བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

[ཟླ་ཚེས། 2015-11-25 11:12:40][རྩོམ་པ་པོ། ཁྲི་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

888883722373844390.jpg 

     བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་མཆོག་ནི་༡༩༧༨ལོར་མདོ་སྨད་རྔ་ཡུལ་བྱ་འཕུར་ཁྲི་གདན་ནོར་བུའི་ཡང་རྩེ་རུ་ཡབ་བླ་མ་སྐྱབས་དང་ཡུམ་བླ་མ་མཚོ་གཉིས་ལ་སྲས་དྲུག་ཡོད་པའི་ལྔ་པ་རུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ཉིན་རེའི་སློབ་ཆུང་དུ་བསྐྱོད་ཏེ་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས་བརྩོན་གནང་། དགུང་ལོ་དགུའི་ཐོག་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་ཏེ༌མཁན་ཟུར་རྒྱལ་བ་ཚུལ་ཁྲིམས་ཀྱི་དྲུང་ནས་རྒྱུན་སྤྱོད་བོན་གྱི་འདོན་ཆོག་རིགས་དང་། སྣང་དགོན་དགེ་བཤེས་ལུང་རྟོགས་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་བསྡུས་རྟགས་ཚད་མའི་གཞུང་ལུགས་ལ་སྦྱང་བ་དབུ་བཙུགས་ཞུས། དགུང་ལོ་བཅུ་བཞིའི་ཐོག་མདོ་སྨད་ཀྱི་མཁས་དབང་ཆེན་མོ་ཨ་ལགས་བོན་བརྒྱ་རིན་པོ་ཆེའི་ཐུགས་བཀོད་ལྟར་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་ཕེབས་ཏེ་ཞང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་། འབྱུང་རྩིས། སྒྲ་སྙན་ངག་སོགས་ལ་འབད་བརྩོན་གནང་བར་མ་ཟད་དགུང་ལོ་བཅུ་དྲུག་ཐོག་བྲིས་པའི་བྱ་དཀའ་བའི་སྙན་ངག་ཚིག་བཅད་ཁག་ཅིག་ལ་མཁས་དབང་བོན་བརྒྱ་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་མ་ཟད་བྱ་འཕུར་བླ་རབས་གོང་མའི་གདན་འཛིན་པར་ངོས་འཛིན་གྱིས་ཁྲི་འདོན་མཛད་སྒོ་སྟབས་བདེ་ཞིག་ཞུས། ཡིན་ན་ཡང་། ཁོང་གི་སྐུ་མཆེད་བྱ་འཕུར་སྤྲུལ་སྐུ་ཀུན་བཟང་རྒྱལ་མཚན་གྱི་བཀའ་དགོངས་ལྟར་དང་པོ་གྲྭ་རྐྱང་གི་འཚོ་བའི་ལམ་ནས་རིག་གནས་བཅུའི་གཞུང་ལུགས་ལ་སྦྱང་བ་བྱ་རྒྱུ་གལ་གནད་ཆེ་ཚུལ་གསུངས་པ་ལྟར་བྱ་འཕུར་བླ་རབས་པའི་གདན་འཛིན་གྲལ་གྱི་འགན་མ་བཞེས་པར་ཀློག་པ་ཐོས་བསམ་གྱི་འཁོར་ལོར་འབད་པ་གནང་།

     ཕྱི་ལོ་༡༩༩༤ལོར་སྐུ་མཆེད་ཞིང་གཤེགས་དམ་པ་བྱ་འཕུར་ནམ་མཁའ་རྒྱལ་མཚན་གྱི་ཐུགས་བཀོད་ལྟར་སློབ་སྦྱོང་གི་འདུན་པ་དམིགས་ཡུལ་དུ་བཅངས་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱོར་ནས་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཞབས་པད་སྤྱི་བོས་བཀུར་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ལ་འབད་བརྩོན་ཚུལ་མཐུན་གནང་། ༢༠༠༦ལོ་ནས་བཟུང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ལ་ཡིག་རྒྱུགས་གཏོང་བའི་དབུ་བཙུགས་པ་ལྟར་ཨང་རིམ་རྩེ་ཐོན་གྱི་གྲལ་དུའང་སླེབས།

     གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་རུ་ཞུགས་རིང་ཚོགས་གཙོ་དང་། དྲུང་ཡིག་སོགས་ཀྱི་ཐུགས་འགན་བཞེས་ཡོད་པ་མ་ཟད་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་བདུན་པ་དང་བརྒྱད་པ་དགུ་པ་བཅས་ཀྱི་ཚོགས་གཙོ་གནང་། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཅིག་གིས་བཀོད་སྒྲིག་ཞུས་པའི་ཚན་རིག་ཟབ་སྦྱོང་ལ་ལོ་ལྔའི་རིང་ཕེབས་ཏེ་ཚན་རིག་རབ་འབྱམས་པའི་ཕྱག་འཁྱེར་(Monk Science Scholar)ཞེས་པ་བཞེས། གཞན་ཡང་ཁོང་གི་སྙན་ངག་(རྒྱང་རིང་ནས་འཐེན་པའི་ལྷ་དར་དཀར་པོ་)ལ་རྩམ་པ་རྩོམ་རིག་ཚོགས་པས་བྱ་དགའ་ཨང་གཉིས་པ་ཕུལ། དེར་མ་ཟད་ལོ་མང་པོའི་རིང་《བོན་སྒོ་》རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་།

     དེ་མིན་སྔ་གཞུག་ཏུ་《བོན་སྒོ་》དང་《དཔྱོད་ལྡན་མཆོད་པའི་མེ་ཏོག》 《ནོར་མཛོད་》དང༌། 《རྩམ་པ།》 《ནོར་ལྡེ་》སོགས་ཀྱི་སྟེང་སྙན་རྩོམ་དང་དཔྱད་རྩོམ་ཅི་རིགས་སྤེལ། ༢༠༠༠ལོར་སྙན་དེབ་ཐོག་མ་《མ་བཅོས་སེམས་ཀྱི་རླབས་ཞགས་》ཞེས་པ་དཔར་བསྐྲུན་གནང་། ༢༠༠༨ལོར་དཔྱད་རྩོམ་ཕྱོགས་བསྒྲིགས་《དྲུང་མུའི་ཞབས་རྗེས་》ཞེས་པ་དཔར་དུ་བསྐྲུན།

     ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་གཙོས་བསླབ་པ་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་མང་དུ་ཐོབ་ཅིང་། ཁྱད་པར་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་མདུན་ནས་བོན་གྱི་དབང་ལུང་མན་ངག་བདུད་རྩི་མནོས་ཤིང་གསོ་རིག་འབུམ་བཞིའི་བཀའ་ཁྲིད་ཀྱང་ཞུས། ཕྱི་ལོ་༢༠༠༨ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས།

     ཕྱི་ལོ་༢༠༡༠ནས་ཨ་རིའི་གྲོང་ཁྱེར་ San Francisco སན་ཕ་རན་སེ་སི་ཀོ་རུ་གནས་སྤོས་ཀྱིས་《རྒྱལ་གཤེན་ཞང་བོད་རིག་གཞུང་སློབ་གཉེར་ཁང་》གསར་འཛུགས་དང་འབྲེལ། ཚོགས་པ་དེ་ཨ་རིའི་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་ཤིང་། ད་ཆར་རྒྱལ་གཤེན་སློབ་གླིང་གི་དབུ་འཛིན་དང་འཛིན་སྐྱོང་གནང་ཞོར་དུ་ཕྱི་གླིང་ཡུལ་གྲུ་མང་པོར་བོན་སྐོར་གྱི་འཆད་ཁྲིད་གནང་བཞིན་ཡོད་ལ། མི་རིང་བར་དབྱིན་དེབ་ཐོག་མ་རང་ཉིད་མཐོང་བའམ་ The Path to Find Yourself ཞེས་པ་དཔར་སྐྲུན་གནང་འཆར་འདུག ཁོང་གིས་བཙུགས་གནང་བའི་རྒྱལ་གཤེན་གླིང་ནི་ཨ་རིའི་ནུབ་ངོས་ཀྱི་གྲོང་ཁྱེར་San Franciscoརུ་ཆགས་ཡོད་ཅིང་ཞང་ཞུང་དང་བོད་ཀྱི་རིག་གཞུང་སློབ་གཉེར་ཁང་ཞིག་ཡིན། ཚོགས་པ་དེའི་དམིགས་ཡུལ་ནི་སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་རྙིང་གལ་ཆེན་ཁག་ཡིག་སྒྱུར་དང་འཆད་ཁྲིད་བརྒྱུད་ནས་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་དང་། ཐུན་མོང་རིག་གནས་བཅས་ཇི་ལྟར་ངོ་སྤྲོད་དང་ཤེས་རྟོགས་ཆེད་བཙུགས་གནང་བ་ཞིག་དང་ལོ་རེའི་ནང་གཡུང་དྲུང་བོན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་འགའ་གདན་ཞུས་ཀྱིས་ས་གནས་དད་ལྡན་བོན་འབངས་རྣམས་ལ་དབང་ལུང་ཁྲིད་གསུམ་དང་། སྒོམ་སྒྲུབ་ཉམས་ལེན། ད་དུང་བོད་ཀྱི་སྐད་ཡིག་འཛིན་གྲྭ་སོགས་འཚོགས་བཞིན་མཆིས། ཟུར་དུ་(རྒྱལ་གཤེན་དཔེ་སྐྲུན་ཁང་)དང་། ད་དུང་དུས་ནམ་ཞིག་རྒྱལ་གཤེན་ཚོགས་པའི་དཔལ་འབྱོར་གྱི་ཡོང་ཁུངས་གཞན་ལག་ཁོ་ནར་བརྟེན་མི་དགོས་ཕྱིར་(རྒྱལ་གཤེན་བོན་གྱི་ནོར་མཛོད་)ཅེས་དྲ་ལམ་བརྒྱུད་དེ་བོན་སྤྱོད་ཆ་ལག་བླུ་གནས་ཞིག་ཀྱང་ཨ་རིའི་གཞུང་གི་ཁྲིམས་མཐུན་ལྟར་སྒོ་ཕྱེས་ཡོད། ད་ཆར་ཨ་རིའི་ནང་ཁུལ་གྱི་མངའ་སྡེ་འགའ་དང་། ཡོ་རོབ་སོགས་རྒྱལ་ཁབ་གཞན་དུའང་རྒྱལ་གཤེན་ཚོགས་པའི་ཡན་ལག་ཏུ་གྱུར་བའི་ཞང་བོད་རིག་གཞུང་སློབ་གཉེར་ཚོགས་སྡེ་འགའ་ཞིག་བཙུགས་ཡོད་འདུག་པ་བཅས་བྱ་འཕུར་རིན་པོ་ཆེ་དང་ཁོང་གིས་བཙུགས་པའི་རྒྱལ་གཤེན་གླིང་ངོ་སྤྲོད་མདོར་བསྡུས་ཙམ་མོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།