སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས།

[ཟླ་ཚེས། 2013-06-30 12:40:18][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 psbe.jpg

   གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན་མཁའ་འགྱིང་གཉན་གྱི་གདུང་རྒྱུད་ལས་འཁྲུངས་པའི་མདོ་སྨད་བོན་གྱི་བསྟན་པའི་བདག་ཉིད་ཆེན་པོ་སྣང་ཞིག་སྐྱབས་མགོན་གདུང་རབས་སོ་དགུ་བ་མཆོག་སྨན་རིའི་ཡོངས་འཛིན་དཔོན་སློབ་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་གཙོས་པའི་བོན་གྱི་བླ་ཆེན་གང་མང་ཞིག་གིས་འཁྲུལ་བ་མེད་པའི་སྣང་ཞིག་སྐྱབས་མགོན་བསྟན་པ་རབ་རྒྱས་མཆོག་གི་ཡང་སྤྲུལ་འཁྲུལ་མེད་འཁྲུངས་པའི་བསྐལ་བ་བཟང་བོ་ཞིག་ཤར་བའི་བཀའ་གསུང་དང་གསོལ་འདེབས་སོགས་བརྩམས་གནང་མཛད་དེ། རྗེས་སུ་སྐྱབས་མགོན་བླ་མའི་མཚན་ལ་བསྐལ་བཟང་བློ་གྲོས་རྒྱ་མཚོ་ཡང་དེ་ལྟར་བཏགས་པ་ཞིག་རེད། ལྷག་དོན་དགེ་ལྡན་བསྟན་པའི་སྲོག་ཤིང་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་རྟེན་འབྲེལ་སྣ་ཚོགས་ཀྱིས་སངས་རྒྱས་བསྟན་པའི་མངའ་དབང་བསྒྱུར་བའི་བསྟན་འཛིན་སྐྱེས་བུ་ཞིག་སྣང་ཞིག་ཚང་ལ་འཁྲུངས་པའི་ལུང་བསྟན་པ་བཞིན།

t3n.jpg

སྤྱི་ལོ༡༩༨༣ལོར་རྗེ་སྐྱབས་མགོན་སྨྲ་བའི་སེང་གེ་སྣང་ཞིག་གདུང་རབས་སོ་དགུ་བ ༧བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་གསེར་ཞལ་ཉི་མའི་དཀྱིལ་འཁོར་སྐལ་ལྡན་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་ཤར།
༡༩༨༦ ལོར་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་མདོ་སྨད་སྣང་ཞིག་དགོན་དུ་ཆིབས་བསྒྱུར་གནང་སྐབས་སྣང་ཞིག་སྐྱབས་མགོན་མཆོག་ལ་ཚེ་དབང་དང་། ཤེས་རབ་སྨྲ་བའི་སེང་གེའི་དབང་ལུང་གནང་ཞིང་ལྷག་དོན་དེའི་སྔ་གཞུག་ཏུ་སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དང་། གདན་ས་གཡུང་དྲུང་གླིང་གི་རྒྱལ་ཚབ་ཀུན་བཟང་བློ་གྲོས་སོགས་ཀྱིས་སྣང་ཞིག་སྐྱབས་མགོན་འདི་ཉིད་སྤྱིར་འགྲོ་བ་སེམས་ཅན་ཡོངས་དང་། ནང་སྒོས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྤྱི་མགོན་དུ་བཀུར་བ་ཡིན་ཞེས་ཡང་ཡང་གདམས།
༡༩༨༨ལོའི་ཟླ་དང་པོའི་ཚེས༡༥ཉིན་སྙིགས་དུས་འདྲེན་པ་ཆེན་པོ་དྲིན་ཆེན་རྩ་བའི་བླ་མ་རྗེ་རྒྱ་འོབས་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་བོ་དང་། སྣང་ཞིག་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་སོགས་མཁན་སློབ་བཞི་སྦྲགས་མདུན་ནས་གཙང་མ་གཙུད་ཕུད་ཀྱི་ཁྲིམས་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་གསོལ།
ལོ་དེར་སྐྱབས་མགོན་མཆོག་མདོ་སྨད་བོན་གྱི་བསྟན་པའི་བསྟི་གནས་སྣང་ཞིག་དགོན་གྱི་མི་འཇིགས་རིན་ཆེན་དང་པོའི་ཁྲི་འཕང་ལ་མངའ་གསོལ་བའི་མཛད་སྒོ་རྒྱ་ཆེར་བསྡུས་ཤིང་། མཛད་སྒོའི་སྐབས་ལྷ་ས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ནས་ཕེབས་པའི་གཤེན་གྱི་བླ་གྲྭ་ཆིག་སྟོང་ལྔ་བརྒྱ་ལྷག་ཞལ་འཛོམས་བྱུང་བར་མ་ཟད་དད་ལྡན་མི་མང་ཁྲི་ཕྲག་ལས་ཁྲི་ཕྲག་བརྒལ་བ་བྱུང་།
༡༩༨༩ལོའི་ཟླ་གཉིས་པ་ནས་ལོའི་དགུའི་རིང་སྣང་ཞིག་ཡོངས་འཛིན་དཔོན་སློབ་བསྟན་འཛིན་ཡེ་ཤེས་མཆོག་ཡོངས་འཛིན་དུ་བསྟེན་ཏེ་འགོ་ཀློག་སློབ་པ་ནས་བཟུང་སྟེ་སུམ་དག་རྟགས་གསུམ། སྒྲ་སྙན་སྨན་རྩིས། ལམ་རིམ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ལ་སྦྱངས་པ་བྱས། ཞོར་དུ་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་གི་རྒྱལ་བོའི་སྐུ་མདུན་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་གི་རྒྱུད་ཁ་མ་ལུས་པར་མནོས།
༡༩༩༠ལོའི་ཟླ་བཞི་བའི་ནང་དགེ་ལྡན་བསྟན་པའི་སྲོག་ཤིང་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་སྣང་ཞིག་དགོན་དུ་ཕེབས་ནས་སྣང་ཞིག་སྐྱབས་མགོན་མཆོག་ཁོང་གིས་པང་དུ་བང་ནས་དད་ལྡན་སེར་སྐྱ་ཡོངས་ལ་སྣང་ཞིག་དང་གུང་ཐང་བར་གྱི་འབྲེལ་བ་བརྒྱུད་བསྒྲགས་དང་། སྐྱེས་བུ་འདི་ཉིད་རླབས་ཆེན་བསྟན་པ་འདེགས་པའི་ཀ་ཆེན་ཡིན་ཚུལ་སོགས་ཀྱི་ཞལ་གསུང་མང་དུ་གནང་།
༡༩༩༠ལོར་ཟླ་བཅུ་གཅིག་པའི་ནང་གདན་ས་གཡུང་དྲུང་གླིང་གི་དཔོན་སློབ་ཀུན་གསལ་བློ་གྲོས་མདོ་སྨད་སྣང་ཞིག་ཏུ་ཆིབས་བསྒྱུར་གནང་སྐབས་ཁོང་གིས་སྐྱབས་མགོན་མཆོག་ལ་དབུ་མ་དང་། ཨ་སྙན་རྫོགས་གསུམ་སོགས་ཀྱི་དབང་ལུང་མང་དུ་གནང་།
༡༩༩༣ལོའི་སྟོན་ཁ་བླ་བྲང་སྐྱབས་མགོན་འཇམ་དབྱངས་བཞད་པ་མཆོག་སྣང་ཞིག་ཏུ་ཆིབས་བསྒྱུར་གནང་སྐབས་སྐྱབས་མགོན་ཚང་ལ་སྣང་ཞིག་དོ་འཕགས་ཆེན་པོའི་གསེར་སྐུ་འདྲ་སྤངས་མ་ཕུལ།
༡༩༩༤ལོར་སྣང་ཞིག་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་འབུམ་ལྔ་འབུམ་དགུ་སོགས་ལ་སྦྱངས་པ་བྱས་ཤིང་། ཞོར་དུ་བོན་ཕྱི་ནང་གསང་གསུམ་གྱི་ཁྲིད་ལུང་རྗེས་གནང་ཐོབ། ལོ་དེའི་ཟླ་བ་དྲུག་པའི་ནང་སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་སྣང་ཞིག་ཏུ་ཆིབས་བསྒྱུར་གནང་སྐབས་མཉམ་མེད་བླ་སྒྲུབ་དང་འདུལ་བ་སོགས་ཀྱི་དབང་ལུང་མན་ངག་སྐྱབས་མགོན་ཚང་ལ་གནང་བ་དང་། བོན་བསྟན་པ་སྤེལ་རིམ་སྐོར་ནས་རྗེ་བླ་མ་རྣམ་གཉིས་ཀྱིས་ཞལ་བརྡ་མང་དུ་གནང་།
༡༩༩༥ལོ་ནས་ཅོག་ལོ་དགོན་རྣམ་རྒྱལ་བསམ་གཏན་གླིང་གི་རིན་ཆེན་དང་པོའི་ཁྲི་འཕང་མཐོན་པོར་མངའ་གསོལ་གྱི་མཛད་སྒོ་བསྡུས་ཤིང་། དེ་དང་བསྟུན་ཞིང་ཆེན་ཕྱི་ནང་གི་སྣང་ཞིག་ཚང་གི་དགོན་མ་ལག་ཡོངས་ཀྱི་གསེར་ཁྲི་མངའ་དབང་བསྒྱུར་བའི་མཛད་སྒོ་བསྡུས། ལོ་དེར་རྒྱལ་ཁབ་ཀྱིས་སྣང་ཞིག་གདུང་རབས་སོ་དགུ་བའི་འཛིན་ཡིག་གནང་བ་དང་། སྣང་ཞིག་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་དངོས་གཞིའི་འགོ་བཟུང་སྟེ་ཨ་ཁྲིད་དང་། ཞང་ཞུང་སྙན་རྒྱུད། རྫོགས་ཆེན་སོགས་ལ་སྦྱངས་པ་བྱས་ཤིང་། ཞོར་དུ་སྔགས་མཚམས། བཅུད་ལེན། མུན་མཚམས། འཕོ་བ། གསང་གཅོད་སོགས་ལ་རིམ་བཞིན་སྦྱངས་པ་བྱས། ཞོར་དུ་ཐུན་མིན་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་དབུ་བཟུང་སྟེ། གཡས་རུའི་མཁས་གྲུབ་བཅོ་བརྒྱད་ཀྱི་ཐུགས་བཅུད་བྲུ་ཡི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་དང་། ཞང་ཞུང་སྙན་རྒྱུད་འོད་གསལ་བདུན་སྐོར་སོགས་ལ་གསན་བསམ་རྒྱས་པར་མཛད།
༡༩༩༧ལོ་ནས་ལོ་ལྔའི་རིང་དུ་སྣང་ཞིག་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་མཆོག་དགུང་ལོ་བརྒྱད་ཅུར་སོན་ཏེ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་ཡོངས་འཛིན་དུ་བསྟེན་ཏེ་ཁོང་གི་མདུན་ནས་ཐེག་འགྲེལ། ས་ལམ། མཛོད། དབུ་མ། འདུལ་བ། སྔགས། རྫོགས་ཆེན་སོགས་ཤེས་བྱ་རིག་པའི་གནས་ཆེན་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱི་རིག་པ་གནད་དུ་ཐིངས་པར་བྱས་ཤིང་། ཞོར་དུ་ཐུན་མོང་རིག་གནས་སྐོར་སོགས་ལ་ཡང་བསྐྱར་སྦྱངས་པ་ནན་ཏན་བྱས།
༡༩༩༨ ལོའི་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་ཞོགས་ཀ་གློ་བུར་དུ་ཁོང་གི་སྣང་བ་ལ་འོད་ཟེར་ཁ་ཏོག་སྣ་ལྔ་འདུས་པའི་དབུས་དཀྱིལ་ནས་འོད་ཡ་མཚན་པ་ཞིག་བྱུང་བ་དང་ལྷན་དུ་དབེན་པའི་རི་ཁྲོད་འགྲིམ་དགོས་པའི་རང་སྒྲ་ཞིག་བྱུང་ཞིང་ཁོང་གིས་ཐད་ཀར་ཡོངས་འཛིན་ལ་དེའི་གནས་ཚུལ་བཤད་མ་ཕོད། ཞབས་ཕྱི་བ་ལ་དེའི་བརྒྱུད་རིམ་བཤད། ཞབས་ཕྱི་བས་ཡོངས་འཛིན་ལ་ཞུས་ཀྱང་ཡོངས་འཛིན་གྱིས་དོ་སྣང་དེ་ཙམ་མ་བྱས། རྗེས་སུ་ཁོང་ལ་སྣང་བ་དེ་ཡང་དང་ཡང་དུ་བྱུང་ཞིང་དང་ལེན་མ་བྱས་སྟབས་ཁོང་གིས་དབུ་སྙུང་བ་དང་སྣ་ཁྲག་བཞུར་བ་སོགས་སྙུང་གཞི་ཅུང་འཚབ་ཆེ་བར་གྱུར། དེ་ལ་ཡོངས་འཛིན་གྱིས་ཐུགས་འཚེར་ཆེན་པོ་བཞེས་ཏེ་སྐྱབས་མགོན་བླ་མའི་ཡབ་སྣང་ཞིག་ནམ་མཁའ་བློ་ལྡན་དང་གྲོས་བྱས་ཏེ་ལོ་དེའི་ཟླ་བཞི་བའི་ཚེས་གཅིག་ནས་ངེས་མེད་རི་ཁྲོད་འགྲིམ་སྟེ་ཐོག་མར་རྒྱལ་རོང་བཙན་ལྷའི་འགྲོ་མགོན་འ་ཞའི་སྒྲུབ་ཕུག་དང་། རྒྱལ་མོ་དམུ་རྡོ། གཡུང་དྲུང་རི་མོ། ཤར་རྫའི་རི་ཁྲོད་སོགས་སུ་ཕྱིན་ཏེ་རྣམ་འཇོམས་སྒྲུབ་ཆེན། སྨྲ་སེང་རིག་ལྔའི་སྒྲུབ་ཆེན། དབལ་གསས་སྒྲུབ་ཆུང་། སྟག་ལྷའི་སྒྲུབ་འབྲིང་སོགས་ལ་བཞུགས་ཏེ་གྲུབ་པའི་རྟགས་མཚན་མང་པོ་ཐོན། ཤར་རྫའི་རི་ཁྲོད་དུ་བཞུགས་སྐབས་རྗེ་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མདུན་ནས་ཀུན་མཁྱེན་ཤར་རྫ་བའི་བཀའ་ལུང་རྒྱ་མཚོ་དང་། སྡེ་སྣོད་མཛོད་སྔ་དུམ་ཕྱི་དུམ། ལྷ་གཉེན་ཤེལ་སྒོང་། སྐུ་གསུམ་རང་ཤར། ཀུན་བཟང་སྙིང་ཐིག་དང་། དེ་མིན་བྲུ་རྒྱལ་བའི་ཕྱག་ཁྲིད་སོགས་ཀྱི་ཁྲིད་ཁ་མང་དུ་ཐོབ། དེ་དག་གི་ཞོར་དུ་རྫོགས་ཆེན་དང་། རྩ་རླུང་སོགས་སུ་སྦྱངས་པ་ཆེས་ཆེར་བྱས།
༡༩༩༩ལོའི་ཟླ་བ་བཞི་བའི་ཚེས་གསུམ་ནས་དད་ལྡན་སེར་སྐྱ་ཡོངས་ལ་བློ་ལྡོག་རྣམ་བཞི་དང་སྔོན་འགྲོ་འབུམ་ལྔ་སོགས་ཀྱིས་འཆད་ཁྲི་གནང་། ལོ་དེའི་ཟླ༦ཚེས༡༥ཉིན་སྣང་ཞིག་རྒྱལ་ཚབ་བསྟན་འཛིན་དབང་གི་རྒྱལ་བོ་མཆོག་དང་ཡོངས་འཛིན་བསྟན་འཛིན་ཡེ་ཤེས། དཔོན་སློབ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་མཁན་སློབ་བཞི་སྦྲགས་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་བླངས་ཤིང་མཚན་ལ་དྲང་སྲོང་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་གནང་།
༢༠༠༠ལོར་རྒྱ་ནག་རི་བོ་རྩེ་ལྔ་ནས་རྫོགས་ཆེན་དང་། ཐུན་སྦྱོང་གི་ལས་ལ་སྦྱངས་པ་བྱས། ཞོར་དུ་སྣང་སྟོན་བླ་མའི་སྨྲ་སེང་གི་སྒྲུབ་གཞུང་གི་གཞུང་བསྲིངས་ཏེ་སྨྲ་སེང་སྒྲུབ་ཆེན་ཞིག་རྫོགས་པར་བྱས་པ་དང་། ལོ་དེར་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ནས་ཧྲི་རུ་གདམས།
༢༠༠༡གཅིག་ལོར་བོད་བརྒྱུད་མཐོ་རིམ་སྣང་བསྟན་སློབ་གླིང་དུ་ཞུགས་པ་དང་ཆོས་གྲུབ་ཁག་གི་རིག་གཞུང་ལ་སྦྱངས་པ་བྱེད་ཞོར་དུ་རྒྱའི་སྐད་ཡིག་ལ་སྦྱངས་པ་བྱས། ལོ་དེར་མདོ་སྨད་སྣང་ཞིག་དགོན་དུ་སྐྱབས་མགོན་མཆོག་དང་རྒྱལ་ཚབ་རྣམ་གཉིས་ཀྱིས་གདན་ས་འདིར་བོན་གྱི་ཕྱི་དར་བསྟན་པའི་གྲྭ་སར་ཆེས་ཆེར་གྱུར་པར་དགོངས་ཏེ་དགོན་འདིར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གསར་བཙུགས་གནང་།

31tn.jpg

༢༠༠༢-༢༠༠༤སོགས་སུ་མདོ་སྨད་ཤར་ཁོག་དམུ་དགེ་བླ་རི་དགོན་དང་། མཁར་ཡག་དགོན། མེ་ཙ་སྟག་མགོ་དགོན་སོགས་བོན་གྱི་དགོན་སྡེ་དག་ལ་ཆིབས་བསྒྱུར་གནང་ཞིང་ས་གནས་དེ་དག་གི་དད་ལྡན་མི་མང་ཡོངས་ལ་སྔོན་འགྲོ་བསགས་སྦྱོང་དང་། བོན་གྱི་དབང་ལུང་མང་དུ་གནང་།
༢༠༠༣ལོར་སྐྱབས་མགོན་མཆོག་གཤེན་ཚང་། སྨན་རི། གཡུང་དྲུང་གླིང་སོགས་སུ་ཆིབས་བསྒྱུར་གནང་སྟེ་ཁྲི་བཞེངས་བྱས། ལོ་དེར་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་མཛད་སྒོ་རྒྱ་ཆེར་བསྡུས་པ་དང་སྐྱབས་མགོན་མཆོག་རྔ་བ་རྫོང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དུ་གདམས།
༢༠༠༤-༢༠༠༥གཉིས་ལ་ཡང་བསྐྱར་རྒྱལ་ཕྱི་ནང་གི་སྐད་རིགས་ལ་སྦྱངས་པ་བྱས་ཤིང་རྔ་བ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་གདམས།
༢༠༠༦ལོར་མདོ་སྨད་བྱང་ཕྱོགས་སུ་ཕེབས་ཤིང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གཙོས་པའི་བོན་གྱི་སེར་དགོན་དང་སྔགས་དགོན་དག་གིས་ཆིབས་བསྒྱུར་འོག་བོན་སྦྱིན་གྱི་མཛད་འཕྲིན་བསྡུས།
༢༠༠༧ལོར་མཁས་དབང་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ལྷ་ལྡན་དུ་ཕེབས་པར་བརྒྱུད་སྐྱབས་མགོན་མཆོག་ཁོང་གི་ཞབས་ལ་གཏུགས་སྐབས་སྐྱབས་རྗེ་ཡོངས་འཛིན་མཆོག་གིས་དམིགས་སུ་བཀལ་ཏེ་སྐྱབས་མགོན་མཆོག་ལ་བོན་ཕྱི་ནང་གསང་གསུམ་གྱི་གདམས་ཁྲིད་ཟབ་མོ་གནང་ཞིང་། ལྷག་དོན་སངས་རྒྱས་བསྟན་པའི་ལས་དོན་ཕྱོགས་ཀྱི་ཞལ་བརྡ་མང་དུ་གནང་། ལོ་དེར་རེབ་གོང་ཏུ་ཕེབས་ཏེ་མཁས་པའི་དབང་བོ་བོན་བརྒྱ་བ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོའི་ཞབས་ལ་གཏུགས་ཏེ། སྡེ་སྣོད་མཛོད་ཀྱི་དབང་གི་སྐོར་དང་། ལྷ་གཉེན་ཤེན་སྒོང་། ལམ་རིམ་དྲུག་ཅུ་བ་དང་། ཞོར་དུ་བོད་ཀྱི་ལོ་རྒྱུས་བྱུང་རབས་སོགས་ལ་རིག་པ་གནད་དུ་ཐིངས་པར་བྱས། ལོ་དེར་རེབ་གོང་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱས་གདན་ཞུས་ལྟར། ས་དེ་གར་ཕེབས་ནས་དབང་ལུང་མན་ངག་གི་བོན་འཁོར་རྒྱ་ཆེར་བསྐོར་བ་དང་། མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་འདབས་སུ་ཆར་འབབ་ཚད་དཀོན་པོར་སོང་བ་བརྒྱུད་ས་གནས་དེའི་དད་ལྡན་སེར་སྐྱ་ཡོངས་ཀྱིས་གདན་ཞུས་ལྟར། སྐྱབས་མགོན་མཆོག་མཚོ་སྔོན་དུ་ཕེབས་ཏེ་གཤེན་རབ་རྣམ་པར་རྒྱལ་བའི་སྟོང་མཆོད་ཀྱི་གཞུང་བསྲིངས་ཤིང་རྣམ་རྒྱལ་གཙོར་འཁོར་གྱི་བུམ་གཏེར་སུམ་སྟོང་གཏེར་དུ་བསྒྲུབས་པར་བརྟེན་ས་གནས་དེར་ཆར་བབས་ཤིང་། ལོ་འབྲས་རྟག་ཏུ་སྨིན་པར་བྱུང་། ཡང་ལོ་དེར་སྣང་ཞིག་རྒྱལ་ཚབ་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་བོའི་དགུང་ལོ་བརྒྱད་ཅུར་བུད་པའི་དགྱེས་སྟོན་གྱི་མཛད་སྒོ་བསྡུས་ཤིང་། སྐབས་ཐོག་དེར་སྣང་ཞིག་ཏུ་ཐོག་དང་པོར་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་འདི་ཉིད་བསྡུས་པ་དང་། ཚོགས་ཐོག་དེར་སྣང་ཞིག་སྐྱབས་མགོན་མཆོག་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རུ་གདམས་ཐོན་བྱུང་།
༢༠༠༩ལོར་ཀུན་མཁྱེར་ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་སྐབས་སྐྱབས་མགོན་མཆོག་ཁམས་རྫ་ཁོག་ཏུ་ཆེད་ཕེབས་གནངས་ཏེ་ཁམས་ཕྱོགས་བོན་གྱི་དད་ལྡན་སེར་སྐྱ་མང་པོར་བོན་སྦྱིན་གྱི་མཛད་འཕྲིན་བསྡུས། ལོ་དེའི་ནང་ཡང་བསྐྱར་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་སྣང་ཞིག་ཏུ་བསྡུས་ཤིང་བོན་གྱི་བསྟན་དོན་ཕྱོགས་སུ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་མང་པོ་གྲོས་ཆོད་བྱས་།
༢༠༡༠ལོར་བོད་ལྗོངས་ནག་ཆུ་ཕྱོགས་སུ་ཆིབས་བསྒྱུར་གནང་སྟེ་བྱང་ཐང་ཕྱོགས་ཀྱི་དད་ལྡན་སེར་སྐྱ་ཁྲི་ཕྲག་ལས་བརྒལ་བ་ལ་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་གནང་བའི་མཛད་འཕྲིན་བསྡུས། ༢༠༡༡ལོར་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་དུ་གདམས། ལོ་དེའི་ནང་སྐྱབས་མགོན་མཆོག་གིས་རྔ་སྨད་ཅོག་ལོ་དགོན་དུ་གཡུང་དྲུང་བོན་སྒོམ་སྒྲུབ་སློབ་གླིང་གསར་བཙུགས་གནང་།
༢༠༡༢ལོར་ཤར་རྒྱལ་མོ་ཚ་བ་རོང་དུ་ཆིབས་བསྒྱུར་གནང་ཞིང་ཤར་རྒྱལ་རོང་ཕྱོགས་ཀྱི་དད་ལྡན་སེར་སྐྱ་ཡོངས་ལ་བོན་སྦྱིན་གྱི་མཛད་འཕྲིན་བསྡུས་པ་དང་། རྒྱལ་རོང་བསྟན་པའི་རྒྱལ་མཚན་མཆོག་དང་རྒྱལ་རོང་གི་བླ་སྤྲུལ་རྣམས་ཀྱིས་རྒྱལ་རོང་ཕྱོགས་ཀྱི་བོན་གྱི་དགོན་སྡེ་མི་ཉུང་བ་ཞིག་གི་དགོན་མགོ་སྣང་ཞིག་ལ་ཕུལ། ལོ་དེའི་ནང་དམུ་དགེ་བླ་རི་དགོན་གྱིས་ཆིབས་བསྒྱུར་གནང་སྟེ་གནས་མཆོག་བྲག་དཀར་ལ་གནས་སྒོ་ཕྱེ་བའི་མཛད་འཕྲིན་བསྐྱངས། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དུ་གདམས་པར་མ་ཟད་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་རྔ་ཡུལ་རྟོགས་ལྡན་དགོན་དུ་འཚོགས་པ་དང་། སྐྱབས་མགོན་ཚང་དེར་ཆིབས་བསྒྱུར་གནང་སྟེ་བོན་གྱི་བསྟན་པའི་ལས་དོན་མང་པོ་གྲོས་ཆོད་བྱུང་།
༢༠༡༣ ལོའི་ཟླ་བཞི་བའི་ནང་ཉང་སྲན་ཕྱོགས་ཀྱི་བོན་དད་མི་མང་གིས་གདན་ཞུས་ལྟར་དེ་རུ་ཕེབས་ཏེ་བོན་གྱི་གྲྭ་བཙུན་རྣམས་དང་དད་ལྡན་མི་མང་ཡོངས་ལ་བོན་གྱི་ལོ་རྒྱུས་རིག་གནས་སྐོར་ནས་འཆད་ཁྲིད་བྱས་པ་དང་། བོན་གྱི་རིག་གནས་རྩ་འཛུགས་དར་སྤེལ་ཁང་སོགས་འཛུགས་རྒྱུའི་གྲོས་ཐག་བཅད། ཟླ་དེའི་ནང་སྐྱབས་མགོན་ཚང་ཧྲང་ཧེ་རུ་ཕེབས་ཏེ(海戏剧学院)གྱི་དགེ་རྒན་དང་། ཞིབ་འཇུག་སློབ་མ། དངོས་གཞིའི་སློབ་མ་རྣམས་ལ《དེང་རབས་ཀྱི་ནང་བསྟན་དང་། གནའ་བོའི་སྒྱུ་རྩལ》ཞེས་པའི་སློབ་ཁྲིད་གནང་།
ལྷག་དོན ༢༠༠༩ལོའི་དབྱར་ཁ་ནས་བཟུང་སྟེ་མདོ་སྨད་སྣང་ཞིག་དགོན་གྱི་དགེ་བཤེས་ལས་ཐོགས་རྣམས་དང་འཛིན་གྲྭ་མཐོ་ཤོས་རྣམས། དེ་མིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ལོ་གསུམ་སྒྲུབ་གྲྭ་རྣམས་ལ་བྲུ་རྒྱལ་བའི་ཨ་ཁྲིད་དང་། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་སོགས་འཆད་ཁྲིད་བྱས་ཤིང་། ཞོར་དུ་ལམ་རིམ་སོགས་མདོར་ན་གསང་སྔགས་ཕྱི་ནང་གི་རྒྱུད་འགྲེལ་དང་། རྫོགས་པ་ཆེན་པོའི་གཞུང་ཆེན་ཁག་ལས་དོན་ཚན་མང་པོ་ཞིག་ལོ་རེར་བཞིན་དམར་ཁྲིད་བྱས། དེའི་ཞོར་དུ་རྒྱལ་ཕྱི་ནང་དང་ས་གནས་དད་ལྡན་སེར་སྐྱ་སྟོང་ཕྲག་ལས་བརྒལ་བ་ལ་ལོ་རེ་བཞིན་ལམ་རིམ་བཅུ་གཉིས་ཀྱི་གདམས་དོན་མན་ངག་རྒྱས་སྤྲོས་གནང་སྟེ་སྔོན་འགྲོ་འབུམ་དགུ་དང་འབུམ་ལྔ་སོགས་ལ་སྦྱོང་བ་བྱེད་པའི་མཛད་འཕྲིན་སྐྱོང་བཞིན་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།