གཏེར་ཆེན་གསང་སྔགས་གླིང་པ།

[ཟླ་ཚེས། 2022-07-13 12:11:52][རྩོམ་པ་པོ། སློབ་དཔོན་ཚངས་པ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དང་པོ་རིགས་རྒྱུད་དང་སྐུ་སྐྱེ་བ་བཞེས་པའི་སྐོར།

  རིག་འཛིན་འདི་ཉིད་དབང་ཁྱུང་གི་གདུང་རྒྱུད་དུ་ཕྱི་ལོ་༡༨༦༤ལོར་ཉག་ཤོད་ཨ་འཛི་ལུང་གི་དབུས། སྦས་གནས་ལྷང་བྲག་ནོར་བུའི་ཡང་སྟེང་དུ་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་པད་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕ་མ་གཉིས་ནས་མཚན་ལྡན་ལ་སྔོ་ལོད་ཅེས་བཏགས། ཁོང་གི་གདུང་རྒྱུད་དེ་ཁྱུང་པོའི་གདུང་ལས་[1]གྲོལ་བར་བཤད། ཁྱིམ་ཚང་དེར་དབལ་ཁྱུང་ཞེས་ཐོགས་དོན་ནི་ཁོང་གི་རྣམ་ཐར་ལས་གསལ་བ་ལྟར་ན་ཁོང་གི་མེས་པོ་གོང་མའི་གྲལ་དུ་ཨ་སྟག་ཁ་བ་རྗེས་མེད་བྱ་བའི་གྲུབ་ཐོབ་ངོ་མཚར་ཅན་ཞིག་བྱུང་བ་ལ་དེ་ལས་དབལ་བརྡ་སྤྱང་གསུམ་བྱ་བའི་རྒྱུད་པ་གསུམ་གྲོལ། དེ་གསུམ་སོ་སོའི་མིང་ལ་དབལ་ཁྱུང་དང་། བརྡ་ཁྱུང་། སྤྱང་ཁྱུང་ཞེས་ཐོགས་པའི་ཁོང་ནི་དབལ་ཁྱུང་གི་རྒྱུད་པ་འཛིན་པའི་ཁྱིམ་ཚང་དུ་འཁྲུངས་པར་གསུངས།

གཉིས་པ་གསན་བསམ་ཉམས་སུ་བཞེས་ཚུལ།

  ཁོང་དགུང་ལོ་གསུམ་ཙམ་ལོན་དུས་དབལ་ཁྱུང་བླ་མ་ཀརྨ་ཡེ་ཤེས་ཀྱི་དྲུང་དུ་སྐྲ་ཕུད་སྐབས་བླ་མས་འདི་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་འོང་གསུངས་ནས་མཚན་ལ་བསྟན་པ་རྒྱལ་མཚན་བཏགས། ཡང་སྐབས་ཤིག་ལ་ཉག་སྤྱིའི་བཀོད་འདོམས་བཞིན་ཉག་ཡུལ་སྟོད་སྨད་ཀྱི་དགོན་ཁག་གི་བླ་གྲྭ་ཀུན་གྲུབ་ཆེན་པད་མ་བདུད་འདུལ་གྱི་དགོན་གནས་སྐལ་བཟང་ཆོས་གླིང་དུ་དབྱར་གནས་འཚོགས་མཁན་འགྲོ་དགོས་པ་དང་། དེའི་སྐབས་དགོན་དེའི་མཁན་པོའི་དྲུང་ནས་གཙང་གཙུག་ཉེར་ལྔའི་ཁྲིམས་བཞེས་[2]འདུགཤིང་ཁྱི་ལོར་ལྕང་ལུང་སྤྲུལ་སྐུ་གཡུང་དྲུང་བསྟན་རྒྱལ་ཉག་རོང་དུ་ཕེབས་པའི་དྲུང་ནས་སྔོན་འགྲོ་སོགས་དབང་ལུང་མང་པོ་ཞུས་པ་དང་། ཕྱི་ལོར་སྡེ་དགེར་ཕེབས་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་། གཞན་པའི་དབང་ལུང་མང་པོ་གསན་བསམ་མཛད་མུར་མེ་གླང་ལོར་ལྕང་ལུང་སྤྲུལ་སྐུ་ཞིང་དུ་ཕེབས། ཀུན་གྲོལ་སྐུ་ཕྲེང་ལྔ་པ་འཆི་མེད་བདུད་འདུལ་གླིང་པ་དང་། འབུམ་སྨོན་སྤྲུལ་སྐུ་ཡེ་ཤེས་བསྟན་འཛིན། སྔགས་བཙུན་རིན་ཆེན། རྟོགས་ལྡན་བསོད་ནམས་ཡེ་ཤེས་བཅས་ཀྱི་དྲུང་ནས་དབང་ལུང་གསན། གཙུག་དབོན་བླ་མ་ཤེས་རབ་བསྟན་འཛིན་གྱི་དྲུང་དུ་རྩ་རླུང་མཁའ་འགྲོ་གསང་མཛོད་ཞུས་ཏེ་དྲག་རླུང་བར་སྦྱང་། ཕྱིས་སུ་ཀུན་མཁྱེན་ཤར་རྫ་པའི་མདུན་དུ་ཕེབས་ནས་དབང་ལུང་ཁྲིད་གསུམ་གྱི་མན་ངག་དུ་མ་མནོས་ཏེ་ཉམས་སུ་བཞེས་པ་དང་། མ་ཟད་སྔ་ཕྱི་དུ་མར་ཡི་དམ་མང་པོའི་བསྙེན་ཚད་བསྐྱལ་བ་དང་། ལྷ་ཞལ་མཇལ་བ་དང་། གནས་རི་མང་པོའི་གནས་སྒོ་ཕྱེས་པ་བཅས་རྣམ་ཐར་རྒྱས་པ་ཕྱི་ནང་གསང་གསུམ་གང་རུང་ལས་རྟོགས་ནུས་པས་འདིར་བྲིས་མེད། གཞན་ཡང་ཁོང་གིས་བླ་མ་དུ་མའི་དྲུང་ནས་ལུང་གི་རྒྱུན་གསན་གནང་བའི་ཚུལ་འོག་ནས་གླེང་གི་ཡིན།

གསུམ་པ་ཟབ་གཏེར་བཞེས་ཚུལ།

  ཟབ་གཏེར་བཞེས་ཚུལ་ནི་ཉིད་ཀྱི་རང་རྣམ་ལས་གསལ་བ་ལྟར་ན་དགུང་ལོ་ཉེར་གཅིག་ཤིང་སྤྲེལ་ལོར་ལྷང་བྲག་གནས་ཀྱི་གཡས་ཕྱོགས་བྲག་རི་འཇའ་ཚོན་འདྲ་བ་ནས་ཟངས་ཀྱི་སྒྲོམ་བུ་ཞིག་རྙེད་ཀྱང་སླར་ཡང་བོར་བརླགས་སུ་སོང་། ཡང་ལོ་དེའི་ཟླ་བ་གསུམ་པའི་ནང་སྣ་ཆེན་བྲག་དཀར་ནས་གུ་རུའི་སྐུ་དང་ལ་སྒྲོམ་དང་། ཡང་ལོ་དེར་གནས་དེའི་ཉེ་འདབས་ཤིག་ནས་བྱེ་མའི་སྒྲོམ་བུ་ཞིག་གཏེར་ལས་དྲངས་པ་ནས་བཟུང་སྐུ་ཚེའི་སྨད་བར་བོད་ས་སྟོད་སྨད་དུ་མ་ནས་བོན་གཏེར་གྲངས་བཞི་བཅུ་ཞེ་གྲངས་གཏེར་ལས་བཞེས་པས་བོན་གྱི་གཏེར་སྟོན་གྲལ་ནས་གཏེར་མང་ཤོས་བླ་མ་འདི་ཉིད་ཡིན་པ་འདྲ། དཔེར་ན་སྟོད་གཡུ་འབྲང་ཕྱུག་མོའི་སྒྲུབ་ཕུག་དང་། ཁྱུང་པོ་རྩེ་དྲུགཚེ་ལུང་དཔལ་འབར་བྲགཀོང་ཡུལ་དབུས་ཕུགསྨད་རྒྱ་མོ་རོང་གབ་ཏོག་ཤེལ་གྱི་རྡོ་རིང་དང་། རྒྱ་ནག་གླང་ཆེན་འགྱིང་རི་སོགས་གཏེར་གནས་མི་འདྲ་བ་དུ་མ་ནས་ཟབ་གཏེར་བཞེས་པར་གསུངས། གཏེར་ཡིག་ཕབ་ཚུལ་ཅུང་ཟད་བཤད་ན་སྔར་བོར་བརླགས་སོང་བའི་ཟང་སྒྲོམ་དེ་རྟ་གཉན་ཕ་བོང་བོན་མོ་བྱ་བ་རུ་གཏེར་སྲུང་གིས་རྡོ་ཡི་སྒྲོམ་བུར་བཏབ་ཅིང་སྦས་ཡོད་པ་ཕྱིས་སུ་རྙེད་ནས་རིགས་ལྡན་མའི་སྐྲ་ཉག་མ་གསུམ་གྱིས་དཀྲིས་ཚེ་རྡོ་སྒྲོམ་དེ་ཀུན་གྱིས་མཐོང་སར་ཁ་ཐགས་སེ་བྱེ་སྟེ་ཟང་སྒྲོམ་གསལ་བར་མཐོང་བ་དང་། དེའི་ནང་ནས་ཤོག་སེར་མཐིང་མདོག་དང་ལྡན་པ་ཞིག་ལས་མཁའ་འགྲོའི་བརྡ་རིས་བོད་ཡིག་ཏུ་ཕབ་པ་དེའི་ནང་མ་འོངས་ལུས་བསྟན་མང་པོ་འཁོད་ཚུལ་གསལ། [3] གཤེན་གྱེར་རྨ་དབྱིལ་སོགས་གཏེར་སྟོན་སྔ་མ་རྣམས་ཀྱིས་གཏེར་ལས་བཞེས་སྐབས་ཤོག་སེར་ཞེས་ཤོག་དྲིལ་ཐོན་པ་དང་། ཡང་ན་པོ་ཏི་ལྟ་བུ། ཡང་ན་དར་རས་ཀྱི་ངོས་ལ་བྲིས་པ་ལྟ་བུ་ཐོན་པ་ལས་སྒྲོམ་བུ་ཆུང་ངུ་རེ་ལས་མཁའ་འགྲོའི་བརྡ་ཡིག་དང་། ཡང་ན་བརྡ་ཚིག་ཁ་ཤས་ཡོད་པ་བོད་ཡིག་ཏུ་ཕབ་པ་དང་། མཁའ་འགྲོའི་དབུ་སྐྲས་གཏེར་སྒྲོམ་ཕྱེས་པའི་ལོ་རྒྱུས་མེད་ཀྱང་ཕྱིས་ཀྱི་གཏེར་སྟོན་མང་པོ་ཞིག་གིས་འདི་འདྲ་གནང་བའི་ལོ་རྒྱུས་འདུགགཏེར་སྟོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ན་གཏེར་ལས་བཞེས་ལས་བཞེས་ཚུལ་ལ་སྔ་ཕྱི་གཉིས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་དང་། གཏེར་སྟོན་སྔ་མ་ཁག་ལས་ཕྱི་མ་རྣམས་རྫུ་འཕྲུལ་ཇེ་ཆེར་སོང་ཡོད་པའི་རྣམ་པ་གསལ་པོ་སྣང་། གཏེར་གྱི་སྐོར་ཁོ་བོས་གཏེར་གྱི་ཁ་བྱང་ཆེན་མོ་ཞེས་པ་ཟུར་དུ་བྲིས་ཡོད་པས་འདིར་ཞིབ་པར་གླེང་གི་མིན།

བཞི་པ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་བསྡུས་ཚུལ།

  དང་པོ་དཔོན་གསས་བླ་མ་མང་པོའི་དྲུང་དུ་གཏུགས་ཏེ་ལུང་རྒྱུན་གསན་པ་དང་། གཉིས་པ་རིག་འཛིན་གོང་མའི་མཇལ་སྣང་ལས་ལུང་རྒྱུན་བཞེས་ཚུལ་གཉིས། དང་པོ་ནི། གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་ཉག་ཕྲ་བའི་སྐབས་དེར་རྣལ་འབྱོར་གྲུབ་བརྒྱའི་གཙུག་རྒྱན་སྨོན་ལམ་བསྟན་པའི་རྒྱལ་མཚན་དང་། ཀུན་མཁྱེན་ཤར་རྫ་པ། མི་འགྱུར་ཚེ་དབང་གྲགས་པ་སོགས་ཀྱི་བཀའ་དགོངས་དང་། གཏེར་ཆེན་ཉིད་ཀྱི་བླ་ན་མེད་པའི་ཐུགས་བསྐྱེད་ལ་བརྟེན་ནས་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་ཡོད་རིགས་གསན་བསམ་གནང་རྒྱུའི་དགོངས་པ་འཁྲུངས་ཏེ། སྔ་ཕྱིར་བླ་མ་མང་པོའི་མདུན་ནས་དཀའ་བ་སྤྱད་དེ་ལུང་རྒྱུན་ཞུས་མཛད་ནས་དེ་སྔོན་ལུང་རྒྱུན་ཁ་ཐོར་དུ་གནས་པ་ཀུན་གང་ཟག་གཅིག་གི་རྒྱུད་ལ་ཚང་ཐུབ་པ་བྱུང་བ་རེད། འདིའི་ལོ་རྒྱུས་ནི་བཀའ་འགྱུར་གྱི་རྒྱུད་རིམ་ལས། [4]གསུམ་པ་ལུང་རྒྱུན་ཇི་ལྟར་བསྡུས་པའི་ཚུལ་ལ་གཉིས། རིང་བརྒྱུད་དང་ཉེ་བརྒྱུད་དུ་ཐོབ་པའི་ཚུལ་ལོ། །དང་པོ་ནི། འཇིག་རྟེན་ཕན་བདེ་ཐམས་ཅད་ཀྱི་གཞི་གཅིག་པུར་གྱུར་པ་ནི་རྒྱལ་བའི་བསྟན་པ་ཡིན་ལ། དེ་ཡང་བརྗོད་བྱ་དོན་གྱིས་བསྡུས་བོན་དང་། རྗོད་བྱེད་ཚིག་གིས་བསྡུས་པའི་བོན་གཉིས་སུ་ཡོད་པ་ལས། བརྗོད་བྱེད་དོན་རྟོགས་པ་ལ། རྗོད་བྱེད་ཀྱི་ལུང་ལ་རག་ལས་ཤིང་། དེའི་མཚན་གཞིར་བཀའ་དང་བཀའ་བརྟེན་གཉིས་ལས། གང་ལས་བྱུང་བའི་ཁུངས་བཀའ་ལ་ཐུག་ཅིང་། དེ་ཡང་རྒྱུད་པ་ཟམ་མ་ཆད་པ་ཞིག་ལ་རག་ལས་པས། ལུང་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་ཐུགས་བསྐྱེད་གྲུབ་རྗེ་རིན་པོ་ཆེའི་དགོངས་པར་སྔ་ན་བཞུགས་ཤིང་། ཉེ་ཆར་ས་སྤྲེལ་ལོར་ལྷ་ལྡན་དུ་ཐེགས་སྐབས་འཆི་མེད་ཚེ་དབང་རིག་འཛིན་གྱི་རྣམ་རོལ་སྨོན་ལམ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་ནས་ལུང་རྒྱུན་གང་བཞུགས་ཕྱོགས་གཅིག་ཏུ་དྲིལ་ནས་སྤེལ་བའི་སྐུལ་མ་གནང་བས། ལུང་རྒྱུན་རྣམས་བསྡུ་བའི་ཐུགས་བསྐྱེད་གཉིས་པ་འཁྲུངས། མདོ་ཁམས་གཏེར་འབྱིན་ཡོངས་ཀྱི་གཙུག་རྒྱན་མི་འགྱུར་ཚེ་དབང་གྲགས་པ་དང་། ཀུན་གྲོལ་ལྔ་པ་བདུད་འདུལ་གླིང་པ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་སོགས་དམ་པ་དུ་མས་ནན་བསྐུལ་མཛད་པས་རྐྱེན་བྱས་ཏེ། ཁམས་དབུས་གཙང་གསུམ་ཀུན་ཏུ་ངལ་བ་ལ་མ་གཟིགས་པ་ལུང་རྒྱུན་ཅི་མཆིས་ཀྱི་ཁུངས་བཙལ་ཞིང་། ལུང་རྒྱུན་མི་འཆད་ཅིང་རྗེས་འཇུག་ཡོངས་ཀྱི་སྤྱི་ནོར་དུ་འགྱུར་བར་བྱ་བའི་ཕྱིར། ལུང་རྒྱུན་རྣམས་སྟབས་གཅིག་ཏུ་སྤེལ་བའི་སྲོལ་འཛུགས་པའི་ཚེ་སྔོན་ནས་སྨོན་ལམ་གྱིས་འབྲེལ་བའི་དད་སྦྱིན་ཆེན་མོ། བསྟན་པ་ལ་ལྷག་བསམ་རྣམ་པར་དཀར་བའི་ཞབས་འདེགས་པ་འཕྲུལ་བློན་ཆེན་པོ་ཧོར་དཀར་རྒྱལ་བསྟན་དར་(ག་རྒྱ་བསྟན་དར། )མི་ངོ་ནས། བཀའ་འགྱུར་གྱི་གླེགས་བམ་དངོས་གཙང་བ་ལག་སྟར་དུ་འབྲི་ཡོན་སྦྱར་ཏེ། དབུ་ཞབས་ཚང་བའི་དཔེ་རྒྱུན་ཡང་ཕྱག་ཏུ་འབྱོར་ཏེ་ཁམས་དུ་སྤྱན་དྲངས་སོ། །ཞེས་གསུངས། དེ་ཡང་བཀའ་འགྱུར་རིན་པོ་ཆེ་ལུང་གི་བརྒྱུད་རིམ་ལས་གསལ་བ་ལྟར་ཁོང་གིས་ལུང་གསན་སའི་བླ་མའི་མཚན་གྲངས་བགྲངས་ན། མཆོག་སྤྲུལ་བསྟན་པའི་ཉི་མ་དང་། སྟག་ཞིག་སེང་གེ་ཉི་མ། དྲང་སྲོང་རྣམ་དག་འགྱུར་མེད། ཤི་ལ་པ་སེང་ཧ་སུར་ཡ། རབ་བླ་རིན་ཆེན་རྣམ་རྒྱལ། དྲང་སྲོང་ཚུལ་ཁྲིམས་འོད་ཟེར། རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན། ཁྲོ་དབོན་ཡིད་བཞིན་དབང་རྒྱལ། རྫ་བླ་ཚུལ་ཁྲིམས་དབང་རྒྱལ། མཆོག་སྤྲུལ་གཡུང་དྲུང་བསྟན་པའི་༼འདི་གོང་གི་བསྟན་བའི་ཉི་མ་དང་གཅིག་པ་ཡིན་མིན་དཔྱད། ༽ཉི་མ། དབོན་སྤྲུལ་ཡིད་བཞིན་བསྟན་འཛིན། ལྕང་ཚ་བསོད་ནམས་རིན་ཆེན། ལྕང་སྤྲུལ་གཡུང་དྲུང་བསྟན་རྒྱལ། སྨོན་སྲས་འཆི་མེད་གཙུག་ཕུད། རྒྱལ་སྲས་པད་མ་འཕྲིན་ལས། བླ་མ་དོན་འགྲུབ། དཔོན་སྤྲུལ་ཡེ་ཤེས་བསྟན་འཛིན། མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་[5]བཅས་ཀྱི་དྲུང་ནས་མདོ་སྔགས་སེམས་སྡེའི་ལུང་རྒྱུད་ཡོད་རིགས་གསན་པར་མཛད། ཁོང་གི་ལུང་གསན་བླ་མ་ཕལ་ཆེ་བ་ཁོང་གི་འཁྲུངས་ཡུལ་དང་ཐག་ཉེ་ས་ནས་ཡིན་པ་ལས་འགྲིམ་འགྲུལ་གནས་སྟངས་ཀྱི་དབང་གིས་སྟོད་གྲྭ་ས་ཡ་བཞི་དང་གདན་ས་གསུམ་ནས་སྨད་རྒྱལ་མོ་རོང་ཡན་ཆད་ཀྱི་བླ་མ་ཡོད་དོ་ཅོག་གི་དྲུང་དུ་བཏུགས་ནས་ལུང་རྒྱུན་གསན་བསམ་དང་། བྱེ་བྲག་དཔེ་ཆ་རེ་རེའི་ལུང་རྒྱུན་ཆད་ཡོད་མེད་ཞིབ་འཇུག་ཞིབ་ཅིང་ཕྲ་བ་གནང་ཐུབ་མེད། ཡིན་ནའང་ཁོང་གིས་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་ཕྱོགས་གཅིག་དུ་བསྡུས་པ་དང་། སྐུ་ངལ་འཛེམ་མེད་ངང་ལུང་ཚར་གྲངས་མང་པོར་གནང་བ་བཅས་ནི་རང་ཅག་གིས་རྗེས་དྲན་ཞུ་འོས་པའི་བླ་མེད་ཀྱི་མཛད་རྗེས་སུ་མཐོང་། བཀའ་འགྱུར་གྱི་བརྒྱུད་རིམ་ལས་དཔེ་ཆ་མང་པོ་ཞིག་གི་ལུང་རྒྱུན་ཆད་པར་གསུངས་ཀྱང་། ཞིབ་པར་བརྟགས་ན་སྐབས་དེར་གཏེར་ཆེན་གསང་སྔགས་གླིང་པས་ལུང་དེ་དག་གསན་མ་ཐུབ་པ་ཁག་ལ་ལུང་རྒྱུན་མ་བཞུགས་ཞེས་བྲིས་པ་ཡིན་ཤས་ཆེ། དེ་མིན་མདོ་དབུས་ཁམས་གསུམ་དུ་བཙལ་ནས་ལུང་རྒྱུན་ཆད་ཡོད་མེད་ཞིབ་འཇུག་མཛད་མ་མྱོང་བས་ལུང་རྒྱུན་ཆད་ཅེས་ཐག་གཅོད་པར་དཀའ། གཉིས་པ་རིག་འཛིན་གོང་མའི་མཇལ་སྣང་ལས་བྱུང་བའི་ཉེ་བརྒྱུད་ནི། བཀའ་འགྱུར་བརྒྱུད་རིམ་ལས། དྲན་པ་ནམ་མཁའི་ལུང་བསྟན་ཐོག་མ་ནི། །ཉོན་དང་སྐལ་བཟང་རིགས་ཀྱི་བུ་ཁྱེད་ཀྱིས། །རྒྱལ་བསྟན་སྤྱི་དང་ཁྱད་པར་གཡུང་དྲུང་བོན། །འཛིན་སྐྱོང་སྤེལ་དང་སྨིན་གྲོལ་བྱིན་རླབས་དང་། །མ་ལུས་བདག་གིས་ཁྱེད་ལ་ཡོངས་སུ་བསྐུར། །ཞེས་གསུངས་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་ཚོགས། །དབང་བསྐུར་བྱིན་རླབས་སྨིན་གྲོལ་དབང་བཞི་ཕོག། ད་ནི་རྒྱལ་ཐེབས་བསྟན་པའི་བདག་པོར་འགྱུར། །ཕྱི་ནང་གསང་བའི་གདམ་པ་མ་ལུས་ཀུན། །རྩ་བ་དྲན་པ་ནམ་མཁའ་བདག་ལ་འདུས། །བདག་གིས་ཁྱོད་ལ་དབང་བསྐུར་མངའ་གསོལ་བྱ། །ཞེས་གསུངས་གསུང་རབ་བྲག་རི་གཏམས་པ་ལྟར། །བདག་གི་མགོ་བོར་བཏུག་ཅིང་དབང་གནང་ནས། །དེ་ལྟར་བསྟན་འགྲོའི་དོན་ཆེན་གྱིས་ཤིག་གསུངས། །དྲན་པའི་ལུང་བསྟན་སྔ་ཕྱི་ཡང་ཡང་བྱུང་། །ཞེས་གསུངས། [6]བླ་ཆེན་དྲན་པ་ནམ་མཁས་བོན་ཕྱི་ནང་གསང་བའི་གདམས་པ་མ་ལུས་པ་གནང་བའི་མཇལ་སྣང་ཡང་ཡང་བྱུང་བ་འདི་ལྟ་བུར་ཉེ་བརྒྱུད་དུ་བརྩི་ཆོག་པ་ཡིན་ཏེ། དམུ་གཤེན་ཉི་མ་རྒྱལ་མཚན་གྱི་གཟིགས་སྣང་ལ་མཁའ་འགྲོ་ཀྱེ་མ་འོད་མཚོ་མཇལ་ནས་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་མ་ལུས་པ་གནང་བར་ཉེ་བརྒྱུད་དུ་བརྩིས་པ་དང་གཅིག་མཚུངས་ཡིན། སྤྱིར་བཏང་བརྒྱུད་ཚུལ་ལ་བདེར་གཤེགས་དགོངས་པའི་བརྒྱུད་པ་དང་། སེམས་དཔའ་བརྡ་ཡི་བརྒྱུད་པ། གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། མཁས་པ་ལོ་པཎ་གྱི་བརྒྱུད་པ་བཅས་མང་དུ་ཡོད་པ་རེད། དེང་དུས་སུ་དངོས་གཙོ་དང་། ཚན་རིག་ཟེར་མཁན་རྣམས་ཀྱིས་ཐ་མལ་གྱི་མི་ཡིས་མི་ལ་བཤད་པ་ལྟ་བུ་ལས་བརྒྱུད་ཚུལ་གཞན་པ་ཁས་མི་ལེན་ཡང་། དག་སྣང་དང་། སྙན་རྒྱུད། དགོངས་རྒྱུད་སོགས་ཟབ་མོ་གསང་བའི་གནས་ཚུལ་རྣམས་ནི་ཆོས་ལུགས་རང་གི་ལུགས་སྲོལ་ལྟར་འགྲོ་རྒྱུ་མ་གཏོགས་དངོས་གཙོ་བར་ལྟོས་མི་དགོས་སོ། །

ལྔ་པ་བཀའ་འགྱུར་རིན་པོ་ཆེའི་བཀའ་ལུང་ཐེངས་མང་གནང་བའི་ཚུལ།

  བཀའ་འགྱུར་རིན་པོ་ཆེའི་བརྒྱུད་རིམ་ལས། ཀུན་དགའ་རིན་པོ་ཆེ་དང་ཁམས་དབུས་ཀྱི་བླ་ཆེན་དགུ་སོགས་བཟང་ལ་མང་བར་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཐོག་མར་སྤེལ་བའི་མཚོན། བཀའ་འགྱུར་རིན་པོ་ཆེའི་བཟླས་ལུང་འབྱུང་བའི་གྲངས་ལྡན་དང་བཀའ་བརྟེན་སྒྲུབ་སྡེ་སྐོར་གྱི་སྨིན་གྲོལ་གདམས་ཁྲིད་དང་བཅས་པ། དེང་སང་ཡུལ་ཕྱོགས་སུ་ཇི་ཙམ་བཞུགས་པའི་དཔེ་ལ་བརྟེན་ནས་ཚར་གྲངས་རང་ཉིད་ཀྱི་ཟབ་གཏེར་སྐོར་དང་། སྤྱི་སྤུངས་སྐོར་སོགས། བཀའ་གསར་རྙིང་འཐོར་བུ་སྐོར་ནི་སྨོས་ཀྱིས་མི་ལངས་ཏེ། དེང་སང་ཙམ་ན་མདོ་ཁམས་སུ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་རྒྱུན་མ་ནུབ་པར་བཞུགས་པ་ནི། དམ་པ་འདིའི་བཀའ་དྲིན་ལས་བྱུང་བ་ཁོ་ན་ཡིན་ནོ། །[7] ཞེས་གསུངས་པ་ལྟར་དམ་པ་འདིས་སྐུ་ཚེའི་རིང་ལ་ངལ་བ་ཁྱད་དུ་བསད་ནས་བཀའ་འགྱུར་གྱི་ལུང་ཐེངས་མ་ལྔ་ལ་གསུངས་ནས་ལུང་རྒྱུན་མི་ནུབ་པའི་བཀའ་དྲིན་བསྐྱངས་ཡོད། བཀའ་འགྱུར་གྱི་ལུང་ཐེངས་དང་པོ་ཁྱུང་དུ་གསུངས་པའི་དུས་ནི་ཤིང་བྱི་ལོ་ཕྱི་ལོ་༡༩༢༤ལོར་དབུ་བཙུག་ནས་གསུངས་པར་མཁའ་འགྲོ་དབང་མོའི་རྣམ་ཐར་ལས་གསལ་འདུག[8]དེ་ནས་བཟུང་མེ་སྟག་ཕྱི་ལོ་༡༨༢༦ལོ་བར་ཁྱུང་ཡུལ་དུ་བཞུགས་པའི་ལོ་རྒྱུས་གསལ་ཡང་དེའི་མན་གྱི་ལོ་རྒྱུས་རྩོམ་འཕྲོར་ལུས་འདུག་པས་ལུང་ཐེངས་དང་པོ་དེར་དུས་ཡུན་ཇི་ཙམ་འགོར་བར་མ་ཤེས།

  བཀའ་འགྱུར་གྱི་བརྒྱུད་རིམ་ནང་། རྒྱལ་བའི་བཀའ་འགྱུར་ལན་གྲངས་ལྔ་གསུངས་པའི་ཕྱི་མ། ཉག་ཤོད་མི་ཕམ་ཨ་འཛི་ལུང་གི་ལྟེ་བ། གནས་ཆེན་ལྷང་བྲག་ནོར་བུའི་ཡང་རྩེའི་མདུན་ཞོལ། རྗེའི་གདན་ས་རིན་ཆེན་ཁྱུང་གླིང་ཞེས་པ་བཤད་སྒྲུབ་རབ་བརྟན་གླིང་གི་གཟིམ་ཁྱིམ་སྐུ་གདུང་མདོ་གམ་རྒྱན་གཅིག་བཞུགས་པའི་གཙུག་ལག་ཏུ། རབ་རྒྱལ་ཆུ་བྱའི་ལོ་རྒྱ་ཆེ་རྣམ་འཕེལ་གྱི་ལང་ཚོ་རྒྱས་པའི་སྐབས་སུ། བདག་ཅག་དད་པའི་འདུས་གྲྭ་འཁོར་ཕྱོགས་ལ་ལུང་རྒྱུན་ལེགས་པར་བསྩལ་ཏེ། བསྟན་པའི་སྙིང་པོར་གྱུར་པ་དུ་མ་ཞིག་ཅི་བདེར་སྤྱོད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རབ་རྒྱལ་ཆུ་བྱ་ལོར་ལུང་མཐའ་མ་དེ་གནང་བར་གསུངས་པས་ཆུ་བྱ་ནི་༡༩༣༣ལོ་ལ་ཁེལ་ཡང་ལོ་ཚིགས་འདི་ལ་ད་དུང་དཔྱད་དགོས་འདུག

  འོན་ཀྱང་ད་ལྟ་བཞུགས་པའི་རྒན་རབས་ཀྱི་ངག་སྒྲོས[9]་ལྟར་ན་སྦྲུལ་ལོར་ཡེ་ཤེས་དགོན་དུ་ལུང་ཐེངས་ལྔ་པ་དེ་གསུངས་པ་དང་། ཕྱི་ལོ་རྟ་ཡི་ལོར་འདྲ་ཡུལ་ཆུ་མིག་དགོན་དུ་བཀའ་འགྱུར་གྱི་ལུང་དབུ་བཙུགས་ནས་ཡུན་རིང་མ་འགོར་བར་སྐུ་གཤེགས་ཏེ་ལུང་གི་འཕྲོ་ལུས་པ་དེ་ཁྱུང་པོ་བདུད་འདུལ་གྱིས་འཕྲོ་བསྐྱངས་པ་ཁྱུང་པོ་བདུད་འདུལ་གྱི་ཞལ་རྒྱུན་ལས་ཐོས་མྱོང་མཁན་གྱི་[10]ངག་ལམ་ནས་བདག་གིས་ཐོས། གོང་གི་སྦྲུལ་ལོ་དེ་ས་སྦྲུལ་༡༩༢༩དང་། རྟ་ལོ་དེ་ལྕགས་རྟ་༡༩༣༠ལོ་ལ་བྱས་ན། ཆུ་བྱ་༡༩༣༣ལོར་ཤར་རྫ་རིན་པོ་ཆེ་དགུང་ལོ་དོན་ལྔ་བཞེས་པའི་སྐབས་སུ་གཏེན་ཆེན་གསང་སྔགས་གླིང་པར་ཆབ་ཤོག་ཕུལ་བ་དང་། གཏེར་ཆེན་ཡབ་ཡུམ་གྱིས་གཙོ་བོ་མཛད་དེ་རི་ཁྲོད་འོག་མ་དགེ་ཐང་ཞེས་པ་དེར་སྒྲུབ་སྡེ་གསར་འཛུག་གནང་བའི་ལོ་རྒྱུས་ཤར་རྫ་རིན་པོ་ཆེའི་རྣམ་ཐར་ནས་འཁོད་ཡོད་པས་ལོ་ཚིགས་འགྲིག་དཀའ། དེར་བརྟེན་སྦྲུལ་ལོ་དེ་ལྕགས་སྦྲུལ་༡༩༤༡དང་། རྟ་ལོ་དེ་ཆུ་རྟ་༡༩༤༢ལོར་ཡིན་ནམ་སྙམ། འདི་ལྟར་ཡིན་ན་ཁོང་དགུང་ལོ་བདུན་ཅུ་དོན་དགུ་བཞུགས་ཡོད།

  ངག་སྒྲོས་ལྟར་ན་ཁྱུང་ཡུལ་ནས་མར་ཕེབས་རྗེས་དབལ་ཁྱུང་དགོན་དུ་ལུང་ཐེངས་མ་གཅིག་གསུངས་པ་དང་། དེ་རྗེས་གོང་རྒྱལ་དགོན་དང་། ལི་ཐང་འགྲོ་མགོན་དགོན། ཉག་རོང་ཡེ་ཤེས་དགོན་བཅས་ལ་ལུང་ཐེངས་མ་རེ་རེ་གསུངས་པ་རེད་འདུག

དྲུག་པ་སྐུ་མྱ་ངན་ལས་གཤེགས་པའི་ཚུལ།

  ཁོང་གི་རྣམ་ཐར་གྱི་སྐོར་ནི། འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར་ཞེས་པ་དང་། བསྟན་གཉིས་གསང་སྔགས་གླིང་པའི་སྐྱེས་རབས་རྣམ་ཐར་གཏེར་འབྱུང་ལོ་རྒྱུས་ཀ་པ་དང་ཁ་གཉིས་བཅས་ཡོད་ཀྱང་། འདི་རྣམས་ཐམས་ཅད་གཏེར་ཆེན་རང་ཉིད་ཀྱིས་བརྩམས་པ་རེད་འདུག དེར་བརྟེན་སྐུ་ཚེ་ཐ་མའི་མཛད་པ་གསལ་མེད་ཅིང་། གཞན་པའི་བསྟན་རྩིས་དང་། འབྲེལ་ཡོད་ཀྱི་ལོ་རྒྱུས་ཁག་ནས་བཙལ་ཀྱང་ཁོང་གི་གཤེགས་ལོ་ངེས་བརྟན་མ་རྙེད། གོང་གསལ་གྱི་ངག་རྒྱུན་ལྟར་ན་༡༩༤༢ཆུ་རྟ་ལོའི་ཟླ་བ་དང་པོའི་ཚེས་ཉེར་ལྔ་ཉིན་འདྲ་ཡུལ་དུ་སྐུ་འདས་ཏེ་སྐུ་གདུང་ཕྱིར་ཉག་རོང་དུ་གདན་འདྲེན་ཞུས་པ་ཡིན་འདུག

  མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་བསྟན་འབྱུང་ལས། དེ་ལྟར་གཏེར་ཆེན་ཡབ་ཡུམ་བཀའ་འཕྲིན་དང་། །སྐུ་ཚེ་ཟབ་རྒྱས་འགྲོ་དོན་མཐར་ཕྱིན་ནས། །རིམ་བཞིན་གཉིས་ཀ་འཇའ་ལུས་མཁའ་སྤྱོད་གཤེགས། །[11] ཞེས་གཏེར་ཆེན་ཡབ་ཡུམ་གཉིས་ཀ་འཇའ་ལུས་སུ་ཕེབས་པར་གསུངས་སོ། །། །

  མཆན།

  [1] ཁོང་གི་གདུང་རྒྱུད་ནི་ཁྱུང་པོའི་གདུང་ལས་གྲོལ་བའི་རྒྱལ་ཁྱུང་རྩ་བའི་རྒྱུད་པ་ཡིན་པར་ཁོང་གི་རང་རྣམ་ལས་གསུངས། འགྲོ་འདུལ་བསྟན་གཉིས་གསང་སྔགས་གླིང་པའི་སྐྱེ་གནས་བར་དོའི་རྣམ་པར་ཐར་པ་བརྗོད་པ་སྒྱུ་མའི་འཁྲུལ་འཁོར། ཞེས་བྱ་བའི་བོད་ཨང་༤ལས། ངེད་ཀྱི་རུས་རྒྱུད་ནི་ཁྱུང་རིགས་ལས་ཆད་པ་རྒྱལ་ཁྱུང་རྩ་བའི་རྒྱུད་པ་སྟེ། ཞེས་དང་། ཤོག་གྲངས་༦ལས། ངེད་ཀྱི་རུས་ནི་ཁྱུང་གི་རིགས་ཡིན་ཡང་དབལ་ཁྱུང་ཚུལ་ཁྲིམས་བསྟན་རྒྱལ་གྱི་ཡང་སྲིད་ཡིན་པ་ཁོ་བོ་རང་གིས་ངོ་(ངོས་)འཛིན་ཞིང་གདན་ས་ལ་འཁོད་ནས་བསྟན་པ་སྐྱོང་བ་སྟེ། ཞེས་གསལ།

  [2] གོང་གསལ་རྣམ་ཐར་༡༤ལས། དེའི་སྐབས་རང་དགོན་ནས་བླ་གྲྭ་ཐམས་ཅད་གནས་སྐོར་ལ་སོང་བས། མལ་དུ་གྲྭ་རྒན་པོ་དང་ཆུང་ཆུང་འགའ་ཞིག་མ་གཏོགས་མེད་པས། བདག་རང་ཡང་སྐལ་དགོན་དུ་འགྲོ་དགོས་བྱུང་། དགེ་ཚུལ་གྱི་གྲལ་དུ་ཚུད། གཙང་ཁྲིམས་ཉེར་ལྔའི་སྡོམ་པ་ནོད། ཚུལ་མིང་ཐུབ་བསྟན་གསང་སྔགས་གྲགས་པ་ཐོབ། ཅེས་གསུངས་པ་ལྟར་ན་ཉག་སྤྱིའི་བཀའ་ནན་འོག་དེར་ཕེབས་དགོས་བྱུང་བ་རྟོགས།

  [3] གོང་གསལ་རྣམ་ཐར་༤༣ལས། སྔར་གྱི་ཁ་བྱང་གི་ཟངས་སྒྲོམ་བོར་བ་དེ་ཡེ་ཤེས་དབལ་མོས་རྡོ་ཡི་སྒྲོམ་བུར་བཏབ་ཅིང་། རྟ་ཁོག་ཕ་བང་བོན་མོ་ལ་སྦས་པ་དེ་རྡོ་སྒྲོམ་སྲུབ་མེད་པ་ཞིག་འདུག་པ་དེ་ཁ་འབྱེད་དགོས་སྙམས་པའི་བློ་སྐྱེས་ནས། ཚོགས་ཀྱི་དངོས་གྲུབ་སྐབས་སུ་དཀྱིལ་འཁོར་སྟེང་ནས་སྒྲོམ་བུ་དེ་ལག་དུ་བླངས་ཤིང་བུ་མོའི་སྐྲ་ཉག་མ་གསུམ་གྱིས་བསྐྲིས་(དཀྲིས་)ཚེ། རྡོ་སྒྲོམ་དེ་ཀུན་གྱིས་མཐོང་སར་ཐགས་སེ་ཁ་འབྱེད་སོང་བའི་ནང་དུ་ཟངས་ཀྱི་སྒྲོམ་བུ་དེ་གསལ་ལམ་མེར་མཐོང་བྱུང་བ་དང་། དེར་ཁ་ཕྱེས་ཚེ། དེ་ཡི་ནང་ཁ་བྱང་གི་ཤོག་སེར་མཐིང་མདོག་དང་ལྡན་པ་ཞིག་ལ་གཡུ་ཡི་བརྡ་རིས་ཁྲ་ཤིགས་སེ་ཅན་གསུམ་བདོག་པས་དེ་སྔ་ཕྱི་བར་གསུམ་གྱི་ཁ་བྱང་ཡིན་ཞིང་། ཐམས་ཅད་ཞལ་མཇལ་ཞིང་ངོ་མཚར་ཆེ་བ་གླེང་རྒྱུ་བྱུང་ངོ་། །དེ་ནས་ཁ་བྱང་གི་མཁའ་འགྲོའི་བརྡ་རིས་བོད་ཡིག་ཏུ་ཕབ་ཚེ། དེ་ཡི་ནང་དུ་སྔ་ཕྱི་བར་གྱི་ལུང་བསྟན་གཏེར་གྱི་བྱ་བཞག་སོགས་ཡོད་པའི་ནང་ཚན་དང་པོ་ལ་འདི་ལྟར་འདུགཅེས་སོགས་གསུངས།

  [4] གོང་གསལ་བརྒྱུད་རིམ་ཤོག་གྲངས་༢༡། ༢༢ལས་གསལ། མཛད་པ་པོ་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན།

  [5] བླ་མ་འདི་རྣམས་ཀྱི་མཚན་ནི་གོང་གསལ་བཀའ་འགྱུར་གྱི་བརྒྱུད་རིམ་ལས་བཏུས་པ་ཡིན། མཛད་པ་པོ་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན།

  [6] གོང་གསལ་བཀའ་འགྱུར་གྱི་བརྒྱུད་རིམ་ཤོག་ངོས་༢༣། ༢༤ལས་གསལ། མཛད་པ་པོ་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན།

  [7] གོང་གསལ་བཀའ་འགྱུར་གྱི་བརྒྱུད་རིམ་ཤོག་ངོས་༡༨ལས་གསལ། མཛད་པ་པོ་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན།

  [8] མཁའ་འགྲོ་དབང་མོའི་རྣམ་ཐར་༡༡༥༠ལས། དུས་བཟང་དགེ་བའི་ཉིན་མོར་ཁྱུང་དཀར་སྟེང་། མཐོང་གྲོལ་རི་ཁྲོད་བསུ་བ་དང་བཅས་སླེབས། །མཆོག་སྤྲུལ་ཀུན་དགའ་རིན་པོ་ཆེ་ཉིད་དང་། །སྨན་རི་མཁན་ཆེན་ཕུན་ཚོགས་བློ་གྲོས་མཇལ། །སྒར་སྤྲུལ་རྟེན་འཕགས་རྩེ་དྲུག་མཆོག་སྤྲུལ་སོགས། །བྱ་ཟེ་བླ་སྤྲུལ་བཙུན་མ་དད་ཕྱོགས་ཀྱིས། །བླ་མ་སྤྲུལ་དབོན་མཚམས་བཞུགས་ཐམས་ཅད་ཀྱང་། །དཔལ་རི་མཚམས་པ་རྐྱང་གི་མཚམས་པ་སོགས། །མོས་ལྡན་རྣམས་ཀྱིས་དད་འདུན་གུས་པ་བཅས། །གཏེན་ཆེན་ཉིད་ཀྱིས་དྲན་པའི་ཞལ་ལུང་བཞིན། །བོན་གྱི་བཀའ་བརྟེན་ལུང་རྒྱུན་ལྡིང་བ་རྣམས། །མདོ་སྡེ་སྐལ་བཟང་དགུ་བཟུང་ལུང་རྒྱུན་མཐུད། །ཞེས་གསལ། མཛད་པ་པོ་མཁའ་འགྲོ་དབང་མོ། སོག་སྡེ་སྤྲུལ་སྐུའི་བརྟེན་འགྱུར་པོད་༡༤༩

  [9] འདི་ནི་ཉག་རོང་ཡེ་ཤེས་དགོན་པའི་མཁན་པོ་གཡུང་དྲུང་བསྟན་འཕེལ་མཆོག་ལ་༢༠༡༥/༡/༢༨ཉིན་ལི་ཐང་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་བརྒྱུད་ནས་བཀའ་འདྲི་ཞུས་པ་ལས་ཐོས་པ་ཡིན།

  [10] ལི་ཐང་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གསུངས། ཁོང་ནི་ཁྱུང་པོ་བདུད་འདུལ་གྱི་སློབ་མ་ཡིན་ཞིང་བདུད་འདུལ་གྱི་སྐུ་མདུན་ནས་ཁྲིད་ལུང་ཞུ་སྐབས་ལུང་གི་འཕྲོ་བདུད་འདུལ་རང་ཉིད་ཀྱིས་བསྐྱངས་པའི་སྐོར་གསུངས་པ་ལན་མང་ཐོས་མྱོང་འདུག

  [11] སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། ཞེས་བྱ་བའི་ལེའུ་བཅུ་དྲུག་པ་༣༤༧ལས་གསལ། མཛད་པ་པོ་དཔལ་ལྡན་ཚུལ་ཁྲིམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

  ཡོངས་ཁུངས། སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེའི་གསུང་འབུམ་དེབ་གཉིས་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།