ཀྱུང་རྒྱུད་མཁས་གྲུབ་ཉི་མ།
[ཟླ་ཚེས། 2025-09-17 19:57:07][རྩོམ་པ་པོ། བླ་མ་ལུང་རིག་རྒྱ་མཚོ་དང་རྔུལ་རྫའི་བྲག །][རྩོམ་ཁུངས། ][ཀློག་གྲངས། ]

༧ བོན་རི་སྲིད་རྒྱལ་དགོན་ཆེན་གྱི་ཁྲི་འཛིན་མཁན་རབས་ཉེར་དགུ་པ་ངེས་དོན་རྣལ་འབྱོར་བྱ་བྲལ་ཆེན་པོ་ཀྱུང་རྒྱུད་མཁས་གྲུབ་ཉི་མའི་རྣམ་ཐར་ཤེལ་དཀར་བུམ་པ་བཞུགས་སོ། །
རྩོམ་པ་པོ། བོན་རི་དགོན་ཆེན་དབུ་བླ་ལུང་རིག་རྒྱ་མཚོ་དང་རྔུལ་རྫའི་བྲག་གམ་མི་འགྱུར་གཙུག་ཕུད།
ཟག་མེད་གཟུགས་སྐུ་མཚན་དཔེ་ཉ་གང་ཟླ། །
ཚངས་དབྱངས་དྲུག་ཅུ་སྒོ་བཞི་མཛོད་ལྔའི་གཏེར། །
སྲིད་ཞིའི་འདུལ་དཔོན་སྤྱི་ཕུད་མི་ཡི་རྒྱལ། །
དམུ་རིགས་འགྲོ་བའི་མགོན་དེ་སྤྱི་བོར་མཆོད། །
འཇིག་རྟེན་བོན་བརྒྱད་ཞེན་པའི་བློ་སྤངས་ནས། །
དབེན་པའི་གནས་སུ་རྩེ་གཅིག་དགེ་སྦྱོར་བརྩོན། །
ཀ་དག་བླ་མེད་རྫོགས་པ་ཆེན་པོའི་དོན། །
དགོངས་རྟོགས་རྒྱུད་ལ་སྨིན་པའི་རྟོགས་ལྡན་ཁྱེད། །
འཁོར་བའི་སྲིད་པ་དུག་སྦྲུལ་ཚང་བཞིན་སྐྱུར། །
རྣམ་དག་ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང་། །
ཕུན་ཚོགས་ཡོན་ཏན་རླབས་རིས་དགུང་ལ་སྤོ། །
བྱམས་དང་སྙིང་རྗེ་ཀུན་གཞིའི་ཀློང་དུ་མེར། །
མཚན་དཔེ་བརྗིད་ཆགས་གངས་དཀར་ལྷུན་པོའི་གཤིས། །
འགག་མེད་སྒྲ་དབྱངས་ཚངས་སྲས་དར་མའི་གསུང་། །
དྲི་བྲལ་ཐུགས་ཉིད་མུ་མེད་ལྷ་ལམ་ངང་། །
སྟག་ལའི་རྣམ་རོལ་ཉི་མའི་མཚན་ཅན་བསྟོད། །
དམ་པའི་རང་གཤིས་རྒྱལ་བའི་སྲས་པོ་བཞིན། །
རྣམ་དག་ངེས་འབྱུང་གཤའ་མའི་གཏེར་གྱི་སྒྲོམ། །
མ་བཅོས་རྣལ་མའི་མཛད་ཕྲིན་གངས་རིའི་མདངས། །
སྐལ་ལྡན་དད་གུས་ཕྱིར་དུ་འབུལ་བར་སྤྲོ། །
ནང་དོན་གནད་བསྡུས། ཇི་སྐད་དུ། ཆུང་ནས་དད་པའི་སེམས་བསྐྱེད་དེ། རྒྱུན་དུ་དགེ་བའི་ལས་ལ་བརྩོན་ཞེས་གསུང་པ་ལྟར། དམ་པ་གོང་ཉིད་སྐུ་ཚེ་ཧྲིལ་པོར་བྱས་བཞག་རླབས་པོ་ཆེ་མཛད་པའི་འཕྲིན་ལས་ཁག་གསལ་ཁ་གང་ཐུབ་བྱས་ཡོད་པར། སྐུ་སྐྱེ་བ་བཞེས་ནས་མཐར་ཞིང་གཞན་མ་ཕེབས་བར་དུ་ཕུན་ཚོགས་རྟགས་དང་མཚན་མའི་ཁྲི་འཕང་དགོས་འདོད་ཀྱི་ནོར་བུ་རིན་པོ་ཆེ་ལྟར་འགྲོ་བ་ཀུན་ལ་ཕན་དང་བདེ་བའི་མཛད་པ་ཁོ་ན་ལས། ལུགས་གཉིས་དང་སྐྱེ་འགྲོ་སུ་ལའང་གནོད་པའི་བྱ་བ་གང་དག་དུག་ལྟར་དུ་སྤངས་བའི་བྱ་བྲལ་རྣལ་འབྱོར་བ་མཁས་གྲུབ་ཉི་མ་རིན་པོ་ཆེ་མཆོག་སྐྱེ་བ་བཞེས་ན་རིག་གསར་མ་ཚེས་བར་དུ་སྐུ་ཚེའི་སྟོད་ཀྱི་མཛད་པ་ཁག་ཞིབ་ཕྲ་ཞིག་མེད་རུང་ཡོད་པ་དག་དངོས་ཡོད་ཀྱི་ལམ་ནས་བྲིས་ཡོད་ལ་རིག་གནས་གསར་བརྗེའི་རྗེས་སུ་ཆོས་དད་རང་མོས་སྲིད་ཇུས་མ་གཏོང་བར་དུ་དཀའ་ངལ་གྱི་འགག་འཕྲང་མང་པོ་བརྒྱུད་ཚུལ་དག་རགས་པའི་ལམ་ན་བཀོད་ཡོད་པ་མ་ཟད་དེའི་ནང་བསམ་གཞིགས་བྱེད་རིན་ཆེ་བའི་ཁོང་ཉིད་དཀའ་སྡུག་གི་དུས་སུ་དྲང་བདེན་དང་ལྷག་བསམ་སྙིང་རྗེའི་རང་གཟུགས་དག་ལྷད་མེད་པིར་གྱི་ལམ་ནས་བཅོས་མེད་གསོན་པོར་བྲིས་ཡོད། ཆོས་དད་རང་མོས་སྲིད་ཇུས་རྗེས་སུ་སྐུ་ཚེའི་མཐའ་མ་ཟིན་བར་དུ་བསྟན་འགྲོའི་དོན་ཆེན་ལ་དམིགས་ཏེ་བདག་གཞན་རིས་མེད་མཛད་རིམ་ཁག་གསལ་ཁ་གང་ཐུབ་ཞུས་ཡོད་པ་བཅས་སོ། །ཚངས་དབྱངས་དྲུག་ཅུ་སྒོ་བཞི་མཛོད་ལྔའི་གཏེར། །
སྲིད་ཞིའི་འདུལ་དཔོན་སྤྱི་ཕུད་མི་ཡི་རྒྱལ། །
དམུ་རིགས་འགྲོ་བའི་མགོན་དེ་སྤྱི་བོར་མཆོད། །
འཇིག་རྟེན་བོན་བརྒྱད་ཞེན་པའི་བློ་སྤངས་ནས། །
དབེན་པའི་གནས་སུ་རྩེ་གཅིག་དགེ་སྦྱོར་བརྩོན། །
ཀ་དག་བླ་མེད་རྫོགས་པ་ཆེན་པོའི་དོན། །
དགོངས་རྟོགས་རྒྱུད་ལ་སྨིན་པའི་རྟོགས་ལྡན་ཁྱེད། །
འཁོར་བའི་སྲིད་པ་དུག་སྦྲུལ་ཚང་བཞིན་སྐྱུར། །
རྣམ་དག་ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུང་། །
ཕུན་ཚོགས་ཡོན་ཏན་རླབས་རིས་དགུང་ལ་སྤོ། །
བྱམས་དང་སྙིང་རྗེ་ཀུན་གཞིའི་ཀློང་དུ་མེར། །
མཚན་དཔེ་བརྗིད་ཆགས་གངས་དཀར་ལྷུན་པོའི་གཤིས། །
འགག་མེད་སྒྲ་དབྱངས་ཚངས་སྲས་དར་མའི་གསུང་། །
དྲི་བྲལ་ཐུགས་ཉིད་མུ་མེད་ལྷ་ལམ་ངང་། །
སྟག་ལའི་རྣམ་རོལ་ཉི་མའི་མཚན་ཅན་བསྟོད། །
དམ་པའི་རང་གཤིས་རྒྱལ་བའི་སྲས་པོ་བཞིན། །
རྣམ་དག་ངེས་འབྱུང་གཤའ་མའི་གཏེར་གྱི་སྒྲོམ། །
མ་བཅོས་རྣལ་མའི་མཛད་ཕྲིན་གངས་རིའི་མདངས། །
སྐལ་ལྡན་དད་གུས་ཕྱིར་དུ་འབུལ་བར་སྤྲོ། །
བརྡ་ཆད་གཙོ་བོ། སྐྱེ་བཞེས་དང་། སྒོམ་སྒྲུབ། རྟགས་མཚན། མི་རྟག་མྱ་ངན་འདས་ཚུལ་སོགས།
གླེང་གཞི།
དོན་དམ་རྫོགས་པ་ཆེན་པོའི་ཕ་གཞིས་སུ་གྱུར་པའི་ངེས་པ་དོན་གྱི་རྣལ་འབྱོར་བ་གང་ཞིག་གིས་མཛད་པའི་འཕྲིན་ལས་ཀྱི་ཕྱོགས་ཕྱི་ནང་གང་གི་བསྟན་དང་བསྟན་པའི་དཀར་ཕྱོགས་མཛད་འཕྲིན་བཟང་པོ་ཉ་གང་ཟླ་བ་བཞིན་ཆ་ཙམ་ཡང་མ་གྲིབ་པར་གསལ་བར་འབྲི་བའི་རྣམ་དཔྱོད་ཀྱི་རལ་ཁ་མ་རྣོ་ཡང་། དད་པའི་ཆུ་ཐིགས་ཙམ་ཞིག་འགྲོ་བ་མི་ཡི་མིག་ལམ་དུ་འགོད་ཐུབ་ཐབས་བྱ་རྒྱུ་དེ་བས་ཀྱང་བཟློག་ཏུ་མེད་པའི་འགན་འཁྲི་ལྕི་མོ་ཞིག་ཏུ་འཁུམ། དམ་པ་གོང་ཉིད་སྐུ་ཚེ་ཧྲིལ་པོར་ལུས་ངག་ཡིད་གསུམ་ཀྱིས་སྤྱོད་ལམ་གང་ཐད་ས་ཐོབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་ཡང་རབ་ཀྱི་ཉམས་རྟོགས་དགོངས་ཚད་ཁྱད་པར་ཅན་ཞིག་ཡིན་རུང་། དགོངས་རྟོགས་ཇི་བཞིན་གཞལ་བར་མི་ནུས་ཀྱང་དད་པའི་རླབས་རིས་ཀྱི་བར་གསེང་ནས་རྣམ་ཐར་ཆུ་ཐིགས་ཙམ་འགོད་པའི་སྐལ་པ་འདི་ཡང་བསོད་ནམས་ཀྱི་ལས་བྱ་བཟང་པོ་ཞིག་ཏུ་སེམས། ཡིན་ལུགས་དངོས་ཀྱི་ཐོག་ན་གསོན་ཤུགས་རང་བཞིན་ལྡན་པའི་ལོ་རྒྱུས་ཤིག་འབྲི་བསམ་ན ། རྒྱུ་མཚན་གྱི་འདབ་མ་གྲོལ་དགོས་ལ། རྫུན་ཚིག་གི་སྙིང་ཁམས་འཇོམས་དགོས། བདག་གཞན་གྱི་ཕམ་རྒྱལ་སྤང་དགོས་ལ། གྱོང་ཁེངས་ཀྱི་རི་བོ་གཏོར་དགོས། འཇིག་རྟེན་གྱི་ཁམས་སུ་དབུགས་ལྡན་སྲོག་ཆགས་ཡོངས་དང་། དབུགས་མེད་ཀྱི་གནམ་རི་ས་བྲག་རྩི་ཤིང་ནགས་ཚལ་ཕྱོགས་གང་ལ་ལོ་རྒྱུས་ཡོད་པ་ནི། འཕེལ་འགྲིབ་ཀྱི་རང་བཞིན་ལྡན་པའི་འདས་མ་ད་གསུམ་གྱི་གོམ་ཁའི་འཁོར་ཕྱོགས་ལ་བསམ་གཞིགས་བགྱིས་ནས་གནད་དུ་གོ །ཐེངས་ད་རེས་ཀྱི་གླེང་བྱ་གཙོ་བོ་ནི་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་ཆེན་པོ་སྲིད་རྒྱལ་དགོན་ཆེན་གྱི་ཁྲི་འཛིན་བླ་མ་མཁས་གྲུབ་ཉི་མ་རིན་པོ་ཆེའི་དགོངས་རྟོགས་ཡོན་ཏན་མཛད་པའི་འཕྲིན་ལས་ཀྱི་རྣམ་ཐར་ཆ་ཚང་པོ་ཞིག་བདག་འདྲ་བློ་མིག་བུང་བ་ཆུང་ཆུང་ཞིག་གིས་མཐའ་རུ་ཆོད་པར་མི་ནུས་ནའང་གོང་གིས་མཛད་འཕྲིན་མཐོང་ཐོས་མྱོང་གསུམ་དུ་བྱུང་བའི་ཆ་ཙམ་རེ་འགོད་ཐུབ་ན་བསོད་ནམས་ཀྱི་བགོ་སྐལ་ཞིག་ཏུ་རྩིས་ཏེ་བྲིས་པས་ལགས་སོ། །
དང་པོ། སྐུ་སྐྱེ་བ་བཞེས་ན་ལོ་རབས་དྲུག་ཅུ་རེ་དགུ་ཡན་གྱི་རྣམ་ཐར། དམ་པ་ཁོང་གི་འཁྲུངས་ཡུལ་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་རྒྱལ་མོ་རྔུལ་ཆུའི་སྟོད། རྔུལ་རྫ་ཟལ་མོ་སྒང་སུམ་པའི་རྒྱལ་ཕྲན་བཅུ་གཅིག་་གི་ནང་ཚན་རྒོད་ཚང་སྨད་མ་ཞེས་པ་ཆེན་པོ་ཧོར་གྱི་རྒྱལ་ཁམས་སོག་ཆུ་ཆེ་བའི་འགོ་ཁུངས་མེ་འབར་ཐང་ཡབ་ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་ཀྱུང་རྒྱུད་དབལ་གསས་དར་དང་། ཡུམ་བ་ར་བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༤༥ཤིང་མོ་བྱ་ཡི་ལོར་སྐུ་འཁྲུངས། ཁོང་གི་མཚན་ལ་གཡུང་དྲུང་ཚེ་བརྟན་ཞེས་གསོལ། ཆུང་ནས་བློ་རིག་གསལ་ཞིང་གཤིས་རྒྱུད་འཇམ་པའི་ཁྱེའུ་མཚན་དང་ལྡན་པ་ཞིག་ཡོད་སྐད་གྲགས། ཆུང་དུས་སུ་དམ་པ་ཁོང་གིས་ང་རང་ཀླུ་ཕུག་དགོན་གྱི་གྲྭ་རྒན་གུང་དམར་མདའ་ནས་ཡོང་བ་ཞིག་ཡིན་གསུང་སྐད་འདུག །དེས་ན་བཟུང་ཁོང་གི་མཚན་ལ་མི་གཞན་གྱིས་བླ་རྒན་བླ་རྒན་ཞེས་སྨྲོས་ཚུལ་ཡོད། དེ་རྗེས་ཁོང་དགུང་ལོ་ལྔ་ཡི་ཐོག་བེའུ་ལུག་འཚོ་བར་ཕེབས་སྐབས་རིགས་ལྔའི་བྲག་ཅེས་པ་ནས་མར་ལུག་སྟེ་རྨས་སྐྱོན་ཆེན་པོ་ཕོག་འདུག །དེ་རྗེས་སུ་ཏོག་ཙམ་དྲག་དུས་ཁོང་གི་ཡབ་ཆེན་ཀྱུང་རྒྱུད་བློན་རྒན་མཆོག་གིས་ཨ་དཀར་དགོན་པའི་མཁན་པོ་ཞུ་ཉི་མ་རྒྱལ་མཚན་མཆོག་གདན་འདྲེན་ཞུས་ཏེ་ཁོང་གི་བུ་ལ་དབང་བསྐུར་དང་དགེ་བསྙེན་གྱི་སྡོམ་པ་གནང་རོགས་ཞུས། མཁན་པོ་མཆོག་ནས་ཡི་རང་དང་བཅས་མཆོད་པ་རྣམ་ལྔ་བཤམ་དར་ལེགས་པར་བགྱིས་པའི་མདུན་དུ་གཙང་ཁྲུས་ལེགས་པར་མཛད་དེ་སྐྲ་ཕུད་བཞེས་ནས་དགེ་བསྙེན་སྡོམ་པ་འབོག་པར་མཛད། ཁོང་གི་མཚན་ལ་མཁས་གྲུབ་ཉི་མ་ཞེས་གསོལ། དེ་རྗེས་ཁོང་དགུང་ལོ་དྲུག་ལ་ཕེབས་སྐབས་ས་སྟག་སྤྱི་ལོ་༡༩༥༠ལོར་རིན་པོ་ཆེ་ཁོང་གི་ཡབ་ཆེན་མཆོག་དང་། སྤུན་ཆེ་བ་མཁའ་འགྱིང་། ནག་རུ་གཙོ་མཆོག་བཅས་མཉམ་དུ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོ་ཞིག་ལ། ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་དུ་ཕེབས་ཏེ་ཀླུ་དགོན་བླ་རབས་བརྒྱད་པ་༧མཁར་དམར་སྤྲུལ་སྐུ་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་གསེར་ཞལ་མཇལ་དམ་པ་ཁོང་ཉིད་ཀླུ་ཕུག་དགོན་དུ་སྒྲིག་ཞུགས་མཛད་རྒྱུའི་སྐོར་སོགས་ཞུས། སྤྲུལ་སྐུ་མཆོག་ནས་ཐུགས་དགྱེས་བཞེས་མཛད་ཅིང་བྱིས་པ་འདི་གཞན་དང་མ་འདྲ་བའི་དགོངས་ཚུལ་གསུངས་ནས། འབོལ་གདན་དང་གྲུམ་རྩེ་ཁ་གང་མ་ཞིག་གདན་དུ་རྒྱབ་མཛད་ནས་བཞུགས་སུ་བཅུག །སྤྲུལ་སྐུ་མཆོག་ནས་བྱིས་པར་མངར་གསུམ་སོགས་བརྔན་པ་གནང་སྟེ་ཁྱོད་རང་ད་ལྟ་སྐུ་ན་ཤིན་ཏུ་ཕྲ་བས་དགོན་གྱི་ཚོགས་འགྲོ་སྒྲིག་ལམ་ཁག་འགྲོ་ཐུབ་མིན་རང་མོས་གྱིས་གསུང་ཡོད་པ་མ་ཟད་སྤྱིར་བཏང་གྲྭ་གསར་སྒྲིག་ཞུགས་བྱེད་སྐབས་གྲལ་མཐར་སྡོད་དགོས་པ་ནི་སྤྱི་ཡི་སྒྲིག་སྲོལ་ཡིན་རུང་། སྤྲུལ་སྐུ་མཆོག་ནས་ཁོང་ལ་གདེང་འཇོག་ཚད་མེད་གནང་སྟེ་གྲལ་དཀྱིལ་དུ་བཞུགས་དགོས་རེད་གསུང་འདུག །ཁོང་ཉིད་སྐུ་ན་ཕྲ་བས་བཞུགས་ཤག་ཏུ་ཁེར་ཚོ་མི་ཕེར་སྟབས་ཞང་པོ་བ་ར་བསྟན་འཛིན་བློ་གྲོས་ཀྱི་བཞུགས་ཤག་ཏུ་བཞུགས་འདུག །དགུང་ལོ་བདུན་ཐོག་ནས་བཟུང་དེར་བཞུགས་རིང་དགེ་རྒན་ཆེ་མོ་ཞང་པོ་བ་ར་བསྟན་འཛིན་བློ་གྲོས་གཙོས་གྲྭ་རྒན་རྣམས་ཀྱི་སྐུ་མདུན་དུ་ཐིག་རྡུལ་མཚོན། གར་འཆམ་རྡུང་གསུམ། འབུད་རྡུང་བཀྲོལ་གསུམ། བཅའ་འདོན་རྫོགས་གསུམ་སོགས་སྦྱོངས་བརྩོན་རྒྱ་ཆེན་གནང་ཡོད་པ་མ་ཟད་ཞང་པོ་བ་ར་བསྟན་འཛིན་བློ་གྲོས་དང་ཡབ་ཆེན་རྣམ་གཉིས་ཀྱི་དྲུང་དུ་ལྷ་སྐུ་འབྲི་བཞེངས་སྐུ་གདུང་ཆག་ཚད་སོགས་སྦྱོང་པ་རྒྱ་ཆེན་གསན་གནང་མཛད། རྒྱུ་མཚན་དེ་དག་ལ་བརྟེན་དམ་པ་ཁོང་གིས་ཆེད་དུ་རྒྱལ་བའི་བཀའ་རིན་པོ་ཆེ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཚར་ལྔ་ཙམ་ཀློག་ཅིང་གཙོ་བོ་བཟོ་རིག་གཏན་ལ་ཕབ་པའི་དགོངས་དོན་རྣམས་ཁོག་དབུབ་ནས་གཞུང་དོན་རྣམས་ངེས་བཟུང་ཆེན་པོ་མཛད་དེ་ལྷ་འབྲིའི་སྒྱུ་རྩལ་ཐད་བསམ་མཐའ་ཡས་པར་གྱུར། ཕྱིས་འབྱུང་ཁོང་གིས་བྲིས་བཞེངས་གནང་བའི་ལྷ་སྐུ་དང་སྡེབ་རིས་མཆོད་རྟེན་སོགས་ཀྱི་ཆག་ཚད་རྣམས་ཀུན་གྱིས་དགའ་གུས་ཚད་མེད་ཐོབ་མྱོང་ཡོད། རྗེས་སུ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གཅིག་པ་མཁན་ཆེན་༧ཉི་མ་དབང་གི་རྒྱལ་པོའི་དྲུང་དུ་གཙང་གཙུག་གི་ཁྲིམས་ཉི་ཤུ་རྩ་ལྔ་ཞུས་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམས་མིག་འབྲས་བཞིན་དུ་སྲུང་། བར་སྐབས་ཤིག་ཏུ་ཞུ་བླ་བཀྲ་ཧོ་རིན་པོ་ཆེ་ཞེས་བླ་མ་ཚད་གསུམ་ལྡན་པ་ཞིག་ཡོད་དེའི་དྲུང་དུ་ཁྲོ་བོ་དབང་ཆེན་གཞུང་ཆ་ཚང་ལུང་གསན་གནང་མཛད། ས་ཁྱི་སྤྱི་ལོ་༡༩༥༨ལོར་ཁོང་གི་ཡབ་ཆེན་ཀྱུང་རྒྱུད་བློན་རྒན་དབལ་གསས་དར་མཆོག་ཞིང་གཞན་ལ་ཕེབས་སྐབས་སུ་དམ་པ་ཁོང་གིས་དགེ་བསྐུལ་རྒྱ་ཆེན་མཛད་འདུག །དམངས་གཙོ་བཅོས་བསྒྱུར་སྐབས་ཀླུ་ཕུག་དགོན་གྱི་བླ་གྲྭ་ལྔ་བཅུ་ལྷག་ཙམ་མཉམ་དུ་གོང་རིམ་གྱི་བཀའ་བཞིན་ལྕགས་ར་སྤེན་འབར་སོགས་ས་ཁུལ་ཁག་ལ་ལམ་བཟོ་ཕྱིན་སྐབས་ཁོང་ཉིད་སྐུ་ན་ཤིན་ཏུ་ཕྲ་བ་དང་ལས་དཀའི་དཀའ་སྡུག་ཧ་ཅང་ཆེ་སྟབས་མཚམས་རེ་ངུ་ཤོར་བའི་རྣམ་པ་མང་པོ་བྱུང་ཡང་དཀའ་སྡུག་དང་ལེན་བྱས་པ་ཡིན་གསུང་། སྐབས་དེ་དུས་མདའ་རྒྱང་རི་ཁྲོད་ཆག་འདེབས་པ་པོ་མཚམས་ཆེན་ཀུན་དགའ་ཚུལ་ཁྲིམས་མཆོག་ནས་ཁོང་ལ་རོགས་རམ་དང་ཐུགས་ཁུར་ཚད་མེད་གནང་ཚུལ་སོགས་གསུང་རྒྱུན་གནང་། ལམ་བཟོས་ཚར་ན་ཡར་ཕ་ཡུལ་ལ་ཕེབས་རྗེས་ཁོང་གིས་མི་དམངས་ལ་ཕན་བདེའི་ལས་གང་ནུས་བྱས་པ་ཡིན་གསུང་། བར་སྐབས་ཤིག་ཏུ་ཁོང་དང་གྲྭ་པ་སེར་མོ་ཁ་ཤས་མཉམ་དུ་སྡེ་བ་སྤྱིའི་རིམ་འགྲོ་འོས་འཚམས་ཤིག་སྒྲུབ་པར་མི་ཁག་གཅིག་གིས་ཉེས་འཛུགས་བྱས་ཏེ་གོང་རིམ་ལ་ཞུ་གཏུག་བྱས་པའི་ཤུགས་རྐྱེན་འོག་སྤྱི་ལོ་༡༩༦༩ལོར་བཙོན་ཁང་དུ་ཕེབས་དགོས་ཐུག་འདུག །
ཆུང་ནས་དམ་པའི་རང་གཤིས་རྒྱུད་ལ་མངའ། །
གཙང་གཙུག་ཁྲིམས་ཀྱི་བཅའ་བ་ཕྲག་ཏུ་བཀལ། །
ཕྱག་རྩལ་གར་མ་ལི་ཤོར་ཅོ་འདྲི་བྱེད། །
རྟགས་དང་མཚན་མའི་རྟེན་འབྲེལ་ལྷུན་ལ་རྫོགས། །
གཙང་གཙུག་ཁྲིམས་ཀྱི་བཅའ་བ་ཕྲག་ཏུ་བཀལ། །
ཕྱག་རྩལ་གར་མ་ལི་ཤོར་ཅོ་འདྲི་བྱེད། །
རྟགས་དང་མཚན་མའི་རྟེན་འབྲེལ་ལྷུན་ལ་རྫོགས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ལོ་རབས་དྲུག་ཅུ་རེ་དགུ་ནས་བརྒྱད་ཅུ་གྱ་བཞི་ཡན་གྱི་རྣམ་ཐར། ལོ་རབས་དྲུག་ཅུ་རེ་དགུ་ནས་བཟུང་ཁོང་བཙོན་ཁང་དུ་བཞུགས་དགོས་ཐུག་པ་ནི་སྦྲ་ཆེན་རྫོང་ཐོག་ཏུ་ལོ་ལྔ། བོ་ལམ་ཐང་དུ་ལོ་གཉིས། ལྷ་སར་ལོ་བདུན་བཅས་ཁྱོན་མི་ལོ་བཅུ་བཞི་ཙམ་བཙོན་དུ་བཞུགས་དགོས་བྱུང་འདུག །ཡིན་ན་ཡང་ལྷ་སར་བཙོན་ཁང་དུ་བཞུགས་སྐབས་རིན་པོ་ཆེ་ཉིད་ལག་ཤེས་བཟོ་ལས་སོགས་ཡག་པོ་ཡོད་པར་བརྟེན་བཙོན་པའི་མིང་ཙམ་ལས་རྟག་པར་བཙོན་ཁང་དུ་བཞུགས་དགོས་ཐུག་མ་སོང་གསུང་འདུག །གཞན་ལས་དོན་མི་སྣ་དང་ཁྱིམ་ཚང་མང་པོའི་ཁྱིམ་ཆས་རྩི་གཏོང་མཁན་ལོ་མང་རིང་བྱས་པ་ཡིན་ལྷ་སར་སླེབས་ནས་བཟུང་འཚོ་བ་དཀའ་ཁག་འཕྲད་མ་མྱོང་ཞེས་གསུང་འདུག །ཁོང་ནི་སྙིང་རྗེའི་རང་གཟུགས་མངའ་ཞིང་། བྱམས་བརྩེའི་སྤྱན་དཀྱུས་རིང་བ། དྲང་བདེན་གྱི་ལ་རྒྱ་བརྟན་པའི་སྐྱེས་བུ་ཡང་རབ་ཤིག་སོང་ཙང་ཉིན་ཞིག་བཙོན་པའི་ཟས་རྒྱུ་ཡོས་རྔོད་ན་རྩམ་པ་འཐག་བཞིན་པའི་སྐབས་དེར། ཁོང་གི་བཙོན་གྲོགས་སྤུན་མཆེད་བ་ར་སྟག་ལ་ཞེས་པ་དེས་དེ་རིང་ང་རང་སྟབས་ལེགས་སོང་གཅུང་པོ་མཁས་གྲུབ་ཉི་མ་ཡོས་འཐག་མཁན་རེད་འདུག་སྙམ་ནས་ཡར་འགྲོ་ཞོར་ཡོས་སྤར་མོ་གང་ཁྱེར་ནས་ཟོས། ཡང་བསྐྱར་ཡོས་སྤར་མོ་གང་ཁྱེར་སྐབས་སུ་དམ་པ་ཁོང་གི་མཐོང་ན་ཁྱོད་ཀྱིས་གང་བྱེད་ཀྱི་ཡོད། འདི་ཁྱོད་གཅིག་པུས་ཟོས་ན་འགྲིག་གི་མ་རེད། ལྟོས་དང་བཙོན་ཁང་ནང་དུ་བཙོན་པ་མི་ག་ཚོད་མི་འདུག་འདི་དག་ཚང་མས་རྩམ་པ་འདི་ལ་མིག་གྱེར་ན་བསྡད་ཡོད་རེད། འདི་ཁྱོད་གཅིག་པུས་ཟོས་ན་འགྲིག་གི་མ་རེད་ཅེས་གསུང་ན་མ་སྤྲད། རྗེས་སུ་བ་ར་སྟག་ལས་བཤད་པར་སྐབས་དེ་དུས་ཁོང་གིས་ང་ལ་ཡོས་མ་སྤྲད་པ་ང་རང་སེམས་ཤིན་ཏུ་ཕམ་སོང་། རྗེས་ཆོག་ལྟ་དུས་ཁོང་ནི་དམ་པའི་རང་གཤིས་མངའ་བའི་སྤྱོད་གཙང་གཞུང་དྲང་གི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པར་མཇུག་ཏུ་ཧ་གོ་སོང་ཁོང་ནི་ངོ་མ་བླ་མ་ཡང་དག་པ་རེད་ཞེས་ཟེར་འདུག །ད་དུང་ཁོང་ལྷ་སར་བཙོན་ཁང་དུ་བཞུགས་སྐབས་ཟླ་རེར་ལས་དངུལ་ཕྲན་ཙམ་ཡོད་པ་དེ་དག་རྒྱུ་མེད་དབུལ་པོ་ལ་སྦྱིན་པ་བཏང་བའི་ལོ་རྒྱུས་བཙོན་གྲོགས་རྣམས་ཀྱི་ངག་ན་རླུང་ལྟར་གྲགས། ཁོང་གིས་གསུང་དུས་སྐབས་རེ་ང་རང་དངུལ་རྫོགས་སྐབས་སྐམ་ཚང་བླ་མ་ཨ་འབུམ་རིན་པོ་ཆེས་ཟས་རིན་སྤྲོད་རོགས་གནང་རབ་སོགས་གསུང་གིན་འདུག །ཁོང་བཙོན་ཁང་དུ་བཞུགས་སྐབས་ཐང་ག་གཉིས་འབྲི་བཞེངས་མཛད་འདུག །གཅིག་དེའི་དབུས་སུ་མཉམ་མེད་བླ་མ་དང་མཐའ་སྐོར་དུ་བོན་སྐུ་དང་བདེར་གཤེགས་གཙོ་བཞི་བཅས་ཡོད་པ་ཞིག་འདུག །གཅིག་དེའི་དབུས་སུ་སྟོན་པ་རྫོགས་པའི་སངས་རྒྱས་དང་མཐའ་སྐོར་དུ་མཚན་ལྡན་ཁྱེའུ་བཞི་འདུག །དེ་དང་མཚུངས་པའི་མཛད་འཕྲིན་ལྷག་ཏུ་མང་བར་མཉམ་བཞུགས་གནང་བའི་བླ་གྲྭ་དང་མི་སྐྱ་སོགས་མཆོག་དམན་བར་གསུམ་ཚང་མས་སེམས་གཏིང་ནས་དགའ་དགུ་དང་ཡི་རང་ཞུ་སའི་རྣལ་འབྱོར་པའི་ཡང་རབ་ཞིག་ཏུ་གྱུར་འདུག །ཁོང་ཉིད་ལྷ་སར་བཞུགས་སྐབས་ཕ་ཡུལ་དུ་མ་ཡུམ་སྙུང་གཞི་ལྕི་མོ་ཡོད་པ་ཐོས་སྐབས་ལྐོག་ཏུ་ཕ་ཡུལ་དུ་བྱོན་ནས་མ་ཡུམ་འདས་ཁར་ངོ་ཐུག་བྱས་པ་ཡིན་གསུང་། དམ་པ་ཁོང་ཉིད་དཀའ་སྡུག་གི་འགག་འཕྲང་དང་སྤྱི་ཚོགས་ཟང་ཟིང་དུས་འགྱུར་རླུང་འཚུབས་སོགས་ཇི་ལྟར་རྒོད་ཀྱང་དམ་པའི་རང་གཤིས་ནི་བདེན་དོན་དང་དྲང་བཞག་གི་ཉི་ཟླའི་འོད་སྣང་རབ་ཏུ་འཚེར་བའི་སྐྱེས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་ཀུན་གྱི་ངག་ནས་རླུང་ལྟར་གྲགས། དེ་རྗེས་ཆུ་ཁྱི་སྤྱི་ལོ ༡༩༨༢ ལོར་ཁོང་གཙང་གྲོལ་ཐོབ་རྗེས་ཕ་ཡུལ་དང་ཀླུ་དགོན་ལ་ཕེབས་ནས་མཚམས་པ་རྣམ་གཉིས་ཞལ་མཇལ་གནང་བ་དང་གདམས་ངག་མང་པོ་གསན་འདུག །དེ་རྗེས་ཀོང་ཡུལ་དུ་དམིགས་ཀྱིས་ཕེབས་ནས་ཀོང་པོ་བོན་རིའི་ཕྱོགས་བཞིའི་བཀའ་རྟགས་རང་བྱོན་རྣམས་མཇལ་བཞིན་ཞབས་སྐོར་ཞིག་ཕེབས་པར་གནང་ཞིང་སླད་ཕྱིན་ཀོང་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེར་གནང་བ་དང་འབྲེལ། མ་འོངས་པར་འཇིག་རྟེན་འདིར་དུས་ངན་དང་རྐྱེན་ངན་མི་འབྱུང་བའི་ཐུགས་སྨོན་རྒྱ་ཆེར་གནང་བ་མ་ཟད་བོན་རིར་བརྐྱངས་ཕྱག་གཅིག་བཞེངས་འདུག །དུས་ཚོད་ཏག་ཏག་གསལ་པོ་མེད་རུང་དེའི་ཡས་མས་ཙམ་ཞིག་ལ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་དབུས་ཕུག་གསང་བ་ཡང་རྫོང་ལ་ཕེབས་སྐབས། རྐྱང་ནག་མཚམས་པ་མཐའ་ཡས་རྒྱ་མཚོས་དེར་བཞུགས་རྟེན་གསུམ་རྣམས་རྟེན་བཤད་ལེགས་པར་མཛད་དེ་སྟག་རྩེ་རི་ཁྲོད་བསྐྱར་བཞེངས་གི་གྲ་སྒྲིག་དང་ཆོག་མཆན་ཐོབ་ཡོད་རབས་སོགས་གཤེན་རིན་པོ་ཆེར་ཞུས་འདུག །དེའི་ཕྱི་ཉིན་ལྷ་འདུས་རིན་པོ་ཆེས་ནོར་སྐྱབས་རིན་པོ་ཆེ་ལ་གསུང་པ་ནི། སྟག་རྩེ་རི་ཁྲོད་གནས་སྐབས་བསྐྱར་བཞེངས་ཐུབ་མ་སོང་སྔོན་དུ་སྲིད་རྒྱལ་དགོན་ཆེན་བཞེངས་སོང་ཞེས་གསུང་། ནོར་སྐྱབས་རིན་པོ་ཆེས་ལྷ་འདུས་ལ་རྒྱུ་མཚན་ཅི་རེད་ཅེས་ཞུས་འདུག །ལྷ་འདུན་རིན་པོ་ཆེས་གསུང་དོན་མདང་དགོང་ང་ཡི་རྨིས་ལམ་དུ་མི་ཞིག་གིས་སྲིད་རྒྱལ་དགོན་ཆེན་བཞེངས་ཐུབ་ཐེས་ཞེས་ཟེར། ང་རང་གིས་སུས་རྒྱག་ཐུབ་འདུག་ཞུས་པས་ཡོན་ཏན་ལྔ་ལྡན་གྱི་མི་ཞིག་གིས་བཞེངས་སོང་ཞེས་ཉམས་སྣང་དེ་ལྟར་བྱུང་། མཚམས་དེར་ཁོང་ཡར་གཟིགས་པས་མི་འགས་ནང་ལ་ཀ་བ་མེད་པ་ཕྱི་ལ་ཆོན་ཐག་མེད་པའི་སྟོང་ཉིད་ཀྱི་གུར་ཞིག་ཕུབས་འདུག་ཅེས་གསུང་འདུག །ནོར་སྐྱབས་རིན་པོ་ཆེས་ཁྱེད་ཀྱིས་དེ་འདྲ་མ་ལབ་སྲིད་རྒྱལ་དགོན་ཆེན་སུས་བཞེངས་དགོས་རེད། སྟག་རྩེ་རི་ཁྲོད་བསྐྱར་བཞེངས་གཏན་འཁེལ་བྱུང་བ་རེད་མོད་ཅེས་གསུང་། རྗེས་སུ་རྐྱང་ནག་མཚམས་པ་མཐའ་ཡས་རྒྱ་མཚོ་མཆོག་གློ་བུར་དུ་འདས་གྲོངས་ཕྱིན་འདུག །སྐབས་དེ་ཐོག་རྣལ་འབྱོར་བ་མཁས་གྲུབ་ཉི་མ་རིན་པོ་ཆེ་མཆོག་ལྷ་སར་བཙོན་གྲོལ་ཐོབ་ན་ད་མི་ཚེ་ལྷག་མ་དེ་དོན་དམ་གྱི་དགེ་སྦྱོར་བ་ཞིག་བརྩོན་པར་དགོངས་ནས་ཁྱུང་ལུང་དངུལ་མཁར་རམ་གཙང་བཀྲ་ཤིས་སྨན་རི་དགོན་གང་རུང་ཞིག་ལ་ཕེབས་རྒྱུའི་ཐུགས་ཐག་བཅད། ལྷ་སར་ཧོར་རྒྱལ་སྲས་གཡུང་དྲུང་རྒྱལ་བ་མཆོག་མཇལ་ནས་དེ་དོན་ཞུས་པས་གཡུང་དྲུང་རྒྱལ་བས་མཁས་གྲུབ་ཉི་མ་མཆོག་ལ་ཁྱོད་ཉིད་ཀོང་པོ་བོན་རི་སྲིད་རྒྱལ་དགོན་པ་ཉམས་གསོ་བྱེད་པར་ཕེབས་དགོས་པ་ལས་གཞན་གྱི་ས་ཆ་གང་དུའང་འགྲོ་མི་ཆོག །ངས་ཁྱོད་ལ་རྒྱབ་སྐྱོར་བྱེད་གསུང་པར་བརྟེན་ཁོང་ཀོང་པོ་མ་སོང་ཀ་མེད་བྱུང་སོང་ཞེས་གསུང་འདུག །དེ་ནས་ཀོང་པོར་བྱོན་ཏེ་ཁོང་དབུས་ཕུག་མཚམས་ཆེན་ལྷ་འདུས་རིན་པོ་ཆེ་མཇལ་དུ་འགྲོ་དགོས་དགོངས་ནས་གནས་སྒོ་སར་སླེབས་སྐབས་གསོལ་བཏབ་སྨོན་ལམ་མཛད་ནས་མར་ཕེབས་སྟེ་སྲིད་རྒྱལ་སྒྲུབ་ཆུའི་ཆུ་མིག་ཏུ་སླེབས་ནས་མཆོད་པ་ཕུལ་བ་དང་གསོལ་བ་སྨོན་ལམ་བྱས། ཁོང་ལྷ་སར་བཞུགས་སྐབས་བཞེངས་མཛད་པའི་ཐང་སྐུ་དེ་དག་དབུས་ཕུག་མཚམས་ཆེན་ལྷ་འདུས་མཆོག་ལ་འབུལ་དགོས་དགོངས་ནས་རྒྱབ་ལ་ཁུར་བསྡད་ཡོད་གསུང་། དེ་ཐག་སི་ས་ལ་ལྷུང་འདུག་ཡར་ཁུར་བས་སླར་ས་ལ་ལྷུང་བ་ཐེངས་གསུམ་ཙམ་རེད་འགུས་ང་རང་གིས་བསམ་པར་ཐང་སྐུ་འདི་དག་ང་རང་གིས་བདག་པོ་རྒྱག་དགོས་པ་འདྲ་དྲན་བྱུང་དོད་ས་ལ་ལུག་མ་སོང་གསུང་། ཁོང་གིས་འདིར་བཞུགས་ནས་རྟེན་འབྲེལ་ཡོད་པར་སྙམ་འགུས་གསུང་། དེ་ནས་དབུས་ཕུག་མཚམས་ཆེན་ལྷ་འདུས་རིན་པོ་ཆེའི་མདུན་དུ་ཕེབས་ནས་ཞག་བཞུགས་མཛད། དེའི་ཕྱི་ཉིན་ལྷ་འདུས་རིན་པོ་ཆེ་ནས་རྣལ་འབྱོར་པ་མཁས་གྲུབ་ཉི་མ་མཆོག་ལ་ཞུས་དོན། མདང་དགོང་ང་ཡི་རྨིས་ལམ་དུ་ངེད་གཉིས་ཤིང་གསེབ་ཅིག་ཏུ་ཕྱིན་པ་ཡིན་གློ་བུར་དུ་དགོན་པ་ཁྲ་འཁྱིལ་ལེ་ཞིག་གྲུབ་འདུག་པ་རྨིས་བྱུང་། ཁྱེད་ཉིད་འདིར་བཞུགས་ཏེ་བསྟན་པ་སྤེལ་ནས་རྟེན་འབྲེལ་ཆེན་པོ་ཡོད་རབས་གསུང་འདུག །དེ་བཞིན་བོན་སྐྱབས་རིན་པོ་ཆེས་ཀྱང་ཁོང་ལ་སྟག་ལའི་སྤྲུལ་སྐུ་ཡིན་ཚུལ་དང་སྲིད་རྒྱལ་དགོན་ཆེན་ལ་བཞུགས་དགོས་ཚུལ་སོགས་གསུང་པར་གྲགས། གོང་ལྟར་ཁོང་ཉིད་རྒྱལ་སྲས་གཡུང་དྲུང་རྒྱལ་བ་དང་མཚམས་ཆེན་ལྷ་འདུན་རྟོགས་ལྡན་ནོར་སྐྱབས་སོགས་བླ་མ་སྐྱེས་ཆེན་མང་པོའི་ཐུགས་འདུན་དང་འབྲེལ་རྟོགས་ལྡན་ནོར་སྐྱབས་རིན་པོ་ཆེ་དང་ལྷན་དུ་སྲིད་རྒྱལ་དགོན་ཆེན་བསྐྱར་གསོ་བྱེད་རྒྱུ་ཐུགས་གྲོས་བྱུང་ན་བླ་མ་ཁོང་ཡར་ལྷ་སར་ཅིག་ཕེབས་དགོས་བྱུང་བ་དང་། མགྱོགས་པོ་མར་ཕེབས་ནས་དགོན་ཆེན་བཞེང་རྒྱུའི་ཐུགས་དགོངས་རྒྱ་ཆེན་གནང་། ཆུ་ཕག་སྤྱི་ལོ་༡༩༨༣ལོར་ཀོང་པོ་བོན་རིར་བརྐྱངས་ཕྱག་གཅིག་བཞེངས་འདུག །ལོ་དེ་གར་སྐྱེས་མཆོག་ཁོང་གི་མཆེད་གྲོགས་འགྲུ་ཞིག་གྲྭ་རྒན་ཨ་སེར་རམ་སྐལ་བཟང་བློ་གྲོས་ཞེས་པ་དེ་གློ་བུར་དུ་ཞིང་ཕེབས་སྐབས་ཁོང་གིས་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་ཞེ་དགུ་ཞིག་བཟུང་པ་ཡིན་ཞེས་གསུང་གིན་འདུག །
དུས་འགྱུར་རྡུལ་འཚུབ་སྟུག་པོའི་བར་གསེང་དུ། །
བཟང་ངན་བྱ་བ་ཀུན་ལ་ཐོབ་ཤོར་སྤངས། །
ལྟོས་བཅས་འཇིག་རྟེན་བྱ་བར་ཞེ་མ་འཁྲེང་། །
དམ་པའི་རང་གཤིས་གཙང་མ་ཁམས་འདིར་གྲགས། །
བཟང་ངན་བྱ་བ་ཀུན་ལ་ཐོབ་ཤོར་སྤངས། །
ལྟོས་བཅས་འཇིག་རྟེན་བྱ་བར་ཞེ་མ་འཁྲེང་། །
དམ་པའི་རང་གཤིས་གཙང་མ་ཁམས་འདིར་གྲགས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ལོ་རབས་བརྒྱད་ཅུ་གྱ་བཞི་ནས་སྐུ་ཚེའི་མཐའ་མ་ཟིན་བར་དུ་རྣམ་ཐར། ཤིང་བྱི་སྤྱི་ལོ་༡༩༨༤ལོར་རྣལ་འབྱོར་ཆེན་པོ་མཁས་གྲུབ་ཉི་མ་དང་རྟོགས་ལྡན་ནོར་སྐྱབས་རྣམ་གཉིས་ཀྱིས་དབུ་མཛད་ནས་རྒྱབ་ཁབ་ཀྱིས་ཆོག་མཆན་གནང་བ་དང་འབྲེལ་སྲིད་རྒྱལ་དགོན་ཆེན་ཉམས་གསོའི་འགྲོ་གྲོན་སྒོར་ཁྲི་ལྔ་གནང་བ་དེ་རྨང་གཞི་བྱས་པའི་ཐོག །རང་ནུས་ཡོད་རྒུ་གཏོང་སྟེ་ཇ་ཁང་དང་གྲྭ་ཤག་སོགས་རིམ་བཞིན་གྲུབ་པར་བྱས། ཤིང་གླང་སྤྱི་ལོ་༡༩༨༥ལོར་འདུག་ཁང་ཆེ་བ་གྲུབ་པ་དང་། དེ་རྗེས་ནང་རྟེན་རྟོགས་ལྡན་རི་པ་འབྲུག་གསས་ཀྱི་སྐུ་གདུང་ཆེ་མོ་དང་སྟག་ལ་བྱམས་མ་སྟོན་པའི་སྐུ། དེ་བཞིན་རྒྱལ་བའི་བཀའ་དང་བཀའ་བརྟེན་པོད་གྲངས་མང་པོ་བཞེངས་བསྐྲུན་དང་རྟོགས་ལྡན་རི་པ་འབྲུག་གསས་སྒྲུབ་ཕུག་སོགས་བསྐྱར་བཞེང་ལེགས་པར་མཛད། མེ་སྟག་སྤྱི་ལོ་༡༩༨༦ལོར་སྨན་རིའི་དཔོན་སློབ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་བོད་ལ་ཞབས་གསོལ་འཁོད་པ་དང་བསྟུན་རྟོགས་ལྡན་ནོར་སྐྱབས་དང་རྣལ་འབྱོར་བ་མཁས་གྲུབ་ཉི་མ་རྣམ་གཉིས་ཀྱིས་སྲིད་རྒྱལ་དགོན་ཆེན་དུ་གདན་འདྲེན་ཞུས། ཡོངས་འཛིན་མཆོག་ནས་སྲིད་རྒྱལ་དགོན་ཆེན་ལ་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་སྤུས་ལེགས་ཤིག་རྟེན་བཞག་གནང་། དགེ་འདུན་ཡོངས་ལ་མང་ཇ་དང་སྐུ་འགྱེད་སོགས་གྱ་ནོམ་པ་མཛད་པ་མ་ཟད་དབང་དང་ལུང་བྱང་ཆེན་བཞུས་པ་སོགས་འགྲོ་བའི་དོན་རྒྱ་ཆེན་མཛད་འདུག །གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོར་གྲྭ་པ་བཅུ་གསུམ་དང་དགེ་མ་བཅུ་གཉིས་བཅས་ལ་རབ་བྱུང་གི་སྡོམ་པ་གནང་བ་དང་། གང་བླང་བའི་ཚུལ་ཁྲིམས་ཀྱི་སྤང་བླང་རྣམ་བཞག་སོགས་བཀའ་སློབ་བླ་མེད་གནང་། “སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་ང་ཚོ་སྲིད་རྒྱལ་དགོན་ཆེན་གྱི་བླ་མ་རྣམ་གཉིས་ཕན་ཚུན་ཐུགས་མཐུན་ཧ་ཅང་ཟབ་པ་དང་ཕྱག་བྲེལ་ཆེན་པོ་འདུག །དེའི་ནང་ནས་མཁས་གྲུབ་ཉི་མ་ཁོང་ལ་ཕྱག་བྲེལ་ཆེན་པོ་ཡོད་རུང་ཁོང་གི་རྩ་བའི་དམིགས་ཡུལ་ནི་གནས་དེར་སྒྲུབ་པ་ཉམས་ལེན་ཁོ་ན་བྱེད་ས་ཞིག་ཡོང་བར་བརྩོན་བཞིན་འདུག །ཅེས་དང་། ཐུགས་འདུན་དེར་གཞིར་བཟུང་ཕྱིས་སུ་སྲིད་རྒྱལ་དགོན་དུ་ཉི་མའི་འོད་ཅེས་པའི་གནས་དེར་སྟོབས་ཀྱི་རྒྱལ་པོ་དང་ལྷན་དུ་ཡུན་རིང་སྐུ་མཚམས་སུ་བཞུགས་གནང་འདུག །མདོར་ན་སྐུ་ཚེ་གང་པོར་སྐུ་མཚམས་དང་ཡ་མ་བྲལ་བར་བསྟན་དོན་བསྐྱངས་འདུག །”ཅེས་ཡོངས་འཛིན་མཆོག་གི་རྣམ་ཐར་ལས་གསལ། ཡང་དེ་ཉིད་ལས། “སྐབས་དེར་ཁོང་སྲིད་གཞུང་ནས་སྲིད་གྲོས་ཀྱི་འགན་ཁུར་གནང་དགོས་པའི་བསྐུལ་མ་གཏོང་ཡང་དེ་དག་གང་ཡང་ཐུགས་འགན་མ་བཞེས་པ་དང་། ཁོང་གི་ཐུགས་འདུན་ངོ་མ་དེ་ཚེ་དང་སྒྲུབ་པ་མཉམ་བསྐྱེལ་མཛད་རྒྱུ་དེ་ལས་གཞན་པའི་སྲིད་དོན་ཐད་ཇུས་གཏོགས་རྩ་བ་ནས་གནང་འདོད་མེད་པ་དེ་རེད་འདུག །ཅེས་དང་ཡང་དེ་ཉིད་ལས། སྐབས་དེར་སྲིད་རྒྱལ་དགོན་ཆེན་བསྐྱར་བཞེངས་ཆོག་མཆན་ཐོབ་ནས་འགོ་བཙུགས་ཚར་ཙམ་རེད་འདུག །སྔ་དུས་བླ་སྤྲུལ་མཁན་གསུམ་དང་དད་ལྡན་མང་ཚོགས་མང་པོ་འཛོམ་སའི་གནས་རི་བྱིན་ཅན་དེར་བླ་རྒན་གྲྭ་རྒན་རེ་ཟུང་ཙམ་ལས་མཐོང་རྒྱུ་མེད་ཅིང་དགོན་སྡེ་ཕལ་ཆེ་བ་ཞིག་རོ་ཙམ་ལས་མེད་པ་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་གསུང་། དུས་སྐབས་དེར་ཡོངས་འཛིན་རིན་པོ་ཆེ་ཆེད་ཕེབས་གནང་དུས་ས་གནས་དེའི་བསྟན་པའི་བདག་པོ་གཙོ་བོ་ཁོང་རྣམ་གཉིས་ཆགས་བསྡད་ཡོད་པ་དང་ཕྱིས་སུ་བླ་མ་མང་པོ་ཕེབས་ཡོད་ངེས་རེད།”ཅེས་སོགས་འཁོད་འདུག །ཁོང་གིས་གསུང་དུས་ཀོང་པོ་བོན་རིའི་ཁོར་ཡུག་གནས་པའི་ལྷ་རི་གྱང་ཐོ་དགོན་དང་སྐུ་ཤུག་དགོན་སྟག་བྲོ་ས་དགོན་བཅས་ཉམས་གསོ་སྐོར་ཁོང་གིས་འབྲེལ་ཡོད་སྲིད་གཞུང་ལ་ཆོག་མཆན་ཞུས་པ་དང་འབྲེལ་གོང་རིམ་སྲིད་གཞུང་གིས་རིམ་བཞིན་དུ་ཆོག་མཆན་རགས་བྱུང་ལ་བསྟན་སྲུང་སྨུག་མོ་སྲིད་རྒྱལ་གྱི་དགོན་གནས་རྫོང་ཆུང་སྟེང་དགོན་ཐེངས་མང་གོང་རིམ་ལ་ཡར་ཞུ་བྱས་པ་ཡིན་དེ་དོན་དག་འགྲུབ་མ་སོང་གསུང་། དགོན་ཆེན་དུ་འབྲུག་གསས་རྒྱལ་བའི་མཚམས་ཁང་མདུན་དུ་དབྱར་དགུན་མེད་པར་མེ་ཏོག་སེར་པོ་ཞིག་སྐྱེ་བཞིན་ཡོད་པ་དེ། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དགོན་འདིར་ཕེབས་སྐབས་དགོན་གནས་འདིར་གནས་མཆོག་འོལ་མོ་ལུང་རིང་གི་ཡོན་ཏན་མཉམ་པ་ཡིན་དུས་བཞི་ཆ་མཉམ་པའི་རྟགས་སུ་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་མེ་ཏོག་སེར་ཆེན་ཞིག་བཞེད་པ་འདིར་མཚོན་ཡོད་ཅེས་གསུང་ཡོད་པས། ཕྱིས་སུ་རྣལ་འབྱོར་པ་མཁས་གྲུབ་ཉི་མས་དད་ལྡན་འགའ་ལ་ཡོངས་འཛིན་ཆེ་མོའི་ཞལ་ནས་དེ་འདྲ་གསུང་བྱུང་ཅེས་གསུང་འདུག །དགོན་གནས་ཁྱད་པར་འཕགས་པ་འདིར་སྐོར་བ་དང་ཕྱག་འཚལ་སྒྲུབ་གནས་བྱས་ན་ལམ་མྱུར་བ་དང་སྒྲུབ་རྟགས་ཆེ་བ་སོགས་ཐོན་རྒྱུ་ཡོད་པ་ཀུན་གྱིས་དད་འདུན་མོས་གསུམ་གྱི་སྒོ་ནས་འདིར་ཉམས་ལེན་གནང་དགོས་ཞེས་སོགས་གསུང་འདུག །
དེ་རྗེས་དུས་ཚོད་གསལ་པོ་མི་འདུག་ཁོང་ཀླུ་ཕུག་དགོན་དུ་གདན་འདྲེན་ཞུས་ནས་ཀླུ་ཕུག་དགོན་གྱི་མཁར་དམར་ནོར་བུའི་ཕོ་བྲང་ནང་དུ་གཙོ་ལྷ་གཤེན་རབ་རྣམ་པར་རྒྱལ་བའི་སྐུ་བརྙན་དང་གཤེན་ལྷ་བྱམས་མ་སོགས་གཟུངས་བཞུགས་ཕུལ་བ་དང་སྤྱན་འབྱེད་པར་ཕེབས། དེ་རྗེས་དམ་པ་ཁོང་ཉིད་བར་སྐབས་ཤིག་ཏུ་སོག་སྡེར་འབུལ་ལྡོམ་ཕེབས་པ་དང་བསྟུན། ཀླུ་དགོན་དུ་ཕེབས་ནས་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེའི་མདུན་དུ་སྟག་ལ་དང་དབལ་གསས་བྱམས་མ་བཅས་ཀྱི་དབང་ལུང་ཞུས་འདུག །ས་འབྲུག་སྤྱི་ལོ་༡༩༨༨ལོར་དམ་པ་ཁོང་དང་ནོར་སྐྱབས་ལྷ་འདུས་བཅས་གྲྭ་སློབ་མང་པོ་ཞིག་གྲྭ་ས་སྨན་རིར་ཕེབས་ནས་སྒྲིག་བཞུགས་མཛད་དེ་འདུས་སྡེར་མང་ཇ་སྐུ་འགྱེད་སོགས་མཆོད་འབུལ་བླ་མེད་མཛད། དེ་ནས་མཁར་སྣ་དང་གཤེན་ཚང་གསེར་སྒོ་ཁྲ་མོ་དར་ལྡིང་དགོན་གྲྭ་ས་འོག་མ་གཡུང་དྲུང་གླིང་སོགས་ཕེབས་ནས་མཆོད་མཇལ་དང་མང་ཇ་སྐུ་འགྱེད་སོགས་ཕུལ། ས་སྦྲུལ་སྤྱི་ལོ་༡༩༨༩ལོར་བོན་རི་ཡང་དགོན་སྨིན་གྲོལ་གླིང་དུ་མཚམས་ཁང་བསྐྱར་གསོ་གནང་འདུག །ཁོང་གིས་སྔ་ཕྱིར་ཡི་དམ་བྱམས་མ་ཆེ་མོའི་སྐུ་མཚམས་བཞུགས་ཏེ་བསྙེན་སྒྲུབ་ཁོ་ནར་བརྩོན། སྐུ་ཚེའི་མཐའ་མ་ཟིན་བར་དུ་ཡི་དམ་བྱམས་མ་ཆེ་མོའི་བསྙེན་པ་བྱེ་བ་དྲུག་ལྷག་སྒྲུབ་འདུག །ལོ་དེ་གར་རིན་པོ་ཆེ་ཁོང་དང་རྟོགས་ལྡན་ནོར་སྐྱབས་ལྷ་འདུས་བཅས་བླ་སློབ་མང་པོ་སྟོད་གངས་རི་མཚོ་གསུམ་དང་ཁྱུང་ལུང་དངུལ་མཁར་དབལ་བོན་ཁོག་སོགས་ཕེབས་བཞུགས་མཛད་ནས་དགོན་སྡེ་ཁག་ལ་སྐུ་འགྱེད་དང་མང་ཇ་སོགས་མཆོད་སྦྱིན་རྒྱ་ཆེན་ཕུལ། དེ་རྗེས་སུ་ཀླུ་ཕུག་དགོན་དུ་སྒྲུབ་ཆེན་ཆེ་མོར་ཆེད་ཕེབས་གནང་འདུག་དེའི་མཇུག་ཏུ་ཕྱིར་སྲིད་རྒྱལ་དགོན་ཆེན་དུ་ཕེབས། དེའི་དགུན་ཁར་ཨ་སྐྱིད་སྔགས་འཆང་ཡོན་ཏན་རྒྱལ་མཚན་མཆོག་གདན་འདྲེན་ཞུས་ན་བོན་རི་སྲིད་རྒྱལ་དགོན་དུ་དབལ་ཆུ་ཐེངས་དང་པོ་སྐོལ་སྐབས། རྣལ་འབྱོར་པ་མཁས་གྲུབ་ཉི་མའི་དགོངས་ལམ་དུ་བུད་མེད་ནག་མོ་ལག་ན་ཁྲག་གཞོང་ཐོག་པ་ཞིག་གིས་དེར་འདུས་ཁྲོམ་ཚོགས་ཚང་མ་ལ་ཁྲག་བླུད་པ་ཞིག་རྨིས་བྱུང་ཁོང་ནི་ནུས་མཐུ་ཆེ་བའི་སྔགས་འཆང་ཞིག་རེད་འདུག་ཅེས་གསུང་། ལྕགས་ལུག་སྤྱི་ལོ་༡༩༩༡ལོར་སྤ་ཚང་དགོན་དུ་ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་མཆོག་གི་མདུན་དུ་ཤར་རྫའི་བཀའ་འབུམ་ཁྲིད་ལུང་ཆ་ཚང་ཞུས་དེ་ནས་ཡར་རག་ཤི་རྟོགས་ལྡན་མདུན་དུ་བྱོན་ཏེ་ཚེ་དབང་བོད་ཡུལ་མའི་དབང་དང་འཕོ་ཁྲིད་སོགས་ཞུས་ནས་རག་ཤི་ཀུན་བཟང་ལྷུན་འགྲུབ་མདུན་དུ་བྱམས་མའི་སྒྲུབ་སྐོར་ལུང་ཆ་ཚང་གསན་གནང་མཛད་འདུག །ཆུ་སྤྲེལ་སྤྱི་ལོ་༡༩༩༢བླ་མ་ཁོང་གིས་རྒྱལ་བའི་བཀའ་རིན་པོ་ཆེ་ལུང་རྒྱུན་སྤེལ་བ་དགོངས་བཞེད་ཀྱིས་ཀླུ་ཕུག་དགོན་གྱི་རྣལ་འབྱོར་བ་གཙང་བཙུན་གཡུང་དྲུང་བསྟན་འཛིན་ཆེད་དུ་གདན་འདྲེན་ཞུས་ཏེ་ཀྱུང་བཙུན་ཀུན་ཁྱབ་སྙིང་པོ་མཉམ་དུ་རྒྱལ་བའི་བཀའ་འགྱུར་ལུང་ཆ་ཚང་སྤེལ་གནང་མཛད་ཡོད་ལུང་རྒྱུད་གསན་སྐབས་སུ་ཁ་གཏམ་ལག་རྩེད་སོགས་བྱེད་རྒྱུ་ཕར་ཞོག་ཕྲེང་མ་དང་ལག་སྐོར་སོགས་ཁྱེར་མི་ཆོག་པ་མ་ཚད་སྒྲ་གདངས་ལ་བློ་རྩེ་གཅིག་ཏུ་གཏད་ཀྱིས་ཉམས་ལེན་ལ་སྦྲེལ་དགོས་གསུང་བ་ཇི་བཞིན་དུ་གསན་པ་པོ་རྣམས་ཀྱིས་གསན་པས་ལུང་རྒྱུན་འདི་ནི་ཤིན་ཏུ་ལེགས་པོ་ཞིག་གྲུབ་ནས་ལུང་རྒྱུན་དེ་ད་ལྟའང་གཡུང་དྲུང་བོན་གྱི་དགོན་སྡེ་མང་པོ་ལ་མ་ཉམས་གོང་འཕེལ་དར་ཁྱབ་ཆེན་པོ་བྱུང་འདུག །བླ་མ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བརྟེན་འགྱུར་ནང་མཁོ་ཆོག་སྐོར་ཟླ་གཉིས་ཙམ་ལུང་གསུང་པ་དང་བླ་མ་ཁོང་གིས་ཤར་རྫའི་གསུང་འབུམ་ཆ་ཚང་ཉིན་ཉི་ཤུ་རིང་དུ་ལུང་ཆ་ཚང་གསུང་འདུག །ཆུ་བྱ་སྤྱི་ལོ་༡༩༩༣ལོར་ལྷ་རི་གྱང་ཐོའི་དགོན་པ་གསར་བཞེངས་མཛད་སྐབས་ཁོང་དང་དབུས་ཕུག་མཚམས་ཆེན་ལྷ་འདུས་རྣམ་གཉིས་དེར་ཆེད་ཕེབས་གནང་ནས་ཁང་གསོལ་རབ་གནས་དང་བླ་མ་སྐལ་བཟང་བསྟན་འཛིན་ལ་དགོན་འདིར་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དགོས་ཚུལ་སོགས་བཀའ་སློབ་དང་ཕྱག་ལས་རྒྱ་ཆེན་གནང་འདུག །ཤིང་ཁྱི་སྤྱི་ལོ་༡༩༩༤ལོར་རིན་པོ་ཆེ་ཁོང་ལྗོངས་ཡོངས་སུ་དགོན་སྡེ་བདག་གཉེར་བྱེད་པའི་ཕུལ་བྱུང་མི་སྒེར་ལ་བདམས་ཐོན་བྱུང་བ་དང་ལོ་དེ་གར་ནང་སར་པེ་ཅིང་དང་ཧྲང་ཧེ་ཁྲི་འདུ་གླང་ཆེན་འགྱིང་རི་སོགས་ལྟག་སྐོར་ཕེབས་འདུག །བར་སྐབས་ཤིག་ཏུ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་བོད་ལྗོངས་སུ་ཕེབས་ནས་གནས་ཆེན་ཀོང་པོ་བོན་རི་སྟག་རྩེ་དགོན་དུ་ཆིབས་བསྒྱུར་གནང་སྐབས་བླ་མ་ཁོང་བོན་རི་ཡང་དགོན་སྨིན་གྲོལ་གླིང་དུ་བཞུགས་ཡོད་ཀྱང་ཆེད་ཕེབས་གནང་སྟེ་མཁན་ཆེན་ཁྲི་འཛིན་མཆོག་གི་སྐུ་མདུན་ཁྲིམས་ཆེན་ཉིས་བརྒྱ་ལྔ་བཅུ་བཞེས་འདུག །མཁན་ཆེན་མཆོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཚུལ་བཀའ་སློབ་ཟབ་རྒྱས་གནང་བར་གསན་པ་མ་ཟད་ཁྲིད་ལུང་འགའ་ཤས་ཞུས་འདུག །དེ་རྗེས་ཁོང་གིས་དབུས་ཕུག་གསང་བའི་གནས་ལྷ་འདུས་རིན་པོ་ཆེ་སྐུ་མདུན་མ་རྒྱུད་དབང་བཞི་དང་སྐུ་གསུམ་རང་ཤར། སྡེ་འདུས། དབལ་གསས་བཅས་དབང་ལུང་ནོད་སྐབས་མཚམས་ཆེན་ལྷ་འདུས་ནས་རྣལ་འབྱོར་བ་མཁས་གྲུབ་ཉི་མ་མཆོག་ལ་བསྟན་འགྲོའི་དོན་ཆེན་མཐའ་རུ་ཕྱིན་པའི་སྨོན་ལམ་དང་ཞབས་བརྟན་ཕུལ་བ་ནི། རིན་པོ་ཆེ་ཁོང་གིས་དབུས་ཕུག་ཏུ་ལྷ་འདུན་རིན་པོ་ཆེའི་དྲུང་དུ་མ་རྒྱུད་དབང་བཞི་དང་། སྲིད་རྒྱལ་དགོན་ཆེན་དུ་རིན་པོ་ཆེས་གྲྭ་སློབ་མང་པོར་མཉམ་དུ་མེ་རིའི་དབང་གནང་འདུག །
ཨེ་མ་ཧོ། ཡེ་ནས་ཀ་དག་འོད་ཟེར་ཡོངས་ལ་ཁྱབ། །
དབྱིངས་རིག་དགོངས་པ་སྟོང་གསལ་མཁའ་ལ་ཤར། །
སྒྲིབ་མེད་འོད་གསལ་སྟོང་གསལ་དབྱིངས་སུ་གསལ། །
བདག་ཞལ་བདག་མཐོང་ལྷ་ཚོགས་ལ་བཞེངས་པ། །
མཁས་གྲུབ་ཉི་མའི་ཞབས་ལ་གསོལ་བར་འདེབས། །
དབྱིངས་རིག་དགོངས་པ་སྟོང་གསལ་མཁའ་ལ་ཤར། །
སྒྲིབ་མེད་འོད་གསལ་སྟོང་གསལ་དབྱིངས་སུ་གསལ། །
བདག་ཞལ་བདག་མཐོང་ལྷ་ཚོགས་ལ་བཞེངས་པ། །
མཁས་གྲུབ་ཉི་མའི་ཞབས་ལ་གསོལ་བར་འདེབས། །
ཞེས་པ་འདི་ནི་དབུས་ཕུག་གསང་བ་ཡང་རྫོང་དུ་གསང་སྔགས་མ་རྒྱུད་དབང་བཞི་ནོད་སྐབས་མཚམས་ཆེན་ལྷ་འདུས་རིན་པོ་ཆེས་དགོངས་པ་སྟོང་གསལ་ངང་ནས་བཞུགས་བཞིན་གསུངས་སོ་ཞེས་འཁོད་འདུག །བར་སྐབས་ཤིག་ཏུ་རིན་པོ་ཁོང་གིས་ཞང་ཞུང་སྙན་རྒྱུད་དང་སྐྱ་རི་སྨུག་རི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་བྲུ་ཡི་ཨ་ཁྲིད་ཆེ་མོ་དེ་བཞིན་མ་རྒྱུད་གཞི་ལམ་འབྲས་གསུམ་བཅས་དགོན་བཞུགས་གྲྭ་སློབ་དང་ཕྱོགས་གཞན་ནས་ཕེབས་པའི་བླ་གྲྭ་ཀུན་ལ་ཁྲིད་ལུང་རྒྱས་པ་གསུང་འདུག །ཤིང་ཕག་སྤྱི་ལོ་༡༩༩༥ལོར་སེ་ཆེན་ཧོར་གྱི་རྒྱལ་ཁམས་འབྲོག་ཤོག་སྟོད་སྨད་གཉིས་ལ་སྔར་ཀུན་གྲོལ་ཧཱུྃ་ཆེན་མཆོག་ནས་བཞེངས་བཀོད་གནང་པའི་མཆོད་རྟེན་གཉིས་ཉམས་གསོ་དགོས་པར་དམིགས་ཏེ། ཧོར་སྲས་གཡུང་དྲུང་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྔར་ཡོད་ཕུར་པ་དང་སྟག་ལའི་མཆོད་རྟེན་གཉིས་བསྐྱར་བཞེངས་བྱ་རྒྱུའི་གོང་རིམ་ནས་ཆོག་མཆན་ཐོབ་པར་རྒྱུད་ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་དང་བོན་རི་སྲིད་རྒྱལ་དགོན་གྱི་དབུ་བླ་མཁས་གྲུབ་ཉི་མ་རྣམ་གཉིས་ཆེད་དུ་གདན་ཞུས་གནང་། དེའི་སྐབས་དང་བསྟུན་ན་རྣལ་འབྱོར་བ་མཁས་གྲུབ་ཉི་མ་མཆོག་དང་མཚམས་ཆེན་ལྷ་འདུས་རྣམ་གཉིས་རྟ་རྫ་ཉི་མ་ལུང་དུ་༧རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་དྲུང་ནས་བླ་མེད་རྫོགས་པ་ཆེན་པོའི་དབང་བཞི་དང་མེ་རིའི་དབང་སོགས་བུམ་པ་གང་བྱོན་ཚུལ་དུ་ནོད། དེ་ནས་མཁས་གྲུབ་ཉི་མ་རིན་པོ་ཆེ་མཆོག་འབྲོག་ཤོག་སྟོད་སྨད་གཉིས་ཀྱི་མཆོད་རྟེན་བསྐྱར་བཞེངས་དབུ་བཟུང་ནས་མཆོད་རྟེན་གཉིས་ཀྱི་ཆག་ཚད་གཟུངས་གཞུག་དྲེག་པ་ཟིལ་གནོན་འཁོར་ལོ་སོགས་འབྲི་བཞེངས་བྱས་ནས་འགོ་ནས་མཇུག་མངའ་དབུལ་རབ་གནས་མ་གྲུབ་བར་དུ་གཙོ་འགན་བཞེས་ནས་ལེགས་གྲུབ་མཛད་དེ་མཐར་སྲིད་རྒྱལ་དགོན་ཆེན་དུ་ཞབས་སོར་འཁོད། བར་དུ་རིན་པོ་ཆེ་ཁོང་ལོ་མང་རིང་བོན་རི་ཡང་དགོན་དུ་བྱམས་མའི་བསྙེན་སྒྲུབ་གཞུང་སྲོང་སྟེ་ཐུན་བཞིའི་ཉམས་ལེན་གནང་བ་མ་ཟད། བོན་རི་སྲིད་རྒྱལ་དགོན་གྱི་བསྟན་དོན་སྤྱི་ལ་ཐུགས་འགན་ཡོངས་སུ་བཞེས་ཡོད། སྤྱི་ལོ་༡༩༩༩ལོར་ཉིང་ཁྲི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས། ལོ་དེ་གར་སྲིད་གྲོས་ཉིང་ཁྲི་རྫོང་སྐབས་ལྔ་པའི་ཉིང་ཁྲི་རྫོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས། དེ་མིན་ཁོང་སྐུ་འཚོ་བཞུགས་སྐབས་སྟག་རྩེ་ཤའང་མི་དམངས་འཐུས་མིས་ཕྱག་ལས་གནང་ཡོད། དེ་རྗེས་ཁོང་ཉིང་ཁྲི་རྫོང་སྲིད་གྲོས་ཨུ་ཡོན་དང་། རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གནང་བ་མ་ཟད། ས་ཁུལ་སྲིད་གྲོས་ཨུ་ཡོན་དང་ཆོས་ཚོགས་ཀྱི་ཨུ་ཡོན། ལྗོངས་ནང་བསྟན་འཐུན་ཚོགས་ཀྱི་ཨུ་ཡོན་བཅས་ཀྱི་ལས་གནས་བཞེས་འདུག བར་སྐབས་ཞིག་ཏུ་རིན་པོ་ཆེ་ཁོང་གིས་སྲིད་རྒྱལ་དགོན་ཆེན་དུ་ཀླུ་དགོན་མཁན་རབས་བཅུ་གཅིག་པ་སྐྱབས་རྗེ་ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེའི་མདུན་དུ་གེ་ཁོད་དང་དབལ་གསས་སྟག་ལའི་དབང་བཅས་ཞུས་འདུག །ཆུ་རྟ་སྤྱི་ལོ་༢༠༠༢ལོར་ཀུན་གྲོལ་ལྷ་སྲས་མཆོག་ཀོང་པོ་སྟག་ཙེ་དགོན་པར་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ཁྲི་བཞེངས་ཕེབས་སྐབས། སྲིད་རྒྱལ་དགོན་ཆེན་དབུ་བླ་མཁས་གྲུབ་ཉི་མ་མཆོག་གིས་ཀུན་གྲོལ་ལྷ་སྲས་མཆོག་བོན་རི་སྲིད་རྒྱལ་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་སྲིད་རྒྱལ་དྲེའུ་དམར་ནག་གི་དབང་ལུང་ཞུས་འདུག །ལོ་དེ་གར་དམ་པ་ཁོང་གིས་ཨ་སྐྱིད་སྔགས་འཆང་ཡོན་ཏན་རྒྱལ་མཚན་མཆོག་བོན་རི་སྲིད་རྒྱལ་དགོན་དུ་གདན་དྲངས་ནས་དབལ་ཆུ་ཐེངས་གཉིས་པ་སྐོལ་སྐབས་དམ་པ་ཁོང་གི་དགོངས་ལམ་དུ་སྒོ་འགྲམ་དུ་བུད་མེད་རལ་པ་ལྷུག་པ་ཞིག་གིས་ལག་གཡས་གཡོན་དུ་བྱིས་པའི་བམ་རོ་བཟུང་ནས་ཟ་བ་ཞིག་རྨིས་སོང་ཁོང་ནི་སྔགས་འཆང་ནུས་ལྡན་ཞིག་ཡིན་ས་རེད་ཅེས་གསུང་འདུག །བར་སྐབས་ཤིག་ཏུ་བྱ་ཁྱུང་དགོན་པའི་བླ་མ་བོན་སྐྱབས་རིན་པོ་ཆེ་ཞིང་གཞན་ལ་ཕེབས་སྐབས་རིན་པོ་ཆེ་ཁོང་དེར་གདུང་འདབས་མཆོད་འབུལ་དང་། སྐུ་གདུང་གཟུངས་གཞུག་ཕུལ་བ་སོགས་ཕེབས་འདུག །དམ་པ་ཁོང་གིས་འགྱེལ་རི་དགོན་གྱི་བླ་མ་ཡེ་ཤེས་ཐབས་མཁས་ལ་གསུང་དོན་ང་ཚོ་ལ་གར་ཞབས་རྗེས་མཇལ་མཉམ་དུ་འགྲོ་གསུང་བྱུང་ཡིན་ན་འགྲོ་རྒྱུ་བྱུང་མ་སོང་ཞེས་གསུང་གིན་འདུག །བོན་སྐྱབས་རིན་པོ་ཆེས་ཁོང་གི་མདུན་དུ་བོན་ཞུས་ཡོང་མཁན་རྣམས་ལ་གདམས་དོན་གནང་བར་ཁྱེད་ཚོས་དགོན་ཆེན་བླ་མ་མཁས་གྲུབ་ཉི་མའི་ཞལ་གསུང་ཡག་པོ་ཉན་དགོས་རེད། ཁོང་ནི་དུས་ཀྱི་འགག་འཕྲང་དུ་སྲིད་རྒྱལ་དགོན་ཆེན་ཉམས་གསོ་བྱེད་མཁན་ཉི་མའི་མིང་ཅན་ཞེས་ལུང་ཟིན་སྐྱེས་ཆེན་དམ་པ་དེ་ཁོང་རེད་ཅེས་གསུང་འདུག །རིན་པོ་ཆེ་ཁོང་གིས་དབུ་བཞུགས་གནང་སྟེ་རྩིས་སྦུག་དང་མཁར་སེ་མོ་གཉིས་ལ་སྤྱི་རིམ་ལོ་ཁ་ཤས་བཅས་འདུག །༢༠༠༤ལོ་ཡས་མས་ཙམ་ལ་ཀོང་པོ་གཡུང་དྲུང་འཛིན་བོན་རིའི་རིག་གནས་ཁང་གསར་བཞེངས་བྱས་སྐབས་ནང་རྟེན་མཛད་པ་བཅུ་གཉིས་སོགས་སྡེབ་རིས་ཆ་ཚང་རིན་པོ་ཆེ་ཁོང་གིས་ཞལ་བཀོད་གནང་འདུག །ལོ་དེ་གར་རང་སྐྱོང་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་སློབ་སྦྱོང་བྱས། ཤིང་བྱ་སྤྱི་ལོ་༢༠༠༥ལོར་ཁོང་གི་ཡབ་ཡུལ་རྫ་སྲིབ་སྡེ་བར། དེ་སྔོན་སྤྱི་ཚོགས་རྙིང་པའི་སྐབས་སྨན་རིའི་ཁྲི་འཛིན་སོ་གཅིག་པ་༧ཉི་མ་དབང་རྒྱལ་མཆོག་གི་བཞེངས་བསྐྲུན་མཛད་པའི་དབལ་ཆེན་གེ་ཁོད་རྟེན་མཁར་དུས་འགྱུར་གྱི་སྐབས་སུ་གོད་ཆགས་བྱུང་བ་དེ། བསྐྱར་བཞེངས་བྱེད་རྒྱུ་གོང་རིམ་ན་ཆོག་མཆན་ཐོབ་པར་བརྒྱུད་རིན་པོ་ཆེ་ཁོང་དེར་གདན་ཞུས་ལྟར་ཕེབས་རྒྱུའི་ཐུགས་ཐག་བཅད། སྟབས་ཅིག་ཁྱུང་པོ་རི་བོ་རྩེ་དྲུག་དགོན་དུ་ཞི་ཁྲོའི་སྒྲུབ་ཆེན་དང་དམྱལ་འཆམ་ཁང་གསོལ་མཛད་སྒོ་ཁག་ལ་གདན་ཞུས་མཛད་པ་ལྟར་ཕེབས་བཞུད་མཛད་ནས་ཉིན་བདུན་བརྒྱད་ཙམ་བཞུགས། རྩེ་དྲུག་དགོན་དུ་བཞུགས་ཞོར་ལྡེམ་གྱིམ་ཚ་རྨ་ཆུང་སྒྲུབ་ཕུག་སོགས་མཇལ། ཡར་ཕེབས་ཞོར་རྩེ་དྲུག་གནས་ཀྱི་རྒྱབ་ལོགས་སྤྲུལ་སྐུ་བློ་ལྡན་སྙིང་པོའི་ཞབས་རྗེས་སོགས་མཇལ་སྐོར་མཛད། དེ་ན་ཡར་གྲུབ་ཐོབ་བཟོད་པ་རྒྱལ་མཚན་གྱི་གདན་ས་ཞེ་གཡུང་དྲུང་དཔལ་རིར་ཕེབས་ནས་མཆོད་མཇལ་དང་མང་ཇ་སྐུ་འགྱེད་སོགས་གནང་། དེ་བཞིན་ཁྱུང་པོ་སྟེང་ཆེན་དགོན་དང་མེ་སྟོན་རི་ཁྲོད་སོགས་མཇལ་ནས་བླ་མ་རྣམས་ཕན་ཚུན་དབང་ལུང་ཟབ་གདམས་སོགས་འབུལ་རེས་དང་དགོན་སྡེའི་གྲྭ་དམངས་ཡོངས་ལ་སྐུ་འགྱེད་དང་མང་ཇ་སོགས་ཚོགས་བསགས་རྒྱ་ཆེར་གནང་འདུག །དཀར་རུ་དཔོན་གྱི་ཁྲོ་བོའི་རྡོ་འབུམ་བསྟན་མཆོག་བོན་བཀྲ་མ་མཇལ་སྐོར་མཛད། དེ་ནས་མ་ཏྲིའི་དཀྱིལ་འཁོར་རང་བྱུང་དང་སྟོང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོར་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་སྙན་དུ་རྒྱུད་སའི་གནས་ཆེན་གསའ་ཡི་བྲག་ར་དང་བློ་ལྡན་ཞབས་རྗེས་སོགས་མཇལ། སྒར་ཁང་བླ་བྲང་དང་སྐམ་ཐུགས་རྗེ་ཉི་མས་ཛོ་ཐིས་གཏེར་བཞེས་ས་གནས་ཆེན་ཕུག་ལེབ་སོགས་སྐོར་བ་དང་མཆོད་འབུལ་བླ་མེད་མཛད། དེ་བཞིན་སྒང་རིའི་རྡོ་འབུམ་ཁྲ་རིང་དང་། སྒང་རི་ཉིན་ཐ་སྟོད་མ་ཁྱུང་པོ་བླ་བྲང་དུ་བཞུགས་པའི་ཁྲོ་བོ་གཙོ་མཆོག་གི་སྐུ་ང་འདྲ་མ་བཅས་མཇལ་ཁ་དང་རྟེན་ཁྲུས་ཞུས། དེ་ནས་སྦྲ་ཆེན་རྫོང་ཡོག་རྫོང་སྒེས་ལ་ཕེབས་དེ་གར་མི་ཡི་འཐུང་ཆུ་ཆུ་མིག་ཞིག་ཡོད་པ་དེ་སྐམ་དུ་འགྲོ་ན་ཇེ་ཆུང་ཇེ་ཆུང་དུ་ཕྱིན་པའི་སྐབས་ཁོང་དེར་ཕེབས་ནས་ཀླུ་མཆོད་དང་ཀླུ་ཁྲུས་སོགས་མཛད་པས་དེས་ན་བཟུང་ཆུ་མིག་དེ་ཇེ་ཆེ་རུ་ཕྱིན་ནས་མི་ཟོག་འཐུང་ཆུ་དཀའ་ངལ་མེད་པ་བྱུང་འདུག །དེ་ནས་ཡར་ཕེབས་ཏེ་རྫ་སྲིབ་རྟ་ས་ཐང་དུ་གེ་ཁོད་རྟེན་མཁར་ནང་དུ་བཤམ་བྱའི་ནོ་བེ་འདྲེན་རྒྱུ་དང་ཤིང་རིས་འབྲི་ལུགས་གེ་ཁོད་ཞལ་ཐང་སོགས་འབྲི་ཚུལ་ལ་ལྗགས་བཀོད་གནང་ཞིང་རྫ་སྲིབ་སྤྱི་རིམ་ཆེ་མོའི་སྒར་དུ་ཕེབས་ནས་གཡག་ལུག་ར་སོགས་གྲངས་བཅུ་གསུམ་རེ་དམ་པ་དངོས་ཀྱིས་ཕྱག་བཟོ་མཛད་པ་མ་ཟད་མདའ་འཕང་སོགས་རེ་རེ་ནས་ཀྱང་ཕྱག་ལས་དང་ཞལ་བཀོད་གནང་སྟེ་མཐར་སྔར་གྱི་ར་རའི་ཁྱུང་ཉིལ་རི་བོའི་གཤམ་དུ་རྟེན་མཁར་ས་དམིགས་མ་འཆུག་པར་བསྐྱར་བཞེངས་ལེགས་པར་གནང་། སྡེ་བའི་བོན་གཤེན་རྣམས་ཀྱིས་དབལ་ཆེན་གེ་ཁོད་ཀྱི་ལས་མཐའ་ཆ་ཚང་ཕྱག་ལེན་མཛད་ནས་འགལ་རྐྱེན་མེད་པར་བདེ་བླག་ངང་ལེགས་གྲུབ་མཛད། རྟེན་མཁར་གྱི་དབྱིབས་ནི་ཞང་ཞུང་གི་མཁར་མང་བ་གཡུ་རྩེ་འམ། ཞང་ཞུང་མེ་རིའི་ཅོ་མཁར་གྱི་བཟོ་དབྱིབས་ཡིན་པར་དམ་པ་ཁོང་གིས་ལུང་གི་ཆེ་བ་བསྩལ་འདུག །མཇུག་ཏུ་རིན་པོ་ཆེ་ནས་རྣམ་པར་རྒྱལ་བའི་བཀའ་དབང་བསྩལ་བ་མ་ཟད་དད་སྦྱིན་དང་བོན་གཤེན་རྣམས་ལ་གསུང་དོན་གཡུང་དྲུང་བོན་གྱི་ཆོ་ག་ཕྱག་ལེན་དང་བསྙེན་སྒྲུབ་དེ་བཞིན་སྤྱི་རིམ་བཅའ་སྐབས་སུ་སེམས་ཅན་བཤའ་གསོད་བྱེད་མི་ཉེས་པ་དང་དེ་བཞིན་སྐུ་རིམ་སྒྲུབ་སྐབས་གང་དྲག་དྲག་གི་བསྔོ་སྨོན་དགོས་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་འདུག །དེས་ན་བཟུང་རྫ་སྲིབ་སྡེ་བའི་སྤྱི་རིམ་སྐབས་སེམས་ཅན་བཤའ་རྒྱུའི་སྲོལ་དེ་མེད་པ་བཟོད་ཡོད། དེའི་མཇུག་ཏུ་དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་དུ་ཕེབས་ནས་བཀའ་འགྱུར་ཐོག་ཁང་དུ་ཞག་གཅིག་བཞུགས་དེར་བཞུགས་བླ་གྲྭ་རྣམས་ལ་ལེགས་ཉེས་བླང་དོར་གྱི་བསླབ་བྱ་ཟབ་མོ་གནང་ན་ཕྱི་ཉིན་ཞོགས་པ་མར་རྫ་སྲིབ་ལ་ཕེབས་འདུག །ཉེ་གནས་འགའ་ལ་གསུང་གླེང་གི་ཞོར་དུ་གདམས་ངག་གནང་བ་ཡིད་ཡུལ་དུ་ཡོད་པ་ཁ་ཤས་ནི། དས་སྐྱེ་བ་འདི་ལ་སོག་ཆུ་སྔོན་མོ་མིག་གི་མཐོང་སར་སླེབས་པ་དཀའ་མོ་རེད་གསུངས་འདུག །ཡིད་སྐྱོ་དགོས་པ་ཞིག་ལ་དམ་པ་ཁོང་གི་གདམས་དོན་ལྟར་ཁོང་ཉིད་ཕ་ཡུལ་ཕྱོགས་ལ་ཕེབས་པའི་མཐའ་མཇུག་གི་ཉི་མ་ཞིག་ཡིན་པར་ཁོང་ཉིད་ཀྱི་སྒྲིབ་མེད་ཐུགས་རྒྱུད་ལ་མངའ་བའི་མངོན་ཤེས་ཀྱིས་མཁྱེན་ཡོད་ཀྱང་། བདག་འདྲའི་མ་རིག་ཚན་ཁ་རབ་ཏུ་སྟུག་པའི་འགྲོ་བ་དག་གིས་གང་ཡང་རྟོག་དཔྱོད་མ་བྱས་པ་ལུས་པ་དག་ཤིན་ཏུ་ན་ཕངས་སེམས་སྐྱེ་དགོས་པ་ཞིག་ཅི་ལ་མིན། སྐབས་དེ་དུས་ཕ་ཡུལ་རྫ་སྲིབ་སྡེ་བ་ནས་འབུལ་དངུལ་བྱུང་བ་རྣམས་ཡར་ལམ་ལྷ་ས་ནས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་ཤིག་བཞེངས་བཀོད་གནང་ནས་ཀོང་པོར་ཕེབས། ལོ་དེའི་དགུན་དུས་སུ་དམ་པ་ཁོང་གིས་ཨ་སྐྱིད་སྔགས་འཆང་ཡོན་ཏན་རྒྱལ་མཚན་མཆོག་བོན་རི་སྲིད་རྒྱལ་དགོན་དུ་གདན་དྲངས་ནས་དབལ་ཆུ་ཐེངས་གསུམ་པ་སྐོལ་འདུག །སྙིགས་དུས་འདིར་ངེས་དོན་གྱི་རྣལ་འབྱོར་དམ་པ་ཁོང་གིས་ཆེ་འདོད་གྲགས་འདོད་ཀྱི་འཛིན་པ་ཡེ་ནས་སྟོངས་ཤིང་། འཇིག་རྟེན་བོན་བརྒྱད་ལ་ཞེན་པ་གཏིང་ནས་ལོག་སྟེ་སྐྱུག་ནད་ཅན་ལ་ཟས་བསྟན་པ་ལྟ་བུའི་ངང་ཚུལ་བཟུང་ནས། གྲོགས་རང་རིག་ཡེ་ཤེས། ནོར་དགེ་སྦྱོར་རྣམ་དག །གནས་དབེན་པའི་རི་ཁྲོད་ལ་གཙིགས་ཆེན་གནང་སྟེ་ཚེ་འདིའི་བྱ་བ་བློས་གཏོང་མཁན་ངེས་པ་དོན་གྱི་རྣལ་འབྱོར་མིང་དོན་མཚུངས་པ་འདི་ལྟ་བུ་ཞིག་སྙིགས་དུས་འདིར་དཀའ་བའི་གནས་ཅི་ལ་མིན། ཉམས་རྟོགས་དགོངས་ཚད་མངོན་ཤེས་འཆར་སྣང་ཡག་སྡུག །དེ་བཞིན་མགོ་རྣ་སྙན་གྲགས་ཆེ་མདོག་གྲགས་འདོད་སོགས་ཆེད་དུ་གཉེར་ནས་སྤྲོས་པ་གཏན་ནས་མི་བྱེད་པའི་སྙིགས་དུས་འདིའི་བླ་མའི་ཡང་རྩེ་རུ་གྱུར་འདུག །ཡང་སྐབས་ཤིག་ལ། རྟོགས་ལྡན་ནོར་སྐྱབས་རིན་པོ་ཆེ་སྐུ་ལ་སྙུན་ཚུལ་ཕྲན་ཙམ་བསྟན་ནས་ཁོང་གི་ཞལ་ནས་མཁས་གྲུབ་ཉི་མ་ད་ང་རང་ཤི་གི་རེད་དམ་དྲག་གི་རེད་ཅེས་ཞལ་ཤོབ་གསུང་པར། མཁས་གྲུབ་ཉི་མ་མཆོག་གིས་མདང་དགོང་བདག་གི་རྨིས་ལམ་དུ་བོན་རི་ཀུན་བཟང་ཐུགས་ཁ་འདྲ་བ་ཞིག་ནས་ཡར་འཛེགས་པའི་སྣང་བ་ལ་བར་སྣང་ལ་ལྗིབ་གཟུགས་ཡི་གེ་ཨ་ཞིག་འཇའ་དཀར་པོའི་སྣེ་ནས་ཡར་ནམ་མཁའ་ལ་ཐིམ་པ་རྨིས་བྱུང་དས་ཁྱེད་དགོངས་པ་རྫོགས་པ་འདྲ་གསུངས་པས། དོན་ཐོག་ཏུ་རྟོགས་ལྡན་ནོར་སྐྱབས་མཆོག་དགོངས་པ་བོན་དབྱིངས་སུ་ཕེབས་འདུག །ཉིན་ཞིག་དམ་པ་ཁོང་གིས་ཞབས་འཁོར་ཇ་མ་སོགས་ལ་གསུང་དོན་དེ་རིང་ཟ་མ་མང་ཙམ་བཟོས་ཤོག་གཅིག་བྱས་ན་སྐུ་མགྲོན་ཁ་ཤས་ཡོད་འགྲོ། ཞེས་གསུང་ཞབས་ཕྱི་རྣམས་ཀྱི་དེ་རིང་སྐུ་མགྲོན་སུ་ཡོད་ན་ཞེས་ལབ་གླེང་བྱས། དེ་མཚམས་སུ་སྐབས་དེ་དུས་སྦྱིན་བདག་མང་པོ་ཞིག་གིས་ཀོང་ཡུལ་དུར་ཁྲོད་མེ་ཡི་དཀྱིལ་འཁོར་དུ་ཀུན་རིག་གཙོ་བརྒྱ་འཁོར་ཅུ་བླུག་ནས་སྲིད་རྒྱལ་དགོན་ཆེན་དུ་རྟེན་བཞག་དངུལ་རྐོང་ཆེ་བ་དང་མཎྡལ་བཅས་ཁྱེར་མཁན་སྐུ་མགྲོན་ཁ་ཤས་ཤིག་སླེབས་འདུག་ཅེས་ཞབས་འཁོར་རྣམས་ཀྱིས་བཤད་ཀྱིན་འདུག །རིན་པོ་ཆེ་ཁོང་དེར་དབུ་བཞུགས་ཕེབས་བསུ་ཞུས་འདུག །རིན་པོ་ཆེ་མཆོག་བོན་རི་ཡང་དགོན་དུ་བཞུགས་སྐབས་སུ་བྱམས་མའི་སྒྲུབ་གཏོར་ལ་ཟིལ་ཐིགས་འབྱུང་བ་སོགས་ངོ་མཚར་གྱི་ལྟས་མང་པོ་ཉེ་གནས་ཀུན་གྱི་མཐོང་ཡུལ་དུ་གྱུར། ཁོང་གིས་སྲིད་རྒྱལ་དགོན་ཆེན་དུ་རྩ་རླུང་ཞག་བརྒྱ་དང་མུན་མཚམས་ཐོད་བརྒལ་རུ་ཤན་སོགས་སྦྱངས་པ་བླ་མེད་མཛད། དེ་རྗེས་སུ་དམ་པ་ཁོང་གིས་རྩ་རླུང་ཁྲིད་ནས་དགོན་ཆེན་དུ་རྩ་རླུང་སྔ་ཕྱི་ཐེངས་གཉིས་ཙམ་འཚོགས་ཡོད་པ་མ་ཟད་མུན་མཚམས་ཐེངས་དགུ་ཙམ་ཁྲིད་ལུང་གསུང་འདུག །ཟུར་དུ་ཁོང་གིས་དེར་བཞུགས་བླ་གྲྭ་རྣམས་ལ་སྔོན་འགྲོ་དང་རྫོགས་ཆེན་ཨ་ཁྲིད་སྙན་རྒྱུད་སོགས་ཁྲིད་ལུང་གང་མང་གནང་འདུག །མདོར་ན་དམ་པ་ཁོང་གིས་རང་བས་གཞན་དོན་གཙོར་བྱས་ནས། གཡུང་དྲུང་སེམས་དཔའི་སྤྱོད་པ་བཞིན། ཞེས་གསུངས་པ་ལྟར། མཚན་བཅས་ཀྱི་དགེ་སྦྱོར་ཞལ་འདོན་དང་དགོན་སྐོར་སོགས་ཉིན་རྟག་པར་མཛད་པ་མ་ཟད་སྐབས་སུ་ཉེ་གནས་རྣམས་ལ་ཁྲིད་ལུང་གི་རྒྱུན་བསྩལ་ཞིང་ཟབ་མོ་སྤྲོས་བྲལ་གྱི་དགོངས་ཉམས་ལ་ཡེང་མེད་ཆུ་བོའི་རྒྱུན་བཞིན་བསྐྱངས། སྤྱི་ལོ་ཉིས་སྟོང་བརྒྱ་མེད་དྲུག་ཙམ་ནས་བཟུང་དམ་པ་ཁོང་ལ་སྙུང་གཞི་ལྕི་མོ་ཞིག་བཞེས་འདུག །དེ་རྗེས་དམུ་གཤེན་༧ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གཙོས་སྐྱེས་ཆེན་དུ་མས་སྐུ་ཉིད་སྙུང་གཞི་བཅོས་རྒྱ་ནག་དང་ལྷ་ས་སོགས་ཆ་རྐྱེན་ཡོད་སར་ཕེབས་དགོས་ཚུལ་སོགས་གསུང་ཀྱང་མཆོག་ཉིད་ནས་ལས་སྒྲིབ་ཀྱི་ན་ཚ་ཡིན་པར་འདི་བཅོས་དཀའ་རྒྱུ་རེད་གསུང་ནས་འབྱོན་དུ་མ་བཞེད། ཁུ་བོ་བླ་རྒན་རིན་པོ་ཆེ་ཁོང་གིས་ཕྲན་ལུང་རིག་རྒྱ་མཚོ་ལ་གསུང་པའི་བཀའ་སློབ། ཕྲན་རང་དགོན་ཆེན་དུ་ཚེ་སྒྲུབ་བྱ་རི་མ་སྒྲུབ་ན་སྡོད་སྐབས་སུ། ཉིན་ཞིག་བླ་རྒན་དང་ཨ་སྐྱིད་སྔགས་འཆང་ཕྲན་རང་ད་དུང་ཞབས་ཕྱི་བ་ཁ་ཤས་སོགས་མཉམ་དུ་འདུ་ཁང་སྒོ་འཁྱམ་མདུན་དུ་ཉིན་གུང་གསོལ་ཟས་བཞེས་སྐབས་བླ་རྒན་མཆོག་ནས་གློ་བུར་དུ་བདག་ལ་ཁྱེད་རང་སྐྱེ་བ་སྔོན་མ་སྔགས་རྒན་ཞིག་གི་སྐྱེ་ལུས་རེད་འདུག་ཁྱེད་རང་རྒྱུ་ནོར་བོར་བརླག་འགྲོ་སླ་མོ་ཡོད་བཟོ་འདུག །རྒྱུ་མཚན་ནི་སྔོན་དུ་བཀོལ་ཟས་འབོག་ཆེ་བའི་དོན་དུ་རེད། རྗེས་སུ་བསྔོ་བ་སྨོན་ལམ་བྱེད་པ་དང་བོར་བརླག་ཏུ་སོང་བའི་རྒྱུ་དངོས་ཡོད་ན་བཙལ་འཚོལ་བྱེད་རྒྱུ་དང་ཞེན་ཆགས་སོགས་ཉུང་དུ་གཏོང་དགོས་འདུག་ཅེས་གསུང་བྱུང་། དེའི་སྐབས་ཤིག་ལ་བླ་མ་ཁོང་གིས་བདག་ལ་ཁྱེད་རང་ཡང་དགོན་སྨིན་གྲོལ་གླིང་གི་བདག་པོ་བྱེད་དགོས་པའི་སྐོར་བཀའ་སློབ་མང་པོ་བསྩལ་བྱུང་གུས་པས་ཚེ་གཅིག་དང་ལེན་དགོས་ན་དཀའ་མོ་རེད་དྲན་བྱུང་། འོན་ཀྱང་རྟེན་འབྲེལ་གྱི་གནད་ཀ་འབོར་མི་ཉེས་མོད་བསམ་ན་ཁོང་ལ་རང་ནུས་གང་ཡོད་གང་ཅོག་ཅི་ཅོག་གིས་བདག་པོ་རྒྱག་ཆོག་ཞུས་པ་ཡིན། ད་དུང་ཁོང་གིས་བདག་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་རེད། ད་ལྟ་ང་ཡོད་ན་འགྲིག་པ་རེད་རྗེས་སུ་ཡོན་ཏན་མེད་ན་དཀའ་ལས་འཕྲད་པ་རེད། དགོན་འདིའི་བླ་མ་བྱེད་པར་ལས་སླ་མོ་ཡོད་མ་རེད་དགོན་པ་གཞན་དག་དང་གཏན་ན་འདྲ་ཡི་མ་རེད་ཕྱིས་སུ་ཁྱེད་རང་དགོན་འདིའི་བདག་པོ་བླ་མ་བྱེད་དགོས་པ་མ་ཟད་ངེས་པར་དུ་དུས་ཚོད་འདི་དང་འདི་གཏན་འཁེལ་བཟོ་ན་འདུག་དགོས་པ་མ་ཟད་དགོན་འདིར་སྒྲུབ་གྲྭ་ཞིག་འཛུགས་ཐུབ་པ་བྱེད་རྒྱུ་ནི་ཧ་ཀྱང་གལ་འགངས་ཆེན་པོ་ཞིག་ཡིན་ཞེས་གསུང་། དགོན་གྱི་ལོ་རྒྱུས་རྒྱས་པ་ཞིག་དགོས་འདུག་གཞན་དག་གཅིག་ལ་མངགས་བཅོལ་བྱས་ཡོད་ཅེས་གསུང་བྱུང་། གུས་པས་ལགས་སོ་ཞུས་པ་དང་ཆབ་གཅིག་ཞལ་གདམས་ཤིག་གསུང་རོགས་ཞུས་པ་ཡིན། ཡིན་ན་ཁོང་གིས་གསུང་པར་སྔོན་མ་ཁྱེད་རང་སློབ་སྦྱོང་བྱས་པ་རྣམས་ཉམས་ལེན་ཡག་པོ་གྱིས་སྤྲོས་པ་ལ་མཐའ་ཡོད་མ་རེད་མང་པོ་ཞིག་དགོས་མ་རེད་ཅེས་གསུང་ནས་བཞེངས་ཏེ་ཕེབས་སོང་། ཡང་ཉིན་ཞིག་ཕྲན་གྱིས་རིན་པོ་ཆེ་ལ་ཞུས་པར་ཁྱེད་པད་ཞུ་དང་རྨད་གོས་ཆ་ཚང་པོ་ཞིག་གསོལ་ན་སྐུ་པར་ཞིག་སྐྱོང་རོགས་ཞུས་པ་ཡིན། ཁོང་གིས་བཀའ་བཀྱོན་གནང་ན་ཞལ་བཞེས་གནང་མ་བྱུང་རྟག་ཏུ་ཁོང་ཉིད་དུས་ཚོད་ཡོད་དོ་ཅོག་ཐུན་བཞི་དང་སྤྱོད་ལམ་རྣམ་བཞི་སོགས་ཐབས་ཤེས་ཡ་མ་བྲལ་བ་བཞུགས་པ་རྗེ་ཉིད་ཀྱི་མཛད་འཕྲིན་བླ་ན་མེད་པ་ཞིག་རེད། མཚམས་རེ་སྐུ་ཡི་སྙུན་ཁམས་ཏོག་ཙམ་དྭངས་དུས་རྗེ་དབྲ་གསས་ཟླ་བ་གྲགས་པའི་རྣམ་ཐར་དང་ཞལ་གདམས་ད་དུང་སྐྱེས་ཆེན་དམ་པ་རྣམས་ཀྱིས་ལོ་རྒྱུས་དང་ཞལ་གདམ་སོགས་ཁོང་གིས་རྟག་ཏུ་འབྲལ་མེད་གཟིགས་ན་གཙིགས་ཆེན་གནང་གི་རེད། ད་དུང་ཁོང་གིས་ཕྲན་ལ་གསུང་པ་ནི་ང་ནི་ནད་གཞི་འདིས་གཏོང་བ་མི་འདུག་ཁྱེད་རང་རྒྱ་ནག་ཏུ་ནད་གཞི་བཅོས་པ་ཕེབས་གསུང་བྱུང་སྐབས་དེ་དུས་གུས་པ་རང་ཉིད་ཀྱི་ལུས་ཁམས་མི་བདེ་བ་ཏོག་ཙམ་ཡོད། ཁོང་གིས་གསུང་པར་ང་རང་གིས་བསགས་པའི་རྒྱུ་ནོར་སྣེ་གཅིག་དགོན་ལ་བཞག་རྒྱུ་མེད་ཏོག་ཙམ་ཡོད་ཚད་ཚང་མ་དགེ་ཕྱོགས་སུ་བཏང་ཟིན་པ་ཡིན་གསུང་། གཅིག་བྱས་ན་ང་རང་ཕྱིན་རྗེས་རྫ་སྲིབ་སྡེ་གཞུང་གིས་ཀུན་རིག་གཙོ་བརྒྱ་འཁོར་ཅུ་ཞིག་བླུག་སྲིད་ཅེས་གསུང་ནས་ཞལ་འཛུམ་མུལ་ལེར་བཞུགས། དེ་དག་ཚང་མ་བདག་ལ་གནང་བའི་སྐུ་ཚེའི་མཐའ་མཇུག་གི་བཀའ་སློབ་ཞལ་གདམས་རྐྱང་རྐྱང་གྱུར་སོང་བ་རེད། ལོ་ངོ་ལྔ་དྲུག་ཙམ་སྙུང་གིས་ཟིན་ནས་མཐར་ལྕགས་ཡོས་སྤྱི་ལོ་༢༠༡༡ལོའི་ཟླ་བ་༡༠པའི་ཚེས་༧དགོངས་མོ་ཤངས་ལམ་ནས་བྱང་སེམས་དཀར་དམར་བབས་པ་དང་། གསུང་གི་རྒྱུན་འགག་པ། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་ཕྱུང་བའི་ཕྱིར་རྟགས་མཚན་བཟང་པོ་དུ་མ་ཤར་བཞིན་སྤྱི་ཚེས་༨དང་། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ལོའི་ཟླ་༨ཚེས་༡༢ཉིན་གྱི་ཐོ་རེངས། ཞོགས་པའི་ཆུ་ཚོད་༦པའི་ཐོག་ངེས་པ་དོན་གྱི་རྣལ་འབྱོལ་ཆེ་མོ་དེ་ཉིད་རེ་ཞིག་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན། བོན་རི་སྲིད་རྒྱལ་དགོན་ཆེན་དང་ཁོང་གི་ནང་མི་དེ་བཞིན་རྫ་སྲིབ་སྡེ་བ་སྤྱི་ཡིས་༧དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་མཁན་པོ་སྐལ་བཟང་གཡུང་དྲུང་གཙོས་བླ་གྲྭ་རྣམས་གདན་དྲངས་ནས་དམ་པ་ཁོང་གི་གདུང་འདབས་མཆོད་འབུལ་ཀུན་རིག་གཙོ་བརྒྱ་འཁོར་ཅུའི་ལས་བཞིའི་གཞུང་སྲོང་བ་སོགས་རྒྱས་པར་སྒྲུབ་ནས་ལོ་དེའི་བོད་ཟླ་༡༠པའི་ཚེས་༡༡ཉིན་གདུང་ཞུགས་ལ་ཕུལ། རྗེས་སུ་རྫ་སྲིབ་སྡེ་བས་རྒྱུ་དངུལ་ལས་གྲུབ་པའི་སྐུ་གདུང་ཀུང་ཁྲི་གཉིས་ཅན་དང་གསེར་ཟངས་ལས་གྲུབ་པའི་སྐུ་གདུང་ཀུང་ཁྲི་གཉིས་ཅན་བཅས་བཞེངས་པ་མ་ཟད་གཟུངས་རྫོང་གསེར་དངུལ་གྱིས་བྲིས་པའི་རྒྱས་པ་ཚར་གཅིག་དང་འབྲིང་བསྡུས་གཅིག་བཅས་བྲིས་ནས་ཞུ་དག་ཚུལ་བཞིན་བྱས་ཏེ་དམ་རྫས་བྱིན་ཅན་དང་སྨན་སྣ་སོགས་ལེགས་འབུལ་ཞུས་པ་མ་ཟད་མཆོད་རྐོང་ཏིང་ཕོར་མཎྡལ་སོགས་རྒྱུ་དངུལ་ལས་གྲུབ་པ་ཆ་ཚང་ཉོ་སྒྲུབ་མཛད་ནས་མཐར་སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༥པའི་ཚེས་༡༡མིག་དམར་ཐ་སྐར་འགྲུབ་སྦྱོར་ཉིན་དམ་པ་ཁོང་གི་གདན་ས་བོན་རི་སྲིད་རྒྱལ་དགོན་དུ་སྐུ་གདུང་ཁྲི་གསོལ་རབ་གནས་སོགས་ལེགས་གྲུབ་བགྱིས་ནས་མཐར་ཕྱུང་བའོ། །
སྐུ་གསུམ་དགོངས་པའི་ཚོགས་ཐམས་ཅད། །
འོད་ཀྱི་གོང་བུ་རང་དྲིལ་བའི། །
སེམས་དཔའ་འཕགས་པའི་རྣལ་འབྱོར་གྱི། །
ལོ་རྒྱུས་གསལ་བའི་མེ་ལོང་ཡིན། །

འོད་ཀྱི་གོང་བུ་རང་དྲིལ་བའི། །
སེམས་དཔའ་འཕགས་པའི་རྣལ་འབྱོར་གྱི། །
ལོ་རྒྱུས་གསལ་བའི་མེ་ལོང་ཡིན། །

མཇུག་ཏུ་ཞུ་རྒྱུར། དམ་པ་ཁོང་གི་རྣམ་ཐར་འབྲི་བའི་རྒྱུད་རིམ་ཁྲོད་དུ་འབྲི་མ་ཐུབ་པ་དང་ཆ་མ་ཚང་བ་མང་པོ་ཞིག་ཡོད་པ་ནི་བཤད་དུ་མི་དགོས་པ་རེད། རྒྱུ་མཚན་ནི་དམ་པ་ཁོང་ཞལ་བཞུགས་པའི་དུས་སུ་ཁོང་གི་རྣམ་ཐར་འབྲི་འདོད་མཁན་ཡོད་ཀྱང་དམ་པ་ཉིད་ལ་ཁོང་གིས་སྐུ་ཚེའི་མཛད་རིམ་ཁག་བཅར་འདྲི་བྱེད་པར་དང་ལེན་མི་བྱེད་པ་མ་ཟད། བཀའ་བཀྱོན་གྱི་ཚུལ་དུ་མང་པོ་ཞིག་ཡོང་གི་ཡོད་པས་ཁོང་ལ་ཁོང་གིས་ལོ་རྒྱུས་རྣམ་ཐར་དག་བཅར་འདྲི་ཞུ་ཕོ་མཁན་ཡང་ཉུང་ཉུང་ཡིན། ཁོང་ནི་འཇིག་རྟེན་གྱི་མགོ་རྣ་སྙན་གྲགས་ཆེ་འདོད་གྲགས་འདོད་ང་ཆེ་ང་བཙན་དཔལ་འབྱོར་གོ་ས་སོགས་གང་ཡང་བརྩོན་ལེན་མི་བྱེད་པའི་ཚད་ལྡན་ཚུལ་མཐུན་གྱི་དགེ་བྱེད་རྣམ་པར་དག་པ་ཞིག་ཡིན་ལ། ཚེ་དང་སྒྲུབ་པ་མཉམ་བསྐྱལ་བྱེད་མཁན་རི་ཁྲོད་པ་རྣལ་འབྱོར་ཡང་དག་ཞིག་ཀྱང་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ཏེ་ཁོང་ནི་དུས་རབས་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བ་རྣམ་པ་སྣ་ཚོགས་ཁྲོད་དུ་འཚོ་བའི་རྣལ་འབྱོར་པ་ཞིག་ཡིན་རུང་དོན་དུ་རྣམ་ཐར་ཐད་ཉུང་ཉུང་ཞིག་ལས་འབྲི་རྒྱུ་མ་རྙེད་པ་ནི་སེམས་ཕངས་པའི་གནས་ལས་གཞན་ཅི་མཆིས། དམིགས་བསལ་ཞུ་དོན་དུ་སྐབས་འདིར་འབྲི་བྱའི་ནང་དོན་རྣམས་ཁུངས་མེད་འོལ་ཚོད་ཀྱིས་སྤྲོས་པ་དབེན་ན་དམ་པ་མཆོག་གི་ཞལ་མངའ་ནས་དངོས་སུ་ངེད་ཅག་གིས་ཐོས་པའི་རིགས་དང་དེ་བཞིན་དམ་པ་ཁོང་ཉིད་དང་འབྲེལ་འདྲིས་ཆེས་ཆེ་བའི་མི་སྣ་དག་གི་ངག་ལམ་ནས་བཤད་པའི་རིགས་ཇི་མ་ཇི་བཞིན་ཡིན་ལུགས་ཚད་ལྡན་བཀོད་ཡོད་པ་མ་གཏོགས་ཁུངས་མེད་འཁྱོག་བཤད་དང་ངོ་བསྟོད་འོལ་ཚོད་སྒྲོ་བཏགས་ཀྱི་རིགས་སྤང་གང་ཐུབ་ཅི་ཐུབ་བྱས་ཏེ་བྲིས་པ་ལགས། ད་དུང་འདི་ཡི་ཐད་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་སྲིད་པས་སྐྱབས་གནས་དཀོན་མཆོག་གསུམ་ལ་བཟོད་གསོལ་ཞུ་བ་དང་འབྲེལ་ཀློག་པ་པོ་ཡོངས་ལ་དགོངས་ཡངས་ཞུ་རྒྱུ་དང་ཁྱེད་ཅག་གིས་ལེགས་ཉེས་བླང་དོར་ཐད་བཀའ་སློབ་མི་ཉུང་བ་ཡོད་པ་མཁྱེན་ཞུ་ཞུ།
སྤྱི་ལོ་༢༠༢༥ལོའི་ཟླ་བ་༩ཚེས་༡༨དང་། བོད་ཤིང་སྦྲུལ་ལོའི་ཟླ་བ་༧ཚེས་༢༧ཉིན་མཇུག་ལེགས་པར་གྲུབ་པར་དགེའོ། །
