ལས་དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་དང་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གསུམ་མཉམ་འབྲེལ་བྱས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དགོན་པ་ཡོངས་ཀྱི་ལོ་རྒྱུས་བསྡུ་སྒྲིག་གི་ལས་གཞི་འགོ་བརྩམས་པས། ཁོང་ཡང་མ་སྐུལ་དང་བླངས་སྒོས་དེ་རུ་ཞུགས་ནས་བགྲང་བྱ་གསུམ་ཙམ་གྱི་རིང་ལ་འབད་འབུངས་གནང་ཞིང་།སྐབས་དེར་ད་དུང་དགོན་སྡེ་ཁག་ཏུ་དགོན་པའི་ལོ་རྒྱུས་དང་བཅུ་ཕྲག་རིག་གནས་ལ་སྤྱན་རྒྱ་ཡངས་པའི་བླ་སྤྲུལ་མཁན་གསུམ་གང་མང་ཞིག་ཞལ་བཞུགས་ཡོད་པས། ཁོང་རྣམ་པའི་མདུན་ནས་དགོན་པའི་ལོ་རྒྱུས་དང་རང་གི་དོགས་གནད། དེ་མིན་དཔེ་ཆ་དང་ཆོས་ཚན་མང་པོ་ཞིག་ཞུ་རྒྱུའི་སྐལ་པ་ལྡན་པ་མ་ཟད། དགོན་པའི་གཙོ་བདག་དང་བླ་སྤྲུལ་མཁན་གསུམ་གང་མང་ཞིག་དང་གྲོགས་པོ་ཆགས་པས། ཁོང་རྣམ་པས་རིན་ཐང་གཞལ་དུ་མེད་པའི་ཤེས་བྱ་ཇི་སྙེད་ཅིག་བུམ་པ་གང་བྱོའི་ཚུལ་དུ་ཆོས་སྦྱིན་གནང་།2001ལོ་ནས་2012ལོ་བར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དུ་ལས་ཀ་བགྱིས་ཤིང་། མི་རིགས་སྐད་ཡིག་ཡིག་བསྒྱུར་དང་བོད་རིག་པའི་ཞིབ་འཇུག་སྐོར་ལ་གཉིད་ཆག་ཟས་བརྗེད་ཀྱིས་འབད་པ་གནང་ནས་སྔ་གཞུག་ཏུ་གནའ་དཔེ་རིན་ཐང་ལྡན་པ་མང་པོ་ཕྱོགས་སྒྲིག་དང་པར་སྐྲུན་མཛད། ལས་ཞོར་དུ་ཤང་ཀང་ཕེབས་ནས་ཚོང་ལས་ཆེད་གཉེར་མཛད་ཅིང་། གྲོང་ཁྱེར་ཆེ་ཁག་དག་ཏུ་ཚོང་ལས་དང་འབྲེལ་བའི་སློབ་སྦྱོང་དང་ཉམས་ཞིབ་ཐེངས་མང་ཕེབས། དེ་ནས་ཚོང་དཔོན་དཀོན་མཆོག་བཀྲ་ཤིས་དང་མཉམ་འབྲེལ་བྱས་ནས་གེ་སར་སྟོང་ཐང་ཆེན་མོ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཤམ་བྷ་ལའི་རིག་མཛོད་ལྟེ་གནས་བཏབ་ཅིང་། ཁོང་གིས་ལས་གཞི་དེ་དག་གི་འཆར་འགོད་སོགས་ཐོག་མཐའ་བར་གསུམ་དུ་གཙོ་སྐྱོང་གནང་།2012ལོ་ནས་2013ལོ་བར་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དུ་ལས་ཀ་བགྱིས་ཤིང་།དེ་རུ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའི་གོ་གནས་བཞེས། 2013ལོ་ནས་ད་བར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་གསོའི་ལས་ཀ་བགྱིས་ཤིང་།བོད་རིག་པའི་སློབ་གླིང་དང་མི་རིགས་ཞིབ་འཇུག་སློབ་གླིང་གཉིས་ཀྱི་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མ་རྣམས་ལ་རིག་གནས་ཐོན་ལས་ཀྱི་སྐོར་དང་བོད་བརྒྱུད་ནང་བསྟན་གྱི་སྤྱིའི་ངོ་སྤྲོད། སྙན་ངག་དང་ལོ་ཙཱ། བོད་ཀྱི་རྩོམ་རིག །སྐད་ཡིག་རྩོམ་རིག་སོགས་ཀྱི་སྐོར་ལ་སློབ་ཁྲིད་གནང་ཞིང་། བོད་རིག་པའི་སློབ་གླིང་གི་ཚད་མ་རིག་པའི་ཆེད་ལས་ཞིབ་འཇུག་སློབ་མ་དང་མི་རིགས་ཞིབ་འཇུག་སློབ་གླིང་གི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་གྱི་མཚན་ཉིད་རིག་པའི་ཆེད་ལས་ཞིབ་འཇུག་སློབ་མ་རྣམས་ལ་མཛུབ་སྟོན་གནང་བཞིན་ཡོད།
རྗེས་རབས་སློབ་བུ་རྣམས་ལ་སྨན་པའི་སླད།
གསུང་གི་བདུད་རྩི་དབྱར་གྱི་མཚོ་ཆེན་བརྡོལ།
   ཁོང་གིས་སྐུ་ཚེ་ཧྲིལ་པོ་སློབ་གསོ་དང་བོད་རིག་པའི་ཞིབ་འཇུག་གི་ལས་ལ་ཕུལ་ཞིང་། བོད་ཀྱི་རྗེས་རབས་ན་གཞོན་རྣམས་གཙུག་ལག་ནོར་བུའི་བང་མཛོད་དུ་དཀའ་ཚེགས་མེད་པར་བགྲོད་ཐུབ་པའི་སླད་དུ་དཔེ་རྙིང་བསྡུ་སྒྲིག་དང་རིག་གཞུང་གི་དཔེ་དེབ་གསར་རྩོམ་གནང་བར་མ་ཟད། བོད་རྒྱ་ཡིག་རིགས་གཉིས་ཀྱི་བསྟན་བཅོས་གང་མང་ལོ་ཙཱ་མཛད་ཡོད་དེ། 《བོན་གྱི་ཆོས་དང་རིག་གནས་ཁམས་དཀར་མཛེས་ཕྱོགས་སུ་དར་འགྲིབ་བྱུང་ཚུལ་ལ་དཔྱད་པ།》དང་《སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་།》 《དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས།》 《སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་གསུང་རབ་དཀར་ཆག་རྒྱས་པ།》སོགས་དཔེ་དེབ་བདུན་དང་། བོད་ཡིག་རྒྱ་ཡིག་ཏུ་བསྒྱུར་བའི་འགྱུར་རྩོམ་ལ་《སྐྱེ་འཆིའི་འཕྲུལ་སྣང་།》དང་《ཐང་བླ་ཚེ་དབང་གི་ཕྱག་བྲིས་རི་མོ་ཕྱོགས་བསྒྲིགས།》 《ཁྲིད་ཡིག་བཀའ་ལུང་རྒྱ་མཚོ།》 《གེ་སར་སྟོང་ཐང་ཆེན་མོའི་ཞལ་ཐང་རི་མོ་ཕྱོགས་བསྒྲིགས།》《གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་བསྒྲིགས།》《བོད་ཀྱི་མཛེས་རྩལ་ཀུན་བཏུས་ལས་རི་མོའི་སྒྱུ་རྩལ་སྐོར་གྱི་སི་ཁྲོན་གྱི་ལེའུ།》སོགས་དཔེ་དེབ་དྲུག །གཞན་ཡང་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བའི་འགྱུར་རྩོམ་ལ་《དཀར་མཛེས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལག་དེབ།》སོགས་དཔེ་དེབ་བཞི་ཡོད་ལ། རྒྱལ་ནང་གི་དུས་དེབ་ཁག་ཏུ་རིག་གཞུང་གི་དཔྱད་རྩོམ་བཅུ་ཁ་ལྷག་བཀོད་ཡོད་ལ། ཁོང་གི་བརྩམས་ཆོས་དག་ལ་ཀྲུང་གོའི་མི་རིགས་དཔེ་དེབ་ཀྱི་གཟེངས་རྟགས་སོགས་ཐོབ་མྱོང་།
   ད་དུང་རྒྱལ་ཁབ་རིམ་པའི་ལས་གཞི་གལ་ཆེན་《སོག་པོ་དང་བོད་ཀྱི་གསོ་རིག་ལོ་རྒྱུས།》དང་《བོན་པོའི་རིག་གནས་སྤྱི་བཤད།》སོགས་ཀྱི་ལས་གྲལ་དུ་ཞུགས་མྱོང་ལ། 《ཆོས་འབྱུང་མཁས་པའི་དགའ་སྟོན་བསྒྱུར་རྒྱུ་དང་ཁ་གསབ་སྐོར་གྱི་ལས་གཞི།》ལ་གཙོ་སྐྱོང་གནང་བར་མ་ཟད། ཞིང་ཆེན་རིམ་པ་དང་སློབ་གྲྭ་རིམ་པའི་ལས་གཞི་གང་མང་ཞིག་སྒྲུབ་མྱོང་། དེང་དུས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་ན་གཞོན་སློབ་མ་དག་ལ་གཞན་རྒྱུད་དུ་སྨིན་བྱེད་ཀྱི་ཐབས་སུ་ཕྱི་ནང་གི་རིག་གཞུང་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་། དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་མི་གཏོང་བར་རིག་གཞུང་ཞིབ་འཇུག་གི་ལས་ལ་སྒོ་ཀུན་ནས་འཇུག་བཞིན་མཆིས་སོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།