གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་མཆོག

[ཟླ་ཚེས། 2022-05-12 11:56:56][རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དམུ་རྒྱལ་གཤེན་གྱི་གདུང་འཛིན་སྐྱབས་རྗེ་༧གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་མདོར་བསྡུས་རྒྱལ་གཤེན་དགྱེས་པའི་མཆོད་སྤྲིན།

སྤངས་དང་རྟོགས་པ་མཐར་སོན་ལུང་དང་རིག་པའི་བདག་ཉིད་ཅན། །
མཁས་དང་གྲུབ་པ་བྱེ་བའི་འབྱུང་གནས་གོང་ནས་བརྙེས་ཟིན་པས། །
ཐབས་དང་ཐུགས་རྗེས་མཛད་བཅུའི་འོད་ཆེན་སྐྱ་རེངས་ཤར་བའི་རྒྱུན། །
གནས་གསུམ་བོན་གྱི་མགོན་པོ་དམུ་རྒྱལ་ཐོད་དཀར་སྲས་དེར་འདུད། །
   སྤྱིར་ལོ་རྒྱུས་ཐོག་ཡོངས་གྲགས་སུ་གདུང་རྒྱུད་ཆེ་དྲུག་ཡོད་པའི་ནང་ནས་དམུ་རིགས་གཤེན་ལྷའི་གདུང་རྒྱུད་ནི། རྩ་རྒྱུད་ཉི་སྒྲོན་སོགས་ལས་འདི་ལྟར་གསུངས་སྟེ། དེ་ཡང་རྒྱལ་རིགས་གཤེན་གྱི་གདུང་རབས་ཀྱི་རྩ་བ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སམ་སྟོང་རྩ་བརྒྱད་བྱོན་རབས་དང་འབྲེལ་དགོས། ཞེས་གསུངས་པ་ལྟར། དང་ཐོག་བསྐལ་སྟོང་སངས་རྒྱས་བྱོན་ཚུལ་དང་སྲིད་པའི་གྲོལ་ཚུལ་སོགས་བརྒྱུད་དེ་བདག་བཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ནས་ད་ལྟའི་སྐུ་འཚོ་བཞུགས་སྐྱབས་རྗེ་གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་ལ་ཐུག་གི་བར་དུ་རྒྱུད་པའི་ཟམ་མ་ཆད་པར་ལོ་རྒྱུས་ཐོག་ཏུ་མཚན་རིམ་གསལ་བ་རྣམས་ལ་གཞིག་ཚེ། གདུང་རབས་བརྒྱད་བཅུ་གྱ་བདུན་ཙམ་སོང་བའི་ནང་རྣམ་འདྲེན་བླ་ཆེན་སྐྱེས་བུ་དམ་པ་བརྒྱ་དང་བཞི་བཅུ་ཞེ་གཉིས་ཙམ་སོང་བ་ནི་གསལ་བར་ཤེས་ཐུབ། དེའི་ནང་ཚན་གཤེན་འཛམ་གླིང་རིན་པོ་ཆེར་གཤེན་གྱི་བླ་བསྟོད་ནོར་འཕྲེང་ནང་ཁྱུང་སློབ་ཚུལ་རྒྱན་པས་གསོལ་འདེབས་འདི་ལྟར་གསུངས་ཏེ།
ཨེ་མ་ཧོ། ཀུན་བཟང་ཐུགས་སྤྲུལ་དྲན་པ་ནམ་མཁའི་སྐུ། །
སྙིགས་དུས་འགྲོ་བའི་མགོན་དུ་རྗེས་བརྩེའི་གར། །
དམུ་གཤེན་འཛམ་གླིང་བསྟན་པའི་ཉི་མ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཞེས་གསུངས་པ་ལྟར་དམ་ཁོང་གི་མཛད་རྣམ་ནི་སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཞིབ་པར་གསུངས་ཡོད་པས་འདིར་སྨྲ་བར་མི་བྱ། རྒྱལ་བ་ཉི་མའི་དབང་པོའམ་ཉི་མ་འབུམ་གསལ་མཆོག་ནི། དེ་ཡང་སྐྱེས་ཆེན་བླ་མ་དམ་པ་དམུ་རྗེ་ཉི་མ་འབུམ་གསལ་ལམ་ཐུགས་རྗེ་ཉི་མ་རིན་པོ་ཆེ་ཡི་གསང་གསུམ་གྱི་མཛད་པ་བསམ་མཐའ་ཡས་པ་ཡོད་ཀྱང་། དུས་ཀྱི་དབང་གིས་དཔྱད་གཞིའི་ཡིག་ཆ་མཐོང་དཀོན་པ་མ་ཟད། ཞིབ་འདྲི་བྱ་ས་ཉུང་བ་བཅས་ལ་བརྟེན་ནས་རྣམ་ཐར་རྒྱས་པ་ཞིག་མ་ཡིན་ཡང་། དད་པས་བསྐུལ་ནས་གདུང་རབས་ཀྱི་སྟོང་ཆ་ཁ་སྐོང་ཚུལ་དུ་འབྲི་བར་བྱ་བ་ལ། བླ་བསྟོད་ནོར་འཕྲེང་ལས། ཨེ་མ་ཧོ། རྒྱལ་ཀུན་རང་གཟུགས་ཚེ་དབང་ཐུགས་དབྱིངས་ནས། བསྟན་འགྲོར་རྗེས་བརྩེའི་ཉི་མ་འབུམ་གསལ་ཞིང་། སྨིན་གྲོལ་ཟབ་མོའི་པད་ཚལ་རྒྱས་པའི་གཉེན། དམུ་གཤེན་བླ་མའི་ཞབས་ལ་གསོལ་བ་འདེབས། ཞེས། དམ་པ་ཁོང་གི་འཁྲུངས་ཡུལ་ནི། བོད་ཀྱི་འགུལ་ལྷ་བཅུ་གསུམ་གྱི་གཙོ་བོ་གཉན་ཆེན་ཐང་ལྷའི་བྱང་སྨད། སྤྲུལ་པའི་བྱ་ནག་སྐྱུང་མོ་གནས་རི་སྐྱུང་སྨུག་གུ་དེའུ་ཡི་ཤར་ཕྱོགས། མི་བདུད་འབྱམ་པ་ཁྲག་མགོའི་བླ་རི་གོར་ནམ་གཉིས་ཀྱི་ལྷོ་སྨད། ནག་ཆུ་བར་ཐའི་ཇིང་འགེར་དཔོན་གྱི་འོག་སྡེ། བར་ཐའི་ན་དམར་འཁྱིལ་ཆེན་ཞེས་ན་དམར་གསེར་གཞོང་འཁྱིལ་འདྲ་མཚོ་མོ་མེ་ལོང་བཀོད་འདྲའི་སར་གུང་པ་ཚང་མི་རབས་ནས་མི་རབས་བར་གནས་སྡོད་བྱེད་པའི་ས་ཆར། ཕྱི་དཀར་ནག་ཕྱུགས་ཀྱི་རྒྱན་པ་མ་ཉམས་བྱང་འབྲོག་སྡེ་ཨ་མདོ་བར་ཐའི་ནང་ཕྱུག་མིང་ཐོག་པ། ནང་གཡུང་དྲུང་བོན་གྱི་ཆོས་རྒྱུད་མ་ཉམས་དཀར་པོ་དགེ་བའི་ལས་ལ་བརྩོན་པའི་ཁྱིམ་མིང་གུང་པ་ཚང་ཞེས་འབོད་པའི་དུད་ཁྱིམ་དེར་མཆོད་ཡོན་གྱི་འབྲེལ་བ་ཆགས་པར། གུང་པ་ཚང་གོ་༼གོ་རྣ་རུས་པ་ཡིན་༽རྣ་སྟོན་པའི་བུ་མོ་གཡང་ཆེན་ཞེས་པ་དེ་ཕྱི་མཚན་དཔེའི་ཁ་དོག་མཛེས་པ། ནང་སེམས་རྒྱུད་དགེ་ལ་དད་པས་ཉམས་ཐག་འགྲོ་ལ་བྱམས་པའི་གཤིས་རྒྱུད་མངའ་བ་དེ། གཤེན་འཛམ་གླིང་རིན་པོ་ཆེ་ཁོང་གིས་རིག་བཟང་གི་མཁའ་འགྲོ་མ་འདི་ནི་རང་རེ་གཤེན་ཚང་གི་གདུང་རྒྱུད་འཛིན་མཁན་ཡུམ་ཆེན་ཞིག་ཡིན་པར་མཁྱེན་ནས་ཟུར་རྟེན་གྱི་ལྕམ་དུ་བཞེས་པའི་སྲས་སུ། བོད་རབ་བྱུང་དྲུག་པའི་མེ་མོ་ཡོས་ལོ་སྟེ། སྤྱི་ལོ་༡༩༢༧ལོར་ངོ་མཚར་གྱི་རྟགས་མཚན་དུ་མ་དང་བཅས་སྐུ་འཁྲུངས། དུས་དེར་ཡབ་འཛམ་གླིང་རིན་པོ་ཆེ་གུང་པ་གོ་རྣ་ཚང་ནང་དུ་བཞུགས་ཡོད་པས། ཁོང་གིས་སྲས་ཀྱི་མཚན་ལ་གཤེན་ཐུགས་རྗེ་ཉི་མ་ཞེས་གསོལ། སྐུ་ཚེ་དང་བསྟན་འགྲོའི་དོན་གང་མཛད་གེགས་མེད་ལྷུན་གྲུབ་ཡོང་བའི་ཐུགས་སྨོན་དང་ཞབས་རིམས་སྒྲུབ་པ་སོགས་ཀྱིས་མཛད་ཕྲིན་བསྐྱངས་རྗེས་གདན་ས་དར་སྡིངས་སུ་ཕེབས། ཁོང་ཡང་སྐུ་ན་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་བློ་རིག་གསལ་ཞིང་ཁྱད་དུ་འཕགས་པའི་མངོན་རྟགས་དུ་མ་དང་ལྡན་པར་གསུངས། བྱིས་པ་ཚོ་དང་མཉམ་དུ་རྩེ་མོ་རྩེ་སྐབས་ས་རྡོ་རྩེག་ནས་དགོན་པ་ཡིན་མདོག་དང་། བླ་མ་ཡིན་ཞེས་བཀའ་དབང་གསུང་ཚུལ་སོགས་ཐུན་མིན་མཛད་པ་ཁྱད་པར་འཕགས་པར་བརྟེན། དེ་རུ་ཡོད་པའི་ཡུལ་མི་རྒན་གྲས་རྣམས་ཀྱིས་དད་གུས་དང་ཡིད་རང་ངང་གྲོང་དེའི་བྱིས་པ་ཚོས་ཁོང་ལ་ཟས་བཙོག་སྦྱིན་པ་དང་གོས་བཙོག་སྐོན་པ་སོགས་མི་རུང་ཞེས་མངག་ཆ་བྱས་ཡོད། སྤྱིར་དམུ་གཤེན་གདུང་ལ་འཁྲུངས་པའི་སྐུ་སྲས་རྣམས་གདུང་རྒྱུད་ཙམ་མ་ཡིན་པ་རིག་འཛིན་གོང་མའི་རྣམ་སྤྲུལ་འགྲོ་དོན་དུ་བྱོན་པ་ཤ་སྟག་ཡིན་པ་ནི་གཤེན་ཉི་མ་འབུམ་གསལ་མཆོག་ཉིད་ཀྱང་བླ་ཆེན་དྲན་པའི་སྐུ་སྲས་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་ཐུགས་སྤྲུལ་ཡིན་པས། ཡོངས་འཛིན་ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཁོང་ལ་གསོལ་འདེབས་འདི་ལྟར་ཕུལ་ཏེ། ཨེ་མ་ཧོ། རྒྱལ་ཀུན་རང་གཟུགས་ཚེ་དབང་ཐུགས་དབྱིངས་ནས། ། བསྟན་འགྲོར་རྗེས་བརྩེའི་ཉི་མ་འབུམ་གསལ་ཞིང་། །སྨིན་གྲོལ་ཟབ་མོའི་པད་ཚལ་རྒྱས་པའི་གཉེན། །དམུ་གཤེན་བླ་མའི་ཞབས་ལ་གསོལ་བ་འདེབས། ཞེས་གསུངས། ཁོང་ནར་སོན་དུས་དགུང་ལོ་བཅུ་གཉིས་བཅུ་གསུམ་ཙམ་ནས་ཡབ་དམུ་གཤེན་འཛམ་གླིང་རིན་པོ་ཆེ་བསྟན་འགྲོའི་དོན་དུ་བྱང་ཡུལ་དུ་གདུལ་བྱར་ཕེབས་ཏེ་ཀྲེ་བ་རུ་བཞུགས་སྐབས་ཡུམ་སྲས་གཉིས་ཡང་ཀྲེ་བ་རུ་ཡར་ཕེབས་ཏེ་མཉམ་དུ་མཇལ་ཕྲད་དང་ལྷན་བཞུགས་ཡུན་རིང་ཙམ་གནང་ཏེ་ཡི་གེ་འབྲི་ཀློག་སོགས་བསླབས་གནང་མཛད་དེ་ཡབ་སྲས་ལྷན་ནག་ཆུ་བར་ཐ་འཁྲུངས་ཡུལ་ལ་ཕེབས་ནས་གུང་པ་ཚང་དུ་གང་འཚམ་བཞུགས་པར་མཛད།  དེ་ནས་ཡུམ་སྲས་མཉམ་དུ་སྟོད་གངས་རིན་པོ་ཆེར་བསྐོར་བ་ལ་འགྲོ་དགོས་གསུངས་ཀྱང་ཡུམ་མཁའ་འགྲོ་གཡང་ཆེན་གྱིས་ཕེབས་རྒྱུའི་ཁས་ལེན་མ་བྱས་ཁར། ཡབ་དང་ཞབས་འཁོར་རྣམས་སྟོད་གངས་རི་སོགས་ལ་གནས་གཟིགས་ཕེབས་ཏེ་གདན་སར་འབྱོར། དེ་ནས་རིན་པོ་ཆེ་ཁོང་དགུང་ལོ་ཆེ་བར་བརྟེན་ཁོང་གིས་ཕྱག་ཡིག་དང་། གཤེན་ཚང་གི་ཕྱག་མཛོད་དང་གྲྭ་པ་མི་ཆེན་ཁ་ཤས་བཅས་མཉམ་དུ་བཏང་ཏེ་སྲས་ཐུགས་རྗེ་ཉི་མ་ཁྱེད་གདུང་འཛིན་སྐྱོང་ནས་གདན་སར་བཞུགས་དགོས་ལུགས་སོགས་ཀྱི་ཞུ་ནན་བྱས་ཀྱང་ཕེབས་རྒྱུའི་ཞལ་བཞེས་མ་གནང་བ། ཁོང་བྱིས་པའི་ན་ཚོད་ཡོལ་ནས་དར་མའི་ལོ་ཚོད་ཟིན་པས་བར་ཐ་ཇིང་འགིར་དཔོན་ཚང་ཕུན་ཚོགས་དབང་འདུས་ཀྱི་སྲས་མོ་ཆེ་བ། ཇིང་འགེར་བཙན་ལྷའི་སྲིང་མོའི་མཉམ་དུ་བཞུགས་ཏེ་སྲས་མོ་གཅིག་བྱུང་། ཁོང་རྣམས་གདན་སར་ཡར་ལོག་ནས་དོན་དེ་ཇི་མ་ཇི་བཞིན་འཛམ་གླིང་རིན་པོ་ཆེ་ལ་ཡར་ཞུ་བྱས་པས་ཁོང་གིས་གསུང་དོན། ཐུགས་རྗེ་ཉི་མ་ཁོང་ང་ཚོ་མི་ཡིས་བཞག་ཀྱང་ལྷ་ཡི་བཞག་གནང་གི་མ་རེད་ཅེས་གསུང་འདུག  ཁོང་གིས་དེ་ལྟར་གསུངས་པ་ནི་མ་འོངས་དངོས་མཁྱེན་གྱིས་ལུང་བསྟན་མཛད་པ་ཞིག་ཡིན་པས། དེ་ནས་དུས་མི་རིང་བར་གཤེན་ཉི་མ་འབུམ་གསལ་གྱི་བཙུན་མོ་ཡུམ་སྲས་གཅིག་རྗེས་གཉིས་མཐུད་ཀྱིས་དགོངས་པ་རྫོགས་པས་ཁོང་གིས་ཐུགས་ལ་སྐྱོ་བ་ཚད་མེད་སྐྱེས་ཏེ་སྣང་གསལ་ནམ་མཁའ་རྒྱལ་མཚན་དང་མཇལ་འཕྲད་གནང་ཏེ་སྔོན་འགྲོའི་ཁྲིད་སོགས་གསན་གནང་མཛད། དེ་ནས་དུས་མི་རིང་བར་ཡབ་ཞིང་དུ་གཤེགས་པ་ཐོས་ནས། ཁོང་གི་ཐུགས་དགོངས་ལ་རྒྱལ་བ་གཤེན་གྱི་གདན་ས་མ་སྐྱོང་ན་མི་ཡོང་དགོངས་ནས་གདན་ས་དར་སྡིངས་སུ་ཕེབས་རྒྱུའི་དགོང་བསམ་བཞེས་པར་བརྟེན། ཁོང་དགུང་ལོ་ཉི་ཤུའི་ནང་ཕེབས་དུས་གཤེན་གྱི་ཕོ་བྲང་དུ་གདན་ཞུས་གནང་། གོང་མའི་ཁྲིར་མངའ་གསོལ། སྐུ་ཟླ་མཐོང་སྨོན་ཁུལ་ནས་ཡིན་པ་དབུ་མཛད་ལྷ་བའི་བུ་མོ་བསྟན་འཛིན་མཚོ་རྒྱལ་ལྕམ་དུ་བསུས། དེ་ལ་སྲས་ནོར་བུ་དབང་རྒྱལ་འཁྲུངས། དེ་ནས་ཁོང་གིས་གཤེན་ཚང་དགོན་པར་དེ་སྔོན་ཉམས་རྒུད་སོང་བའི་ཁང་པ་རྣམས་བཟོ་བཅོས་ལེགས་པར་མཛད་ནས་དགུ་གཏོར་སྐབས་བཀའ་དབང་དང་། གར་འཆམ་ཐེངས་གཅིག་གནང་། དེ་ནས་ཁོང་བསྟན་དང་འགྲོ་བའི་ཆེད་དུ་སོག་སྡེའི་རྒྱུད་ལ་གདུལ་བྱར་ཕེབས་སྐབས་སྐྱང་ནག་བླ་མ་མཐའ་ཡས་རྒྱ་མཚོ་ཁོང་དང་མཇལ་འཛོམས་ཐོག་གཤེན་ཐུགས་རྗེ་ཉི་མ་ཁོང་གིས་མ་འོངས་མངོན་གཟིགས་མང་པོ་གསུང་ནས། གཤེན་ཚང་གི་རྟེན་རྩ་ཆེན་རྣམས་ཉེ་འཁོར་ཞབས་ཕྱི་བ་སྤུན་གུང་པ་ཆོས་ལྡན་ལ་ཁྱེད་རང་རྟེན་འདི་རྣམས་ཕྱི་བལྟ་མེད་པར་རང་ཡུལ་དུ་གདན་དྲོངས་ལ་སོང་། མ་འོངས་རྗེས་མཇུག་རྣམས་ཀྱི་རྟེན་སྐལ་ཡིན་གསུང་ནས་འཕྲལ་མར་རང་ཡུལ་ལ་བཏང་གནང་། རྟེན་དེ་རྣམས་ད་ལྟ་གཤེན་ཚང་བླ་བྲང་ལ་བཞུགས་ཡོད། ང་ཡི་གདན་སར་བུ་སྤྲེལ་ལོ་བ་ཞིག་ཡོད་པ་དེ་མཐའ་ཡས་རིན་པོ་ཆེ་ཁྱེད་ཀྱིས་མི་གྲལ་ལྷ་གྲལ་ཡོང་བ་མཛད་རོགས་གསུང་ནས། མངོན་ཤེས་ཀྱི་རྩལ་སྟོབས་ཆེ་བའི་རྒྱལ་བ་གཤེན་གྱི་གདུང་འཛིན་ཉི་མ་འབུམ་གསལ་ལམ་ཐུགས་རྗེ་ཉི་མ་ཁོང་ནི་མཐར་སོག་སྡེའི་ཡུལ་བྱང་ཆུང་མ་ཞེས་རྒྱལ་མོ་དངུལ་ཆུའི་ཆུ་བརྒྱུད་ཞྭ་དམར་སྟག་རྩེ་དགྲ་འདུལ་གྱི་གཡོན་ཟུར། ལུང་ཡག་བྲག་ཁྲི་ཁར་གནས་ལ་དགོངས་པ་བོན་དབྱིངས་སུ་རྫོགས། ས་འདིར་སྐྱང་འཕགས་བླ་མ་མཐའ་ཡས་རིན་པོ་ཆེས་གཙོས་བླ་གྲྭ་རྣམས་ཀྱིས་སྐུ་གདུང་ཞུགས་འབུལ་མཛད། དེང་དུས་ཀྱང་ཡུལ་མི་རྣམས་ལ་གདུང་རུས་དང་རིང་བསྲེལ་རྙེད་རྒྱུ་ཡོད་འདུག་གོ །
དེའི་སྲས་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་ནི།
གཤེན་རབ་ཀུན་གྱི་མཆོག་གྱུར་ཐོད་དཀར་སྲས། །
སྲས་མཆོག་དེ་ཡི་བརྒྱུད་འཛིན་དབྱིག་གི་ནོར། །
ནོར་བུ་ཀུན་ལས་རྣམ་རྒྱལ་དམུ་རིགས་བུ། །
བུ་རྒྱུད་དྲི་བྲལ་སྲིད་གསུམ་ཡོངས་ལ་དབང་། །
དབང་འགྱུར་འཁོར་ལོས་ཉོན་མོངས་ཀུན་ལས་རྒྱལ། །
རྒྱལ་བསྟན་ཉིན་མོར་བྱེད་ལ་མཆོད་ཅིང་བསྟོད། །
   ཅེས་པའི་མཁྱེན་གསོལ་གྱི་གདུང་དབྱངས་ཤོ་ལོ་ཀ་དེ་ཡིས་མདུན་བསུས་ཏེ་ཞུས་ན། དམུ་རིགས་གཤེན་གྱི་བསྟན་པའི་བདག་ཉིད་༧སྐྱབས་རྗེ་དམ་པ་གཤེན་སྲས་རིན་པོ་ཆེ་དམུ་གཤེན་ཉི་ཟླ་དབང་གྲགས་མཚན་ནམ་ནོར་བུ་དབང་རྒྱལ་མཆོག་ནི། རིགས་སྲས་དམ་པ་རྒྱལ་བའི་མྱུ་གུ་སྟེ། མཆོག་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་བསམ་གྱི་མི་ཁྱབ་པ་རྣམས། བདག་འདྲའི་སོ་སྐྱེས་ཕལ་པ་ཞིག་གིས་དཔྱོད་ཡུལ་གཏན་ནས་མིན་ནའང་། སྐྱབས་རྗེ་བླ་མ་དམ་པ་འདི་ཡིས་བསྟན་འགྲོའི་ཆེད་དུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས་པ་ལས་ཐུན་མོང་ཕྱི་ཡི་རྣམ་ཐར་སྐོར་ཞིག་གུས་པས་བསྐུལ་བར་བརྟེན། ཁོང་ཉིད་ཀྱིས་གསུང་གིས་བཀའ་བསྩལ་གནང་བ་གཞིར་བཟུང་ནས་གུས་པ་རང་ཉིད་ནས་ཀྱང་དཔྱད་གཞིའི་ཡིག་ཆ་དག་ལ་ཞིབ་བལྟ་དང་ཁོང་ལ་རྒྱུས་མངའ་ཆེ་བའི་རྒན་རབས་པ་རྣམས་ལ་བཀའ་འདྲི་ཞུས་པ་བཅས་ལ་བརྟེན་པ་ལས་སྒྲོ་སྐུར་སོགས་ཀྱི་མ་ལྷད་པར་དྲང་བརྗོད་ཀྱི་ལམ་ནས་ཕྱི་རབས་པ་རྣམས་ལ་གསོལ་འདེབས་སམ་བཀའ་དྲིན་རྗེས་དྲན་གྱི་རྟེན་དུ་ལོ་རིམ་གྱི་སྒོ་ནས་ཆུ་བོའི་བཞུར་རྒྱུན་བཞིན་རྣམ་ཐར་མདོར་བསྡུས་ཤིག་འགོད་པར་བྱ་བ་ལ་སྤྲོ་བ་སྐྱེས།
   དེ་ཡང་གང་ཉིད་ཀྱི་འཁྲུངས་ཡུལ་ནི། ལུང་ལས། རྒྱལ་བ་གཤེན་གྱི་གདུང་འཛིན་དུ། གཤེན་སྲས་ནོར་དབང་བྱ་བ་འབྱུང་། ཅེས་གསུངས་པ་ལྟར་སྔོན་རབས་དུས་སུ་བོན་གྱི་འདུ་གནས་སོ་བདུན་དུ་གྲགས་པའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས། སྒྲུབ་སྡེ་སོ་བདུན་གྱི་ཡ་གྱལ་རི་བོ་གླང་ཆེན་འགྱིང་འདྲའི་གནས་ཀྱི་མདུན་རོལ་དུ་བརྗིད་ཆགས་ཉམས་དགའི་གནས་ཆེན་གསེར་སྒོ་ཁྲ་མོའི་འདབས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་བདག་ཅག་གི་རྣམ་འདྲེན་རྫོགས་པའི་སངས་རྒྱས་ཀྱི་གདུང་རྒྱུད་འཁྲུལ་བ་མེད་པ་གསེར་གྱི་ཉག་ཐག་ལ་རིན་པོ་ཆེའི་ཕྲེང་བ་བརྒྱུས་པ་ལྟར་གནས་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་རིས་མེད་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་རྒྱལ་བ་སྲས་དང་བཅས་པའི་རྣམ་རོལ་རྒྱུན་མ་ཆད་པར་འཁྲུངས་པའི་རྒྱལ་རིགས་གཤེན་ཚང་ངམ་དམུ་རིགས་གཤེན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་འཁྲུངས་གནས་གཤེན་ཚང་ཕོ་བྲང་དུ་ལུང་ཟིན་གྱི་སྐྱེས་ཆེན་དམ་པ་ཡབ་གཤེན་ཆེན་ཉི་མ་འབུམ་གསལ་དང་། ཡུམ་མཐོང་སྨོན་དབུ་མཛད་ལྷ་བའི་སྲས་མོ་བསྟན་འཛིན་མཚོ་རྒྱལ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༩༥༦ལོར་དགེ་ལེགས་ཀྱིས་རྟགས་མཚན་དུ་མ་དང་བཅས་གཟུགས་སྐུ་མངོན་པར་འཁྲུངས། ཆུང་ནས་རྒྱུད་དུལ་བ་དང་། རང་གཤིས་བཟང་བ་སོགས་སྐྱེས་བུ་དམ་པའི་ངང་ཚུལ་རང་བཞིན་ལྷན་སྐྱེས་སུ་མངའ་བ་དང་། སྤྲུལ་པའི་སྐུ་མཆོག་ཁྱད་དུ་འཕགས་པའི་ཡོན་ཏན་དུ་མ་རྒྱུད་ལ་ལྡན་པ་སྟེ་རྒྱལ་བའི་སྲས་མཆོག་ནོར་བུ་དབང་གི་རྒྱལ་པོ་ཞེས་མཚན་གསོལ་མཛད། རྒྱལ་བའི་སྐུ་སྲས་ཡིན་པའི་རྟགས་སུ་ཆུང་བྱིས་པའི་སྐུ་དུས་ནས་ཀྱང་མངོན་ཤེས་ལ་ཐོགས་པ་མེད་པ་ནི་ད་ལྟ་དར་སྡིངས་ཀྱི་རྒན་རབས་རྣམས་པས་གསུངས་རྒྱུན་མི་འདྲ་བ་བརྗོད་ཀྱིས་མི་ཚར་བ་མང་པོ་འདུག ཁོང་སྐུ་ན་ཆུང་ངུའི་སྐབས་རི་རྒྱལ་དགོན་ཁྲི་བརྟན་ནོར་གླིང་གཙུག་ལག་ཁང་དུ་གཤེན་གྱི་བླ་བརྒྱུད་རིམ་བྱོན་གྱི་གསེར་ཁྲི་ལ་ཞབས་གསོལ་གདན་ཞུས་མཛད་པའི་སྐབས། མཁན་ཆེན་བསྟན་འཛིན་རྒྱལ་མཚན་གྱིས་དམུ་རྒྱལ་གཤེན་ལ་རྩེ་གཅིག་དད་པའི་སྒོ་ནས་ཕུལ་བས་སྐུ་ཚེ་འཕོ་མེད་རྒྱུན་རིང་བརྟན་པའི་ཆེད། གསོལ་འདེབས་འདི་ལྟར་གསུངས་ཏེ།
ཨེ་མ་ཧོ། རྒྱལ་བསྟན་ཉིན་བྱེད་གསེར་གྱི་ལྷ་ལམ་ལས། །
རྒྱལ་སྲས་རྣམ་རོལ་ལོངས་སྐུའི་ཉི་ཤར་བས། །
རྒྱལ་བསྟན་གསལ་ཞིང་སྐྱེ་དགུའི་གཙུག་རྒྱན་མཆོག །
རྒྱལ་གཤེན་གདུང་འཛིན་བསྐལ་བརྒྱར་ཞབས་བརྟན་ཤོག །
   ཅེས་གསུངས་ཡོད་པ་གཤེན་གྱི་ཚོགས་འདོན་ནང་གསལ། དེའི་རྗེས་ཡབ་དང་དུས་ཡུན་རིང་པོ་ལྷན་བཞུགས་བྱེད་པའི་སྐལ་པ་མ་བྱུང་བར་ཁྱོན་ཡོངས་ནས་དུས་འགྱུར་ཆེན་པོའི་ཟང་ཟིང་འགོ་ཚུགས་ཏེ། ཡབ་དང་དཔོན་གཡོག་རྣམས་སྨད་ཕྱོགས་སུ་ཕེབས་རན་ཏེ་ཡུམ་དང་གཤེན་སྲས་ཁོང་གཉིས་ལྷན་དུ་ཕེབས་རྒྱུར་ཟན་རྟགས་བསྒྲིལ་ཏེ་སྒྲུབ་ཁང་དུ་ཡི་དམ་ལྷ་དང་སྲུང་མའི་ཚོགས་རྣམས་ལ་བརྟགས་ལུང་ཞུས་པས་ཡུམ་སྲས་གཉིས་གདན་ས་རང་དུ་བཞུགས་རྒྱུར་ཐུགས་ཐག་བཅད་ཐོག ཡབ་དང་དཔོན་འཁོར་རྣམས་ཧོར་སོག་སྡེ་ཕྱོགས་སུ་ཕེབས་ཏེ་སྐྱང་འཕགས་བླ་མ་གཞན་ཕན་མཐའ་ཡས་རྒྱ་མཚོ་རིན་པོ་ཆེ་དང་ཞལ་མཇལ་བྱུང་ནས་མཐའ་ཡས་རིན་པོ་ཆེ་མཆོག་ལ་འདི་ལྟར་གསུངས། མ་འོངས་མངོན་གཟིགས་ཀྱིས་ཁྱེད་རང་དུས་འགྱུར་སྐབས་སུ་སྐྱོན་ཆག་ཡོང་གི་མ་རེད། ང་ཡི་ཕ་ཡུལ་གཤེན་དར་སྡིངས་སུ་རིགས་ཀྱི་སྲས་ཆུང་སྤྲེལ་ལོ་བ་ཞིག་ཡོད་པས་རྗེས་སུ་ཁྱེད་ཀྱི་ཐུགས་ལ་བཞག་ཏེ་གཟིགས་རྟོགས་གནང་རོགས་དགོས་ཞེས་བཀའ་མངགས་ནན་གྱིས་གནང་སྟེ་ཁོང་རྣམས་དུས་དེ་ནས་ཞལ་གྱེས་གནང་། དེ་རྗེས་ཡུམ་སྲས་གཉིས་རིག་གསར་སྐབས་ཀྱི་རླུང་འཚུབ་དྲག་པོའི་ཁྲོད། ལོ་བཅུ་ལྷག་ཙམ་རིང་འཁྱགས་ལྟོགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྣ་ཚོགས་མྱོང་དགོས་བྱུང་བ་ལས་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་པའི་གནས་སོགས་ལ་སྦྱངས་པ་མཛད་རྒྱུ་ནི་དེ་བས་བརྗོད་ཐབས་བྲལ། ལྕགས་ཕོ་ཁྱི་ཡི་ལོ་དགུང་ལོ་བཅོ་ལྔ་བཞེས་ཏེ་སྤྱི་ལོ་༡༩༧༠ནས་ལོ་ལྔ་ཙམ་གྱི་ནང་དཀའ་སྡུག་གི་ཁྲོད་སྔ་ཕྱིར་ཡུམ་དང་ལྷན་དུ་ཆུ་ལྷོ་གཞུང་དང་གཞིས་རྩེ་སོགས་ས་ཆ་གང་སར་ཕེབས་དགོས་བྱུང་བ་དང་། དེའི་རྗེས་ཡུམ་སྐུ་ན་ཕྲ་བའི་དུས་ནས་དཀའ་སྡུག་ཤིན་ཏུ་ཆེ་བར་བརྟེན་དགོངས་པ་རྫོགས། ཆུ་ཕོ་བྱི་བའི་ལོ་སྟེ་དགུང་ལོ་བཅུ་བདུན་ཙམ་ནས་ཁོང་གཅིག་པུར་ལུས་པ་དང་འཚོ་བ་སོགས་གང་ཅིར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་བར་བརྟེན་མུས་ལུང་སོགས་སུ་ཕེབས་པའི་སྐོར་གྱི་སྐུ་ངལ་བྱུང་ཚུལ་སེམས་གྱི་མི་བཟོད་པ་མང་དག་ཅིག་གསུང་རྒྱུ་འདུག་ཀྱང་རེ་རེ་བཞིན་བརྗོད་ཀྱིས་མི་ཚར་བ་དང་ཡིག་ཚོགས་ལ་འཇིགས་སྟེ་མ་བྲིས། མི་དམངས་ཀུང་ཧྲེའི་སྐབས་དར་སྡིངས་སུ་རུ་ཁག་གཉིས་པའི་ཕྱུགས་རྫི་གནང་སྟེ་བཞུགས། ཤིང་ཕོ་སྟག་གི་ལོ་སྤྱི་ལོ་༡༩༧༤དགུང་ལོ་བཅུ་དགུ་བཞེས་སྐབས་སྙུང་གཞི་དང་སྐུ་ངལ་གཉིས་ཀྱི་མ་བཟོད་པར་ཁོང་གཅིག་པུ་གཞིས་རྩེར་རྐང་ཐང་དུ་ལན་གཉིས་ཙམ་ཕེབས། མེ་ཕོ་འབྲུག་གི་ལོ་སྤྱི་ལོ་༡༩༧༦ནས་ལོ་གཉིས་ཙམ་གྱི་རིང་ལ་བཀྲ་ཤིས་ལྷུན་པོར་སྐུ་ཞབས་རྒུ་འགྲུམ་ལགས་ཀྱི་ཤག་ཏུ་བཞུགས། མེ་མོ་སྦྲུལ་གྱི་ལོ་དགུང་ལོ་ཉི་ཤུ་རྩ་གཉིས་ཕེབས་ཏེ་སྤྱི་ལོ་༡༩༧༧ལོའི་ལོ་མཇུག་ཏུ་སྐྱེས་བུ་དམ་པ་སྐྱང་ནག་མཐའ་ཡས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཁོང་རང་གི་ཚ་བོ་ཉི་ཤུལ་ཡ་ཞེས་པའི་མི་ཞིག་གཤེན་སྲས་ལྷ་སར་གདན་འདྲེན་ཞུ་བར་མངགས། ཁོང་དར་སྡིངས་སུ་ཕེབས་ནས་དེ་ཁའི་ཡུལ་མི་རྣམས་ལ་སྐད་ཆ་དྲིས་པས་ཡུལ་མི་རྣམས་ཀྱིས་གཤེན་སྲས་ཁོང་མཇལ་རྒྱུ་མེད་པར་ལོ་འགའ་ཤས་སོང་ཞེས་བཤད། དེ་ནས་གཤེན་སྲས་ཡུལ་དེར་བཞུགས་མེད་པ་ཤེས་རྗེས་ཁོང་གཞིས་རྩེར་ཕྱིར་ཕེབས་ཏེ་གཡུང་དྲུང་གླིང་གི་གྲྭ་རྒན་ཞིག་དང་མཇལ་ཏེ་ཁོང་ལ་སྐད་ཆ་དྲིས་པས་ཁོང་གིས་གཤེན་སྲས་གཞིས་རྩེར་བཞུགས་ཡོད་ལུགས་གསུངས་པར་བརྟེན། གང་སར་བཙལ་བས་གཤེན་སྲས་སྨན་ཁང་དུ་བཞུགས་ཡོད་པ་ཤེས་རྗེས། ཁོང་གིས་སྨན་པ་དང་དམངས་སྲིད་ཅུས་བཅས་ཚང་མར་གཤེན་སྲས་ལྷ་སར་གདན་རྒྱུའི་རེ་ཞུ་བྱས་རྗེས་ཁོང་རྣམས་ལྷ་སར་ཕེབས་ཏེ་ཨ་ཁུ་ཡི་དམ་གྱི་ནང་དུ་ཉིན་ཤས་བཞུགས་པ་དང་། དེ་དུས་མཐའ་ཡས་རིན་པོ་ཆེ་ཁོང་ལས་མིར་ཐོན་པ་དང་། ཁོང་གིས་ལས་ཞོར་དུ་གཤེན་སྲས་མཆོག་གི་འཚོ་བ་སོགས་གང་ཅིར་ཐུགས་དགོངས་ཟབ་བཞེས་གནང་བ་དང་སྲིད་རྒྱལ་དྲེའུ་དམར་དང་བྱམས་མ། མ་རྒྱུད་ཀྱི་གསོལ་འདེབས་ལ་སོགས་འདོན་ཆ་བསླབ་གནང་བ་དང་དབང་ལུང་ཁྲིད་བཅས་གནང་བྱུང་གསུངས། དགུང་ལོ་ཉི་ཤུ་རྩ་གསུམ་ཕེབས་པ་ས་ཕོ་རྟ་སྤྱི་ལོ་༡༩༧༨ལོར་ཏང་གི་ཆོས་ལུགས་དད་མོས་སྲིད་ཇུས་རང་དབང་མངོན་འགྱུར་གྱི་དཔྱིད་རླུང་དལ་པོ་བག་ཕེབས་ཀྱི་སྒོ་ནས་གངས་རིའི་ལྗོངས་འདིར་ལྡང་རྗེས་གཞི་ནས་ཁོང་གི་འཚོ་བ་སོགས་གང་སྤྱིར་བསམ་ཡུལ་ལས་འདས་པའི་འགྱུར་བ་བྱུང་བར་བརྟེན། མཐའ་ཡས་རྒྱ་མཚོ་མཆོག་དང་ཨ་མདོ་འཇིག་མེད་བཅས་ལྷན་དུ་ཀོང་པོར་ཕེབས་ཏེ་གནས་མཆོག་བོན་རིར་བསྐོར་བ་སྐྱོན་གནང་སྟེ་དགོན་ཤུལ་ཁག་དང་སྒྲུབ་གནས་རྣམས་ལ་ཞབས་བཅགས་ཀྱང་མཛད། ས་མོ་ལུག་ལོར་དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་ཏེ་སྤྱི་ལོ་༡༩༧༩ལོར་མཐའ་ཡས་རྒྱ་མཚོ་མཆོག་དང་ཚ་རོང་སྤྲུལ་སྐུ་སྦྱིན་པ་རྒྱལ་མཚན་རྣམ་གཉིས་ལྷན་དུ་གཡུང་དྲུང་གླིང་དུ་ཕེབས་ཏེ་ངན་སོང་དོང་སྤྲུགས་ཀྱི་སྙིང་པོ་དུ་ཏྲི་སུའི་སྒྲུབ་པ་ཟླ་བ་གཅིག་ལྷག་ཙམ་བཞུགས་ཏེ་ཕྱིར་ལྷ་སར་ཕེབས། སྤྱི་ལོ་༡༩༨༠ལོ་ནས་ལོ་རྒྱུས་ཀྱི་ཕྱིར་རྟོགས་དང་ད་ལྟའི་འཕོ་འགྱུར་ཁྲོད་དུ་སྒང་པ་ཞང་བོད་ཚང་ལ་བསྐྲུན་པའི་མཛད་འཕྲིན་དང་དམིགས་སུ་རྒྱལ་གཤེན་བསྟན་ལ་བཅངས་པའི་ལྷག་བསམ་འགྱུར་མེད་གཡུང་དྲུང་གི་རི་མོ་མཚོན་ཡོད་པ་སྐྱེས་བུ་དམ་པ་སྐྱངས་འཕགས་བླ་མ་ཁོང་དང་གྲུབ་དབང་བསྟན་པའི་ཉི་མ་རྣམ་གཉིས་ཟུང་འབྲེལ་གྱིས་ཁོང་ཉིད་ལ་སྨན་བཅོས་མཛད་པ་སོགས་བཙའ་རྫི་དང་འཚོ་སྐྱོང་གནང་བས་གཤེན་སྲས་རིན་པོ་ཆེ་ཉིད་སྐུ་ཡི་སྙུང་གཞི་སོགས་དྭངས་ཞིང་འཚར་ལོངས་བྱུང་བ་མ་ཟད་ན་ཚོད་སྨིན་ཅིང་འགྲོ་ལུགས་འདུག་སྟང་སོགས་ཀྱི་གླེང་མོལ་བྱུང་ཡོད་པ་དང་། དེ་རྗེས་སྐྱངས་འཕགས་བླ་མ་ཁོང་གིས་མ་འོངས་མངོན་གཟིགས་ཀྱི་གཤེན་སྲས་དེ་ཉིད་མཆོག་སྤྲུལ་གྲུབ་དབང་བསྟན་པའི་ཉི་མ་ཁོང་ཉིད་ལ་བཅོལ་གདམ་མཛད་གནང་ཏེ་དུས་དེ་ནས་ཁོང་རྣམས་པའི་སྐུ་ཚེའི་སྐྱིད་སྡུག་མཉམ་མྱོང་མཛད། ལྕགས་མོ་བྱ་དགུང་ལོ་ཉི་ཤུ་རྩ་དྲུག་བཞེས་ཏེ་སྤྱི་ལོ་༡༩༨༡ལོར་གདན་ས་དར་སྡིངས་སུ་ཆོས་འགོ་དར་ཚུན་གྱི་ཕེབས་ཐེངས་དང་པོ་བསྐྱངས་ཏེ་ཁྲི་བརྟན་ནོར་རྩེར་སྒེར་སྲུང་བཙན་རྒྱལ་ཐོག་རྒོད་འབར་བའི་བཞུགས་ཁང་གསར་བཞེངས་གནང་བ་དང་། གསེར་སྒོ་ཁྲ་མོ་ཞིག་ཤུལ་དུ་བསྟན་པའི་དར་ཆེན་ཞིག་བཙུགས་གནང་སྟེ་མ་འོངས་པར་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་ཡོང་བའི་ཐུགས་སྨོན་མཛད་དེ་ཉིན་ཞག་འགའ་ཤས་བཞུགས། ཆུ་ཕོ་ཁྱི་ཡི་ལོར་དགུང་ལོ་ཉི་ཤུ་རྩ་བདུན་སྤྱི་ལོ་༡༩༨༢ལོར་གཞིས་རྩེ་ས་གནས་ཆོས་ཚོགས་ཀྱི་ལས་འཛིན་མཛད། ཆུ་མོ་ཕག་གི་ལོ་དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་ཐོག་སྤྱི་ལོ་༡༩༨༣ལོར་སྨན་རིའི་དཔོན་སློབ་ཚུལ་ཁྲིམས་དབང་ལྡནམཆོག་དང་། དེ་བཞིན་གཡུང་དྲུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན། སྐྱངས་འཕགས་བླ་མ་གཞན་ཕན་མཐའ་ཡས་རྒྱ་མཚོ། ཚ་རོང་སྤྲུལ་སྐུ་སྦྱིན་པ་རྒྱལ་མཚན། མཁས་དབང་ཤེས་རབ་མཆོག་ལྡན། གྲུབ་དབང་བསྟན་པའི་ཉི་མ། ཞུ་བླ་ཉི་ཟླ་ཚེ་དབང་། མཁས་དབང་བསྟན་འཛིན་དབང་གྲགས། རྣལ་འབྱོར་ནོར་སྐྱབས་རིན་པོ་ཆེ་སོགས་ཀྱིས་གཙོས། བོན་གྱི་བླ་མ་ཆེ་ཁག་ཡོངས་རྫོགས་བཀའ་གྲོས་གནང་ནས་ཁོང་གིས་སྐུ་ཡི་ཕྱག་རྒྱར་འོས་པའི་རྒོད་ལྕམ་དོན་འབར་མ་ཞིག་སུ་ཡིན་ལྷ་སྲུང་ལ་རྟགས་ལུང་ཞུ་རྒྱུར་ཐུགས་དགོངས་ཟབ་བཞེས་མཛད་དེ་བོད་ཡུལ་སྟོད་སྨད་བར་གསུམ་ནས་རིགས་བཟང་ཁུངས་བཙུན་ཞིང་མཚན་རྟགས་དང་ལྡན་པའི་བུ་མོ་བདུན་ཙམ་ཞིག་བོན་གཞིས་ཐོབ་རྒྱལ་གསར་པའི་སྒྲུབ་ཁང་དབང་གྲགས་འབར་བའི་གནས་སུ་བདུན་ཕྲག་གསུམ་རིང་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་འདུས་གྲྭ་རྣམས་ཀྱིས་བོན་སྐྱོང་གནད་སྒྲུབ་ཀྱི་ཟན་རྟགས་བསྒྲིལ་ཏེ་ལྷ་བླའི་ལུང་བསྟན་དང་། ཁྱད་པར་དུ་རྟགས་རིལ་ཁ་མ་ཕྱེས་པའི་སྔ་ཉིན་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ཞལ་ནས་མདང་དགོང་ངའི་རྨི་ལམ་ལ་ཤར་ཕྱོགས་ནས་གསལ་བའི་ཉི་མ་འོད་ཆེན་ཞིག་ཤར་ནས་ས་གཞི་ཀུན་ལ་ཁྱབ་པར་རྨིས་པས། སང་ཉིན་གཤེན་སྲས་ཀྱི་མཁའ་འགྲོ་ཉི་མའི་མཚན་ཅན་ཞིག་ཐོན་གྱི་རེད་ལ་འགྲོ་དོན་རྒྱ་ཆེ་འབྱུང་ཞེས་གསུངས་པ་ལྟར་ཕྱི་ཉིན་རྟགས་རིལ་རྣམས་རིམ་བཞིན་ཐོན་པས་ད་ལྟའི་གཤེན་སྲས་རྣམས་པའི་མ་ཡུམ་མཚན་ལྡན་གྱི་མཁའ་འགྲོ་ཉི་མ་མཚོ་མོ་རྟགས་ལུང་བཞིན་དང་པོར་བབས་ཏེ་ལྕམ་དུ་བཞེས། ཤིང་མོ་གླང་སྤྱི་ལོ་༡༩༨༥ལོར་བོད་འབངས་ཡོངས་ཀྱི་སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གཞིས་རྩེར་ཕེབས་པ་དང་ཐོག་མར་གཤེན་སྲས་རིན་པོ་དང་མཇལ་འཕྲད་གནང་ཞིང་སྲིད་ཇུས་དོན་འཁྱོལ་ཐུབ་ནས་ཁོང་རྣམ་གཉིས་མཇལ་འཕྲད་གནང་ཐེངས་དང་པོ་དེ་ཡིན་པ་དང་པཎ་ཆེན་རིན་པོ་ཆེ་མཆོག་ནས་ཁོང་ལ་མཐོང་ཆེན་གནང་ཏེ། ཁྱེད་བདེ་ཐང་ངང་བཞུགས་ཐུབ་པ་མ་ཟད་དེ་རིང་ཞལ་མཇལ་བྱུང་བ་ནི་དངོས་གནས་ང་ཚོ་བོད་པ་ཚང་གི་བསོད་ནམས་ཞིག་ཀྱང་ལོས་ཡིན་ཞེས་གསུངས་པ་མ་ཟད། གཤེན་ཚང་ནི་ལོ་རྒྱུས་ཐོག་ཏུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཞང་ཡིན་ཚུལ་དང་། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་(སྤྱི་ལོ་༡༩༥༧)ཁྱེད་ཀྱི་ཡབ་གཤེན་ཐུགས་རྗེ་ཉི་མའི་སྐབས་སུ་དར་སྡིངས་སུ་ཡོང་ཏེ་དེ་གའི་དགོན་པ་གོང་འོག་གཉིས་ཀྱི་རྟེན་གཙོ་བཅས་ལ་མཇལ་ཕྱག་ཕུལ་བ་དང་དེ་ཁའི་མང་ཚོགས་ལ་བཀའ་དབང་གནང་མྱོང་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གསུང་པ་མ་ཟད། གཞིས་རྩེ་ས་གནས་ཀྱི་དབུ་ཁྲིད་རྣམས་ལ་བཀའ་སློབ་ཀྱང་འདི་ལྟར་གནང་། ཁོང་ནི་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་གདུང་རྒྱུད་ཡིན་པ་དང་ང་ཚོ་བོད་ཀྱི་མེས་པོའང་ཡིན་པ་སོང་ཙང་། འདི་གའི་འབྲེལ་ཡོད་དབུ་ཁྲིད་ཡོངས་ནས་གཤེན་སྲས་ཁོང་ནི་གལ་ཆེན་གྱི་མི་སྣ་ཞིག་ཏུ་རྩིས་ཏེ་ལྟ་རྟོགས་དང་གཟིགས་སྐྱོངས་ཡག་པོ་གནང་དགོས་པའི་བཀའ་སློབ་ཀྱང་ནན་གྱིས་གནང་བ་མ་ཟད། བོད་མི་རིགས་ཀྱི་ལས་དོན་ཐད་ལ་བཀའ་གྲོས་ཀྱང་གནང་སྟེ། མ་འོང་པའི་གནས་སྐབས་སུ་གཤེན་གྱི་གདན་ས་གཙོ་བྱས་གཡུང་དྲུང་བོན་གྱི་དགོན་སྡེ་ཐམས་ཅད་ལ་བདག་གཉེར་བྱེད་སྟངས་དང་། དོ་དམ་ལམ་ལུགས་སོགས་གཏན་འཇགས་གནང་ཐབས་བཅས་ཀྱི་ཐད་ནས་ཐུགས་རེས་བཏོན་གནང་མཛད།  དེ་དུས་གཤེན་སྲས་རིན་པོ་ཆེ་ཁོང་གིས་གཙོ་བོའི་འགན་ཡོངས་སུ་བཞེས་ཏེ། པཎ་ཆེན་རིན་པོ་ཆེ་བཅུ་པ་ཆེན་པོ་མཆོག་བོན་གྱི་གྲྭ་ས་གཡུང་དྲུང་གླིང་དུ་གདན་དྲངས་པ་དང་དགོན་འདིའི་ནང་རྟེན་རྣམས་ལ་མངའ་གསོལ་རབ་གནས་མཛད་ཅིང་། སྐབས་དེ་དུས་གཡུང་དྲུང་གླིང་ཉམས་གསོའི་ཐད་ལ་ཆ་རྐྱེན་ཞན་སྟབས་རིན་པོ་ཆེ་ཁོང་ཡང་རས་ཀྱི་གུར་ཆུང་ཞིག་ཏུ་བཞུགས་ནས། དཔོན་སློབ་ཀུན་བཟང་བློ་གྲོས་མཆོག་དང་དགེ་སློང་ཤེས་རབ་བསྟན་འཛིན་རྣམ་གཉིས་ཀྱིས་མཚོན་དགེ་འདུན་པ་རྣམས་ལ། ཁྱེད་ཚོ་དཀའ་སྡུག་ཅི་འདྲ་ཞིག་འཕྲད་ཀྱང་སེམས་ཀྱི་དཔའ་ཞུམ་མི་ཉན། མཐུན་སྒྲིལ་གྱི་སྒོ་ནས་སྙིང་སྟོབས་བསྐྱེད། ཐོས་བསམ་དང་སློབ་གཉེར་ལ་བརྩོན་འགྲུས་ནན་ཏན་གྱི་རང་བསྟན་རང་གིས་འཛིན་སྐྱོང་བྱེད་པ་དང་། རང་མི་རིགས་ལ་ཕན་པའི་དམངས་དོན་རྒྱ་ཆེར་མཛད་དགོས་ཞེས་པའི་ཐུགས་རེས་བཏོན་གནང་བ་དང་། དད་ལྡན་པ་ཡོངས་ལ་མཇལ་ཁ་དང་བྱིན་རྟེན་ཡང་སྩལ་གནང་མཛད། ལོ་དེར་གཤེན་གྱི་གདན་ས་དཔལ་ལྡན་དར་སྡིངས་སུ་གཤེན་ཚང་བླ་བྲང་ཕྱི་ནང་ཚང་མ་གསར་བཞེངས་ལེགས་པར་མཛད་པ་དང་། སོག་སྡེ་བོན་དགོན་དཔལ་ལྡན་ནོར་བུའི་གླིང་དེ་ཉིད་བསྐྱར་བཞེངས་གྲུབ་པའི་དགའ་སྟོན་རྟེན་འབྲེལ་དུ་གདན་འདྲེན་ཞུས་བཞིན་དེ་གའི་སྐུ་གསུང་ཐུགས་རྟེན་རྣམས་ལ་མངའ་གསོལ་རབ་གནས་མཛད་པ་དང་སོག་སྡེ་བྱང་ཤོག་བཞི་ཡིས་དུག་ཆུའི་སྲག་ཐང་ལ་རྟ་རྒྱུག་སོགས་ཀྱི་མཛད་སྒོ་ནང་ཕེབས་ཏེ་དད་ལྡན་མང་ཚོགས་ལ་ཚེ་སྒྲུབ་བྱ་རི་མ་ཡི་བཀའ་དབང་སོགས་ལེགས་པར་བསྩལ་གནང་མཛད། མེ་མོ་ཡོས་སྤྱི་ལོ་༡༩༨༧ལོར་དགུང་གྲངས་སུམ་ཅུ་སོ་གཉིས་ཐོག་གྲུབ་དབང་བསྟན་པའི་ཉི་མ་རིན་པོ་ཆེ་དང་བཅས་སྐུ་འཁོར་རྣམས་གདན་ས་དར་སྡིངས་སུ་ཕེབས་ཏེ། གནས་ཆེན་གསེར་སྒོ་ཁྲ་མོ་ཐོག་མའི་གསར་བཞེངས་ཀྱི་རྨང་གཞི་གཏིངས་གནང་བ་དང་ལོ་དེར་གཞིས་རྩེ་ས་གནས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ལྗོངས་ནང་བསྟན་ཐུན་ཚོགས་ཀྱི་ལས་འཛིན་མཛད།  དེ་དུས་ལྷ་སར་གཤེན་ཚང་གི་ཕྱག་མཛོད་ཚེ་དབང་རྡོལ་ལགས་ཀྱི་གཟིམ་ཁང་དུ་ལྷན་བཞུགས་ལོ་ཁ་ཤས་མཛད།  ས་ཕོ་འབྲུག་སྤྱི་ལོ་༡༩༨༨ལོར་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་སྐུ་མདུན་ནས་སྔོན་འགྲོའི་ཁྲིད་ལུང་དང་སྲིད་རྒྱལ་དྲེའུ་དམར་གྱི་བཀའ་གཏད་རྗེས་གནང་དང་བཅས་པ་ཞུ་གནང་མཛད་པ་དང་། གཤེན་སྲས་ཁོང་གིས་ཀླུ་དགོན་བླ་གྲྭ་དང་ཡུལ་མི་རྣམས་ལ་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་ཟབ་མོ་གནང་། ལོ་དེར་དར་སྡིངས་སུ་ཕེབས་ཏེ་ཁྲི་བརྟན་ནོར་བུ་རྩེའི་འདུས་སྡེ་བླ་སློབ་རྣམས་ལ་བྱིན་རླབས་རྗེས་གནང་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་སློབ་ལམ་སྟོན་བཅས་གནང་། སྤྱི་ལོ་༡༩༨༩ལོའི་ནང་སྐུ་ལ་སྙུང་གཞི་ལྗིད་མོ་ཞིག་བྱུང་བ་དང་ཡང་སྤྱི་ལོ་༡༩༩༠ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་སྙུང་གཞི་ལྕི་བར་བརྟེན་རྒྱ་ནག་ཁྲེན་ཏུར་སྨན་ཁང་དུ་གདན་འདྲེན་མི་ཞུ་ཐབས་མེད་བྱུང་བས་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་སྐུའི་ཞབས་ཞུ་དང་ཕྱག་རོགས་སོགས་གནང་བར་མཛད། ཆུ་ཕོ་སྤྲེལ་སྤྱི་ལོ་༡༩༩༢ལོར་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གངས་ལྗོངས་སུ་ཕེབས་ཐེངས་གཉིས་པ་བསྐྱངས་སྐབས་དེ་དུས་གཤེན་རིན་པོ་ཆེའི་སྐུ་ལ་སྙུང་གཞི་ཕྲན་ཙམ་བྱུང་ཡོད་པ་དང་ལོ་དེའི་ཟླ་བ་༥པའི་ཚེས་༡༤ཉིན་ནས་ཤིན་ཏུ་སྙུང་གཞི་ཚབ་ཆེན་པོ་བཞེས་པའི་དུས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡང་སྒོས་གཤེན་རིན་པོ་ཆེའི་སྐུ་ལ་ཐུགས་རྗེའི་བཀའ་དྲིན་བསམ་གྱི་མི་ཁྱབ་པ་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་གདན་དྲངས་ནས་དཔོན་སློབ་རིན་པོ་ཆེ་དང་མཆོག་སྤྲུལ་བསྟན་པའི་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཁོང་གི་སྙུང་གཞིའི་ཐད་ལ་ཐུགས་ཁྲལ་ཆེན་པོ་གནང་བ་དང་སྙུང་གཞི་དྲག་སྐྱེད་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་དང་ཞབས་རིམ་ཀྱང་ཞུས། དེའི་སྐབས་གཤེན་ཁྲི་བརྟན་ནོར་བུའི་རྩེ་ནས་སྲིད་རྒྱལ་དྲེའུ་དམར་མོའི་ཁྲི་ཚོགས་དང་དྲན་པ་ཚེ་སྒྲུབ་ཀྱི་སྒྲུབ་པ། དབལ་མོ་བསྐང་བཤགས་སྟོང་ཚར་སོགས་ཀྱི་ཞབས་རིམ་ཡང་ཞུས། དེ་བཞིན་གཡུང་དྲུང་བོན་གྱི་གྲྭ་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་དགོན་གྱི་སྒྲུབ་ཁང་ནས་ཀྱང་ཞྭ་དཀར་བསྟན་པའི་གཙུག་རྒྱན་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་དགེ་བཤེས་སྨན་སྤྲུལ་བློ་གྲོས་ཉི་མ་ལ་སོགས་ཁོང་རྣམས་ཀྱིས་ཐུགས་དགོངས་གཅིག་སྒྲིལ་གྱི་ཡི་དམ་ལྷ་དང་སྲུང་མའི་ཚོགས་ལ་འཕྲིན་བཅོལ་གནང་བ་ལ་བརྟེན་ནས་རིམ་བཞིན་སྐུའི་སྙུང་གཞི་དྭངས་བ་དང་ལོ་དེའི་སྤྱི་ཟླ་༡༠པའི་ཚེས་༡༧ཉིན་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་ཁོང་ལ་གསང་ཆེན་མ་རྒྱུད་ཀྱི་དབང་བཞི་ཆ་ཚང་དང་། ཚེ་དབང་བོད་ཡུལ་མའི་དབང་བཞི་རྗེས་གནང་དང་བཅས་པ་བཀའ་དྲིན་བསྩལ་གནང་། ཤིང་ཕོ་ཁྱི་སྤྱི་ལོ་༡༩༩༤ལོར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆིབས་བསྒྱུར་བསྐྱངས་ཏེ་གྲྭ་ས་གོང་མ་༧བཀྲ་ཤིས་སྨན་རིའི་གླིང་དུ་ཕེབས་ཆོག་པ་དང་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་གནང་རྒྱུའི་ཐད་ལ་བོད་རང་སྐྱོངས་ལྗོངས་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམས་ལ་ཆོག་མཆན་ཞུ་ཡས་སོགས་ཀྱི་ཕྱག་ལས་མང་པོ་ཞིག་གནང་བ་བརྒྱུད་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ཁྲིམས་མཐུན་གྱི་སྒོ་ནས་མཉམ་མེད་བླ་མའི་གསེར་ཁྲིར་དངོས་སུ་ཞབས་སོར་བཀོད་ཐུབ་པ་བྱུང་བ་མ་ཟད་ཁྲི་བཞེངས་གནང་བ་དང་། ལོ་དེར་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་ཁོང་རྣམས་གསེར་ཞལ་ལྷན་འཛོམས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་འཛིན་སྐྱོངས་གནང་སྟང་སྐོར་ལ་ཞལ་མོལ་ལྷུག་པར་མཛད་པ་མ་ཟད་སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་ཁོང་ལ་བྱང་ཁྲིད་དང་རྒྱལ་ཐེབས་དབང་དང་ཁྲིད་ལུང་མང་པོ་གནང་བར་མཛད།  དེ་སྐབས་ལོ་འགའ་ཤས་ལ་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔར་སྐྲུན་གྱི་ལས་ཀར་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་ལ་ཕྱག་རོགས་གནང་སྟེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དུ་བཞུགས། མེ་མོ་གླང་སྤྱི་ལོ་༡༩༩༧ལོར་དགུང་ལོ་བཞི་བཅུ་ཞེ་གཉིས་ལ་ཕེབས་ཏེ་ལྷ་ལྡན་དུ་གཤེན་ཚང་བླ་བྲང་གསར་དུ་གཟིགས་ཏེ་ཡབ་སྲས་ཡུམ་སྐུ་འཁོར་དང་བཅས་ད་ལྟའི་བཞུགས་གནས་དེ་ཡིན་པས་དེ་ཡང་ལྷ་ལྡན་དུ་གཤེན་གྱི་བླ་བྲང་བྱུང་བ་ལོ་རྒྱུས་ཐོག་གི་དང་པོ་དེ་ཡིན་པར་སྣང་ངོ་། ས་མོ་ཡོས་སྤྱི་ལོ་༡༩༩༩ལོར་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་འཚོགས་གཙོ་གཞོན་པའི་འགན་བཞེས་གནང་བ་དང་། ལོ་དེར་རྒྱལ་ཡོངས་ཆོས་ཚོགས་ཀྱི་ལས་འཛིན་མཛད། སྤྱི་ལོ་༢༠༠༡ལོའི་ནང་སྐུ་ལ་སྙུང་གཞིས་རྐྱེན་པས་རྒྱ་ནག་ཧྲང་ཧའེ་གྲོང་ཁྱེར་རུ་སྨན་བཅོས་ལ་ཕེབས་པ་དང་ལོ་འདིའི་ཟླ་བ་༢པའི་ཚེས་༢༢ཉིན་སྐུའི་སྙུང་གཞི་དྭངས་ཏེ་དེ་གའི་སྨན་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་གནང་མཛད་དེ་སྐུ་ལྕམ་ཉི་མ་མཚོ་མོ་དང་སྐུ་འཁོར་རྣམས་ཕྱིར་ལྷ་སར་ཕེབས། ༢༠༠༢ལོར་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་སྐུ་ལ་སྙུང་གཞི་བཞེས་ཡོད་པ་གཞན་པས་ལྟ་ཅི་ཁོང་གིས་སྐུ་ལ་འཁོར་བའི་གྲྭ་མང་གིས་མ་ཤེས་ཀྱང་གཤེན་རིན་པོ་ཆེ་མཆོག་ནས་གློ་བུར་དུ་ཆེད་མངགས་གདན་ས་ཁྲི་བརྟན་ནོར་བུ་རྩེར་ཞལ་པར་བསྐྱོན་གནང་ཏེ་ཡོངས་འཛིན་རིན་པོ་ཆེའི་སྐུའི་སྙུང་གཞི་གང་འདྲ་ཡོད་མེད་བཀའ་འདྲི་གནང་བ་མ་ཟད་དེ་གར་འདུས་སྡེ་ཡོངས་ནས་དབལ་བོན་སྟག་ལྷ་མེ་འབར་གྱི་ཁྲི་ཚོགས་འབུལ་དགོས་པའི་ཞབས་རིམ་གནང་བ་དང་གཤེན་གྱི་གདན་ས་ཁྲི་བརྟན་ནོར་བུའི་རྩེ་འདུས་སྤྱི་ལ་ཡང་ཡོངས་འཛིན་རིན་པོ་ཆེའི་ཞབས་རིམ་དུ་སྟག་ལྷའི་ཁྲི་ཚོགས་འབུལ་དགོས་ད་ལེན་ཞབས་རིམ་དེ་ཚོ་ལམ་སེང་མ་ཐོན་པ་ཡིན་ན་བར་ཆད་ཆེན་པོ་ཡོང་ས་རེད་འདུག་གསུང་ཏེ་ལུང་བསྟན་གྱི་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་གནང་བར་མཛད། ཆུ་མོ་ལུག་སྤྱི་ལོ་༢༠༠༣ལོའི་ཟླ་བ་༧པའི་ཚེས༡༧པ་སངས་ནམ་གྲུའི་འགྲུབ་སྦྱོར་ཉིན་གཤེན་རྒྱལ་ཡབ་སྲས་གསུམ་ལྷན་བཞུགས་ཀྱི་གནས་ཆེན་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེར་ཁྲི་གསོལ་མཛད་པའི་སྐལ་བཟང་ཉིན་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་རང་གི་སྣང་ངོར་རིག་པ་དྭངས་གསལ་གྱི་ཉམས་དགའི་སྤྲོ་སྣང་བྱུང་སྐབས་ཡབ་སྲས་གསུམ་ལ་གསོལ་འདེབས་ཞབས་བརྟན་རེ་རྟེན་འབྲེལ་གྱི་ཚུལ་དུ་ཕུལ། སྐབས་དེ་དུས་གཤེན་སྲས་རིན་པོ་ཆེ་མཆོག་གིས་སྤ་ཚང་དགོན་གྱི་དབུ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་སྤ་ཉི་མ་འབུམ་སྲས་ཀྱི་སྐུ་སྐྱེ་རུ་ངོས་འཛིན་གནང་ནས་དེ་ཁར་ཁྲི་བཞེངས་གནང་བ་དང་ཕྱག་ཐམ་བསྐྱོན་པའི་ཐང་སྐུ་ཞིག་གནང་ནས་ཐུགས་སྨོན་ཡང་མཛད། ལོ་འདིའི་ནང་ལྷ་ལྡན་དུ་ཡོད་པའི་ཏིས་རེས་བོན་གྱི་འབབ་ཚུགས་ཞེས་པ་འདིའི་ཕྱི་ནང་གི་རྟེན་དང་བརྟེན་པ་རྣམས་གཤེན་སྲས་རིན་པོ་ཆེའི་ཕྱག་ཏུ་རྩིས་ཕུལ་ཞུས་རྗེས་གཤེན་རིན་པོ་ཆེ་ནས་སྒྲུབ་སྡེ་འདིར་ཉམས་གསོའི་བཀོད་པ་རྒྱ་ཆེར་བསྐྲུན་ཏེ། དགོན་འདི་ནི་དམུ་རིགས་གཤེན་གྱི་བསྟན་པའི་དགོན་ལག་གམ་འབབ་ཚུགས་ཤིག་ཏུ་མཚན་བསྒྱུར་མཛད་པ་མ་ཟད། གཤེན་ཁྲི་བརྟན་ནོར་བུའི་རྩེ་ནས་རྒྱལ་བ་གཤེན་གྱི་རིང་ལུགས་བཞིན་ལོ་རེའི་སྒྲུབ་མཆོད་སོགས་མ་ཉམས་བརྒྱུད་འཛིན་མཛད་བཞིན་ད་ལྟའི་བར་བསྟན་རྒྱུན་མ་ཉམས་པར་འཕེལ་རྒྱས་སུ་མཆིས། བོད་རབ་བྱུང་བཅུ་བདུན་པའི་ས་སྐྱོང་ཞེས་ཤིང་མོ་བྱ་སྤྱི་ལོ་༢༠༠༥ལོར་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་ཆེན་མོའི་ས་འདུལ་རྨང་གཞི་གཏིང་གནང་སྟེ་ལོ་ཤས་ནང་ཕྱི་ནང་གི་རྟེན་བཞེངས་ཡོངས་རྫོགས་ལེགས་པར་གྲུབ། མེ་མོ་ཕག་༢༠༠༧ལོར་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གངས་ལྗོངས་སུ་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན་ཡོངས་འཛིན་རིན་པོ་ཆེ་རྒྱལ་བ་གཤེན་གྱི་བླ་བྲང་དུ་གདན་དྲངས་ཏེ་གཤེན་རྒྱལ་ཡབ་སྲས་གསུམ་གཙོས་པའི་སྟོན་འཁོར་རྣམས་ལ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྒོ་ནས་བོན་གྱི་སྐྱབས་འགྲོ་དང་སེམས་བསྐྱེད་ནས་དབུ་བཟུང་སྟེ་སྔོན་འགྲོའི་གདམས་པ་དང་། དངོས་གཞི་མཚན་བཅས་ལ་སེམས་བཟུང་ཚུལ་དང་མཚན་མེད་ལ་མཉམ་པར་འཇོག་ཚུལ་སོགས་རྫོགས་པ་ཆེན་པོའི་ངོ་སྤྲོད་ཀྱི་གདམ་པ་མང་པོ་ཞིག་ཐུགས་རྗེ་བྱིན་རླབས་ཉག་ཐག་གཅིག་ཏུ་འབྲེལ་བར་མཛད། རབ་བྱུང་བཅུ་བདུན་པའི་འགལ་བ་ས་མོ་གླང་སྤྱི་ལོ་༢༠༠༩ལོར་དཔལ་ལྡན་དར་སྡིངས་གཤེན་གྱི་བླ་བྲང་གསར་བཞེངས་རྒྱ་ཆེར་གཏོང་གནང་བ་དང་། ལོ་དེར་རྒྱལ་ཡོངས་ཆོས་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མཛད་པ་དང་། འཛམ་གླིང་ཆོས་ཚོགས་ཀྱི་འཚོགས་འདུར་ཐེངས་གཉིས་ཕེབས། ལྕགས་མོ་ཡོས་སྤྱི་ལོ་༢༠༡༡ལོར་སྐུ་འབུམ་མཆོད་རྟེན་བཀྲ་ཤིས་མཐོང་གྲོལ་ལྷ་ཁང་གི་ས་འདུལ་རྨང་གཞི་གཏིང་གནང་བ་དང་ལོ་དེར་འཛམ་གླིང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་འདུར་བཞུགས་གནང་མཛད། ཤིང་ཕོ་རྟ་སྤྱི་ལོ་༢༠༡༤ལོ་ནས་སྐབས་བཅུ་པའི་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ལས་འཛིན་མཛད་པ་དང་། ལོ་དེར་ལྷ་ལྡན་དུ་ཏིས་རས་གཡུང་དྲུང་བོན་གྱི་བབ་ཚུགས་འདི་སྔོན་གྱི་རྨང་གཞི་རྐྱང་ཐོག་ནས་ད་ལྟའི་ཐོག་རྩེགས་གཉིས་ཅན་གྱི་ལྷ་ཁང་ཞིག་ཏུ་སླར་ཡང་ཉམས་གསོ་བསྐྱར་བསྐྲུན་ལེགས་པར་གནང་པ་དང་། ལྷ་ལྡན་དུ་ཡོད་པའི་གཤེན་གྱི་ཕོ་བྲང་བསྐྱར་བསྐྲུན་ཡང་མཛད། སྤྱི་ལོ་༢༠༡༥ནས་ལོ་རྒྱུས་ཐོག་རྩ་ཆེའི་གནས་རི་དང་གནས་མཚོ་སྒྲུབ་གནས་སོགས་ལ་སྲུང་སྐྱོབ་མཛད་གནང་བ་མ་ཟད་ལྷག་ཏུ་གནས་མཆོག་ཀོང་པོ་བོན་རིའི་སྲུང་སྐྱོབ་སྐོར་ལ་ཁོང་གིས་སྐུ་ལས་ལ་མ་འཛེམ་པར་ཐེངས་མང་པོར་གོང་རིམ་ལ་ཡར་ཞུ་འབུལ་རྒྱུ་དང་མང་ཚོགས་ལ་གཟིགས་རྒྱང་རིང་བའི་རྩ་ཆེའི་བཀའ་སློབ་ལམ་སྟོན་དང་གཟིགས་སྐྱོང་གནང་རྒྱུའི་ཐད་ལ་ཕྱག་ལས་གང་མང་གནང་བར་བརྟེན་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་ཐུགས་ཀྱི་རྟེན་མཆོག་འདི་ཉམས་ཆག་མེད་པར་གནས་ཐུབ་པའི་ཐད་ལ་རླབས་ཆེན་གྱི་མཛད་བཟང་བཞག་གནང་ཡོད། མེ་ཕོ་སྤྲེལ་སྤྱི་ལོ་༢༠༡༦ལོའི་ཟླ་བ་༦པའི་ཚེས་༡ཉིན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་གཅིག་བསྡུད་གྱི་སྐོར་ལ་གནང་བའི་བཀའ་སློབ་ལམ་སྟོན་འདི་ལྟར་གནང་སྟེ། ད་ལེན་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་བླ་སྤྲུལ་རྣམས་དང་མཁས་པའི་དབང་པོ་དེ་བཞིན་དགེ་བའི་བཤེས་གཉེན་རྣམས་ཀྱི་སྙན་ལམ་དུ་ཞུ་དོན། དེ་རིང་འདིར་བོད་ཀྱི་ཐོག་མའི་རིག་གནས་མྱུར་སྐྱོབས་ཤིང་པར་ཆེན་མོ་འཛམ་གླིང་རྒྱན་གཅིག་གི་ལས་མགོ་བརྩམས་པའི་གཏམ་བཟང་ཡིན་ཤག་ཤོད་པའི་བང་མི་ཞིག་བདག་གི་སར་སླེབས་པར་དགའ་སྤྲོ་བྱུང་། གུས་པ་སྔར་བཞིན་བདེ་མུས་སུ་གནས་ལགས། མཚམས་ཀྱི་ཞུ་དོན། དང་ཐོག་ང་ཚོ་ཚང་མ་དུས་རབས་འདི་དང་སྤྱི་ཚོགས་འདི་འདྲ་ཞིག་གི་སྐབས་སུ་རང་ནུས་ལ་དཔག་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཤ་སྟག་ཡིན་པ་སྨོས་མི་དགོས། ཡིན་ན་ཡང་དོ་སྣང་བྱེད་དགོས་པ་ཞིག་ལ། ངས་བསམ་པར། སྔོན་མའི་རྒན་རབས་རྣམས་ཀྱིས་སོ་ནམ་མ་ཤེས་རོགས་སྡེ་འཚོལ་ཞེས་པའི་དཔེ་ལྟར། ང་ཚོ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ནི་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་གི་བཀའ་དྲི་མ་མེད་པ། རྣམ་པར་དག་པ། ལོ་རྒྱུས་རིང་ལ་གཏིང་ཟབ་པ། དོན་སྙིང་ལྡན་པ། རྩ་ཆེའི་བཀའ་འདི་གཅིག་བསྡུད་མ་བྱུང་ན། མ་འོངས་པར་གཡུང་དྲུང་བོན་གྱི་བཀའ་འགྱུར་འདི་ཆ་འཇོག་དང་ཕུག་གཏུག་ས་འདི་དང་འདི་ཞེས་ལོ་རྒྱུས་རིམ་པ་བཞིན་ཁ་གསལ་མེད་པའི་གནས་སུ་གྱར་འགྲོ་བའི་ཉེན་ཁ་ཆེན་པོ་འདུག་པ་ལ་བརྟེན་ནས། རང་གི་རེ་བར། མ་འོངས་པར་བཀའ་རིན་པོ་ཆེ་འདིར་བརྟེན་པའི་བོན་འབངས་ཡོངས་དང་དེ་བཞིན་འཛམ་གླིང་གང་སར་ཁྱབ་པའི་ལོ་རྒྱུས་དཔྱད་ཞིབ་པ་རྣམས་ལ་བོན་གྱི་བཀའ་རིན་པོ་ཆེ་ཁུངས་གཙང་སྤུས་དག་ཞིག་མཁོ་འདོན་ཡོང་ཆེད་ད་ཐེངས་བོན་གྱི་བླ་སྤྲུལ་ཆེ་ཁག་རྣམས་དང་མཁས་དབང་རྣམ་པ་བཅས་ཚང་མ་ལྷན་འཛོམ་ཐོག་དངོས་ཡོད་གནས་ཚུལ་ལ་གཞིག་ནས་སྔོན་མའི་ལོ་རྒྱུས་དང་དུས་བབ་འཕོ་འགྱུར་སྐབས་ལྷག་ལུས་གང་འདྲ་བྱུང་མིན་དང་དེ་དག་མྱུར་སྐྱོབས་གང་འདྲ་བྱས་པ་སོགས་ཀྱི་ལོ་རྒྱུས་རབ་དང་རིམ་པ་གཅིག་གྱུར་གཏན་འཁེལ་བཟོས་ནས་མ་དཔེ་ཤིང་དཔར་དུ་བརྐོས་ན་ཡག་པོ་ཞིག་འབྱུང་ས་རེད་བསམ་ནས་ཤར་མར་ཡིག་ཐོག་ནས་སྤེལ་བ་ཡིན་ལགས་སོ། །
   སླད་མར་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བ་དང་དེར་འཛིན་གྱི་སྐྱེས་བུ་རྣམས་ཐུགས་མཐུན་ཁྲིམས་གཙང་དང་སྐུ་ཚེ་གེགས་མེད་ཡོང་བའི་རེ་སྨོན་དང་བཅས། གུས་པ་གཤེན་སྲས་ནོར་བུ་དབང་རྒྱལ་གྱིས། ཞེས་བཀའ་སློབ་ལམ་སྟོན་གྱི་ཕྱག་བྲིས་རྒྱ་ཆེ་ཞིང་ཕུག་ཐག་རིང་བའི་ཐུགས་བསྐྱེད་ཟབ་མོའི་བཀའ་ཇི་ལྟར་གནང་བར་བརྟེན་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བླ་མ་དང་སྤྲུལ་སྐུ། མཁན་པོ། སློབ་དཔོན། དགེ་བཤེས། དེ་བཞིན་ཆེད་མཁས་ཞིབ་འཇུག་པ་སོགས་ཐུན་མོང་ཐོག་བསམ་པ་གཅིག་གྱུར་བྱུང་ཏེ་གཏན་ཁེལ་བྱས་ཐོག་ད་ལྟ་ཁོང་གིས་གཙོ་འགན་བཞེས་པའི་ཐོག་ནས་རྒྱལ་བའི་བཀའ་རིན་པོ་ཆེ་དཔར་སྐྲུན་གྱི་ལས་ལ་འཇུག་བཞིན་པ་ཡིན། ལོ་དེར་གཡུང་དྲུང་བོན་གྱི་གྲྭ་ས་བར་མ་མཁར་སྣ་དགོན་འདི་ཉིད་ཀྱང་བསྐྱར་བཞེངས་ཆོག་མིན་ཐད་ལ་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་བར་བརྟེན་མཁས་པའི་དབང་པོ་རྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ནས་རྒྱལ་བ་གཤེན་སྲས་རིན་པོ་ཆེ་ཁོང་ཉིད་ལ་ཞལ་པར་ཕུལ་ཏེ་མཁར་སྣ་དགོན་འདི་ནི་ང་ཚོ་གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ་ནང་གི་ཡ་གྱལ་གལ་ཆེན་ཞིག་ཡིན་ཚུལ་གསལ་པོར་གསུངས་ཏེ་གཤེན་སྲས་རིན་པོ་ཆེ་ཁྱེད་ཀྱིས་དེའི་ཐོག་ལ་སྐུ་ཚེགས་དང་འོ་བརྒྱལ་ཞིག་གནང་རྒྱུའི་ཐད་གུས་པས་གཡུང་དྲུང་བོན་སྤྱི་ཡི་ཚབ་བྱས་ཏེ་ཁྱེད་ཀྱིས་ཐབས་ཅི་དྲག་ཞིག་ཐུགས་རྗེ་མ་ཆུང་ཞེས་ཆེད་དུ་ཞུ་རྒྱུ་ཡིན་ད་ལན་དེའི་ཐོག་ལ་ཆོག་མཆན་མ་བྱུང་ཚེ་ངེད་ཚོ་གཡུང་དྲུང་བོན་གྱི་བསྟན་པར་གྱོང་གུད་ཆེན་པོ་ཞིག་ཡོང་ངེས་ཡིན་ཞེས་པ་སོགས་ཀྱིས་ཞལ་པར་འབྱོར་བར་བརྟེན། གཤེན་སྲས་རིན་པོ་ཆེ་ཁོང་གིས་དེ་དོན་ཐུགས་ལ་བསྣམས་ཏེ་གོང་རིམ་ལ་ཡར་ཞུ་ནན་གྱིས་ཕུལ་བ་མ་ཟད་ཁོང་རང་གིས་འབྲེལ་ཡོད་མི་སྣ་འགའ་ལ་བཀའ་མངག་ནན་པོ་གནང་བར་བརྟེན་ནས་ཁོང་རྣམས་པའི་འབྱུང་འགྱུར་ལས་ཀའི་ཐོག་ལ་ཕན་ཐོག་ཆེན་པོ་བྱུང་ཡོད། ས་ཕོ་ཁྱི་སྤྱི་ལོ་༢༠༡༨ལོར་གདན་ས་དར་སྡིངས་གི་དགོན་པ་གོང་འོག་གཉིས་ལྗོངས་རིམ་པའི་རིག་དངོས་ཤུལ་བཞག་ནང་ཚུད་དེ་གནས་ཆེན་གསེར་སྒོ་ཁྲ་མོ་དང་ཁྲི་བརྟན་ནོར་བུའི་རྩེའི་སྒྲུབ་ཁང་དེ་གཉིས་ཉམས་གསོ་དང་སྲུང་སྐྱོབས་ཀྱི་སྐོར་ལ་ཕྱག་ལས་རྒྱ་ཆེན་གནང་བ་དང་། རྒྱལ་སྤྱིའི་ནང་བསྟན་ཆོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱལ་བ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་མཆོག་དང་གསེར་ཞལ་མཇལ་འཛོམ་གྱི་རྒྱལ་བསྟན་སྤྱི་ལ་བཀའ་གྲོས་ལྷུག་པོར་མཛད་པ་དེ་ནི་མ་འོངས་རྒྱལ་བསྟན་ཉི་ཟླའི་འོད་མདངས་འཛམ་གླིང་ཡོངས་ལ་དར་ཞིང་རྒྱས་པའི་དན་རྟགས་ཀྱང་ཡིན། སྤྱི་ལོ་༢༠༡༨ལོའི་ཟླ་༡༢་པའི་ཚེས་༢༦ཉིན་མཆོག་ཉིད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་ཆེད་ཕེབས་གནང་སྟེ་རྒྱལ་ཁབ་རིམ་པའི་པར་སྐྲུན་ལས་གཞི་གཙོ་གནད་ཀྱི་གྲས་སུ་ཚུད་པའི། ཀྲུང་ཧྭའི་བཀའ་བརྟེན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོར་སྒྲིག་ཞུ་བྱེད་པའི་ལས་ཀའི་སྐོར་ལ་གཟིགས་ཞིབ་གནང་ཏེ། རྒྱལ་བའི་བཀའ་རིན་པོ་ཆེའི་མ་ཕྱི་གཏན་འབེབས་བྱ་བ་དང་། མ་དཔེ་དང་བུ་དཔེ་ཐོད་གཏུག་གི་བྱེད་ཕྱོགས། པར་གཞི་མི་འདྲ་བར་གཤིབ་བསྡུར་བྱེད་སྟང་དང་། དཔེ་རྙིང་འཚོལ་བསྡུ་ཇི་ལྟར་བྱེད་པ་བཅས་ཀྱི་སྐོར་ལ་ཡུལ་དངོས་རྟོགས་ཞིབ་ཀྱི་གནས་ཚུལ་དང་འབྲེལ་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་སྔར་སོང་ལས་ཀའི་སྐོར་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད་རྗེས་ཀྱི་བྱ་བར་བཀའ་སློབ་ལམ་སྟོན་གནང་དོན། རྒྱལ་ཁབ་དཔེ་སྐྲུན་མ་དངུལ་རོགས་སྐྱོར་གྱི་ལས་གཞིའི་རྣམ་གྲངས་ཏེ། རྒྱལ་བའི་བཀའ་རིན་པོ་ཆེ་པར་སྐྲུན་གྱི་ལས་གཞི་འདི་ཉིད་གཟི་བརྗིད་ལྡན་པའི་ངང་ལེགས་འགྲུབ་ཡོང་རྒྱུར་ང་ཚོ་ཚང་མས་ཕྱོགས་སོ་སོ་ནས་དཀའ་བ་དང་དུ་བླངས་ཏེ་གཟབ་ནན་ངང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དུས་ཚོད་གཏན་འཁེལ་ཐག་གཅད་ལྟར། རྒྱལ་ཁ་དང་གཟི་བརྗིད་ལྡན་པའི་ངང་ལེགས་འགྲུབ་ཡོང་དགོས་པའི་ཐད་ལ་ཐུགས་བསྐྱེད་ཟབ་མོ་དང་དགོངས་ཚུལ་ནན་གྱིས་བསྟན། བོད་རབ་བྱུང་བཅུ་བདུན་པའི་ས་ཕག་སྤྱི་ལོ་༢༠༡༩ལོའི་ནང་གདན་ས་དར་སྡིངས་སུ་ཕེབས་ཐེངས་མང་པོ་ཞབས་བཅག་མཛད་དེ་གནས་ཆེན་གསེར་སྒོ་ཁྲ་མོ་དང་ཁྲི་བརྟན་ནོར་བུའི་རྩེའི་སྒྲུབ་ཁང་གཉིས་ཀྱི་ཚོན་རྩི་སོགས་ཀྱི་སྐོར་ལ་ཕྱག་ལས་གནང་བ་དང་ལོ་འདིའི་ཟླ་བ་༨པའི་ཚེས་༢༧ཉིན་དགོན་འདིའི་རྟེན་གཙོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་དང་གཤེན་གསང་བ་འདུས་པའི་སྐུ་བརྙན་གསེར་སྒོའི་ལྷ་ཁང་ནང་གི་རྟེན་གཙོ་སྟོན་པ་རྫོགས་སྐུའི་ཆ་བྱད་ཅན་བཅས་ལ་ཡབ་སྲས་གསུམ་ལྷན་འཛོམས་ཐོག་མངའ་དབུལ་རབ་གནས་མཛད་ཅིང་སྲུང་མའི་སྐོར་སོགས་མང་བར་བཞེངས་གྲུབ་མཛད་པ་དང་ལོ་དེར་འཁོར་ཁང་ཆེ་མོའི་ས་འདུལ་རྨང་གཞི་གཏིང་གནང་བ་མ་ཟད། གྲོ་མོ་རྫོང་དུ་ཕེབས་ཏེ་རྫོང་དེའི་ཁོངས་སུ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་པ་པད་མ་དགོན་དང་དེ་གའི་ལྷ་སྡེ་མང་ཚོགས་རྣམས་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོངས་ཐད་ལ་གཟིགས་རྟོགས་དང་བཀའ་སློབ་ལམ་སྟོན་ཡང་གནང་། ལྕགས་ཕོ་བྱི་བ་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༤པའི་ཚེས་༡༧རྒྱལ་བ་གཤེན་སྲས་རིན་པོ་ཆེའི་བླ་གཟའ་པ་སངས་ཉིན་དབུ་བཟུང་ནས་གསས་ཁང་གསེར་སྒོ་ཁྲ་མོའི་ནང་སྟོན་མཆོག་གཤེན་རབ་མི་བོའི་མཛད་ཆེན་བཅུ་གཉིས་དང་། ཡི་དམ་མ་རྒྱུད་གསང་མཆོག་མཐར་ཐུགས། སྤྱི་སྤུངས་ཞི་ཁྲོ། དབལ་བོན་སྟག་ལྷ་སྤུ་གྲི་དམར་པོ། ཡུམ་ཆེན་ཤེས་རབ་བྱམས་མ། དེ་བཞིན་གཤེན་ལྷ་འོད་དཀར་གྱི་གདུང་ལས་གྲོལ་བའི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་གདུང་འཛིན་གཤེན་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་ནས་རྒྱུད་པ་ཟམ་མ་ཆད་པར་བྱོན་པའི་རྒྱལ་བ་གཤེན་གྱི་བླ་རྒྱུད་གསེར་རིའི་ཕྲེང་བ་གཤེན་ཆེན་ཉི་མ་འབུམ་གསལ་གྱི་བར་སྐྱེས་མཆོག་དམ་པ་བརྒྱ་དང་གསུམ་ཅུ་སོ་བཞི་བྱོན་པ་རྣམས་ཀྱི་སྐུ་ཡི་ཆ་ལུགས་དང་བཞུགས་སྟབས་སྐུ་མདོག་ཕྱག་མཚན་སོགས་གཤེན་རིན་པོ་ཆེ་ནོར་བུ་དབང་གི་རྒྱལ་པོ་ཁོང་རང་གིས་ཐུགས་དགོངས་བོན་དབྱིངས་ཀློང་ནས་གང་འཆར་བ་གཞིར་བཟུང་ནས་གུས་པ་སྐལ་བཟང་རྒྱལ་དང་ཉི་མ་འོད་ཟེར་གཉིས་ནས་ཡི་གེར་ཕབ་པ་གཞི་བྱས་ཐོག་ཕ་ཡུལ་འཇེད་གཞུང་རང་ནས་འཚར་ལོངས་བྱུང་བའི་སྨན་ལུགས་ཀྱི་བཟོ་རྩལ་ལ་མཁས་པའི་དབུ་ལགས་རྣམས་ཀྱིས་ཕྱག་བཟོ་ལས་འཁྲུངས་ཤིང་། སྒོ་མཆོར་ནང་མཁས་དབང་ཤེས་རབ་མཆོག་ལྡན་གྱི་རྣམ་དཔྱོད་ལྡུམ་རའི་ཚལ་ལས་འཁྲུངས་པའི་རྒྱལ་བ་གཤེན་གྱི་གདུང་རབས་སྒྲ་འཁོར་དང་བོན་གྱི་བསྟན་འཛིན་གདུང་རབས་ཁག་ལ་བསྟོད་པའི་སྒྲ་འཁོར་དེ་བཞིན་རི་རྒྱལ་ལྷུན་པོའི་ཆགས་ཚུལ་སོགས་༡༩༩༠ལོའི་ནང་བྲིས་གནང་བ་དེ་དག་སླར་ཡང་ཇི་བཞིན་དུ་ཕབ་བཤུས་དང་བསྐྱར་བཞེངས་ཀྱི་བཀོད་པ་ལེགས་པར་མཛད། ༢༠༢༠ལོའི་༥པའི་༡༨ཉིན་གྲོང་ཁྱེར་སྤོས་ལྡན་དུ་༧གཤེན་སྲས་རིན་པོ་ཆེ་ནོར་བུ་དབང་གི་རྒྱལ་པོ་མཆོག་སྐུ་དངོས་ཕེབས་ཏེ། བོད་མདོ་དབུས་ཁམས་གསུམ་གྱི་མཁྱེན་རྒྱ་ཡངས་པའི་དགེ་བའི་བཤེས་གཉེན་བརྒྱད་ཅུ་ལྷག་གིས་མི་ལོ་དུ་མའི་རིང་༧ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་པར་སྐྲུན་སྒྲིག་ཞུའི་ལས་ཀའི་སྐོར་ལ་ཐུགས་གཟིགས་གནང་བ་དང་། ཁྱད་པར་དུ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་། ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས། གཞན་ཡང་འབྲེལ་ཡོད་ཀྱི་མི་སྣ་སྐོར་ཞིག་བཅས་ལྷན་འཛོམས་ཀྱིས་མཇུག་མཐའི་ལས་དོན་སྐོར་ལ་གྲོས་མོལ་གནང་ཤིང་། སྐྱབས་རྗེ་གཤེན་རིན་པོ་ཆེ་ནས་རྒྱ་ཆེ་རྒྱང་རིང་གི་དོན་སྙིང་ལྡན་པའི་ལས་དོན་འདི་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་བ་མ་ཟད། ལས་ཀ་དུས་ལྟར་འགྲུབ་དགོས་པ་སོགས་ཀྱི་མཛུབ་སྟོན་བཀའ་གསུང་ནན་པོ་གནང་། ༢༠༢༠ལོའི་༥པའི་༢༡ཉིན་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་སྒྲིག་ཞུ་ཚན་ཁག་གི་གཙོ་འགན་པ་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མས་རྩ་འཛུགས་བཞིན་ཡུལ་དངོས་ཀྱི་ལས་དོན་པ་རྣམས་ལྷན་འཛོམས་ཀྱིས་བཀའ་འགྱུར་དཀར་ཆག་སྒྲིག་ཞུའི་ལས་ཀའི་རིམ་པ་སྙན་ཞུ་བྱས་ཤིང་ཐག་གཅོད་དཀའ་བ་སྐོར་ཞིག་ཐེར་འདོན་གྱིས་ཁོང་ལ་རིམ་པ་བཞིན་ཡར་ཞུ་བྱས་པ་ལ། ཁོང་གིས་རེ་རེ་བཞིན་སྔོན་གྱི་རིག་འཛིན་གོང་མ་རྣམས་ཀྱི་བཞེད་དགོངས་བཞིན་གཤེན་རིན་པོ་ཆེ་ཁོང་སྐུ་དངོས་ཀྱིས་མཛུབ་ཁྲིད་དང་ཐུགས་གྲོས་གང་མང་གནང་བའི་འོག་ཏུ་མཇུག་མཐར་དཀར་ཆག་སྒྲིག་ཞུ་ཚན་ཆུང་གིས་གཏན་འཁེལ་བྱ་དགོས་པ་སོགས་ནན་གྱིས་བསྟན་གནང་ཡོད། སྤྱི་ལོ་༢༠༢༠ལོའི་ཟླ་བ་༩པའི་ཚེས་༡༠གཟའ་སྐར་འགྲུབ་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གཡུང་དྲུང་བོན་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུང་དཀར་དགོན་དུ་འཚོགས་སྐབས་སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་སྤེལ་བ་སྟེ། ༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་དང་སྦྲགས་མཎྜལ་སྐུ་གསུང་ཐུགས་རྟེན་དང་། རྣམ་ལྔ། རྟགས་བརྒྱད། རིན་ཆེན་སྣ་བདུན་སོགས་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཐོག་མར། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་མཎྜལ་དང་རྣམ་ལྔ་རིམ་བཞིན་ཕྱག་ཏུ་བཏེགས་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་བདུན་དུ་ཕུལ་མཚམས་༧སྐྱབས་རྗེ་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་ཕྱག་ཏུ་བཞེས། དེ་ནས་ཚངས་སྤྱོད་གཤེན་གྱི་དྲང་སྲོང་ཆེན་པོ་མཁས་དབང་རྐྱང་སྤྲུལ་དྲི་མེད་འོད་ཟེར་དང་མཁན་རིག་འཛིན་དབང་རྒྱལ་སོགས་ལས་འཛིན་མི་སྣ་སོ་སོས་བརྟན་བཞུགས་བསྟར་འབུལ་ཁག་རིན་ཆེན་བཞི་པའི་གཞོང་པའི་སྟེང་དུ་གོས་ཆེན་པཎ་ཙ་ལི་ཀའི་ཆུན་པོས་སྣ་དྲངས་པའི་ཐོག་ཏུ་རིན་ཆེན་གསེར་དངུལ་ཟངས་གསུམ་ལས་གྲུབ་པའི་མཎྜལ་སྐུ་གསུང་ཐུགས་རྟེན་དང་། ལྷག་ཏུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། གཡུང་དྲུང་ཆག་ཤིང་། གཤེན་ཞུ་གཙོས་པའི་ན་བཟའ་སྤུས་ལེགས་ཆ་ཚང་བཅས་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བརྟན་བཞུགས་འབུལ་གནང་མཛད། ཇི་སྐད་དུ། ཡི་དམ་ལྷ་བས་བླ་མ་ཉིད། ལྷག་པ་ཉིད་དུ་ལྟ་བ་ལྟེ། བླ་མས་ཡི་དམ་ལྷ་དང་ནི། སྤྲད་པས་རབ་ཏུ་གཉན་པའོ། ཞེས་པ་ལྟར། ད་ལྟ་རང་ཅག་བོན་འབངས་ཡོངས་ཀྱི་སྐྱབས་མགོན། རྒྱལ་བསྟན་གསེར་གྱི་ཉི་མ། དམུ་རིགས་གཤེན་གྱི་གདུང་སྲས་སྐྱབས་རྗེ་དམ་པ་གཤེན་སྲས་རིན་པོ་ཆེ་ཁོང་གིས་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེར་སྐྱངས་ནས་མཐར།      
རྒྱ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །
རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །
མི་རྟག་ཚུལ་བསྟན་དགོངས་པ་མྱང་ངན་འདས། །
བདེ་ཆེན་དབྱིངས་གཤེགས་མཛད་ལ་ཕྱག་འཚལ་ལོ། །
   ཞེས་གསུངས་པ་ལྟར་གདུལ་བྱའི་བསོད་སྐལ་ཞན་པའི་དབང་གིས་གློ་བུར་དུ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་གི་ལོ་བོད་ཟླ་༡༢པའི་ཚེས་༣ རེ་གཟའ་ཕུར་བུ་སྟེ། སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༢པའི་ཚེས་༣ཉིན་དབུས་ལྷ་ལྡན་རྒྱལ་བ་གཤེན་གྱི་ཕོ་བྲང་དུ་གདུལ་བྱ་འགྲོ་བ་འདུལ་བའི་ཐབས་ལ་སྐུ་མི་རྟག་ཚུལ་བསྟན་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་ཞིང་ཁམས་གཞན་ལ་ཕེབས་པ་ནི་བཟོད་དཀའ་བའི་མྱ་ངན་ཞིག་ཏུ་གྱུར་ཀྱང་། སྤྱིར་ན་བོན་འབངས་ཡོངས་དང་སྒོས་སུ་དམུ་རིགས་གཤེན་གྱི་གདན་སའི་འདུས་སྡེ་ཡོངས་ཉེ་བའི་སྐུ་འཁོར་རྣམས་པ་བཅས་ཚང་མས་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་རྗེས་མཇུག་གི་དགེ་སྒྲུབ་སྡིག་སྤོང་དང་འདུས་བྱས་མི་རྟག་པའི་རང་བཞིན་ལ་ཟློག་ཏུ་མེད་པས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པའི་ཉམས་ལེན་གྱི་སྒོ་ནས་སེམས་གསོ་བྱ་བ་ལས་ཐབས་གཞན་བྲལ། སྤྱི་ཟླ་གཉིས་པའི་ཚེས་༡༧ཉིན་རྒྱལ་བ་གཤེན་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་མཆོག་དང་གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་རྣམ་གཉིས་ཀྱིས་དབུས་གཟིམ་ཁང་ནས་གདན་འདྲེན་ཞུས་གནང་བ་དང་། གྲྭ་ས་ཆེན་མོ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་ཉེ་བའི་སྐུ་འཁོར་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེ་དབུས་ལྷ་ལྡན་གཤེན་གྱི་ཕོ་བྲང་ནས་གདན་ས་དཔལ་ལྡན་དར་སྡིངས་སུ་གདན་ཞུས་སྐབས་ཕེབས་ལམ་དུ་གཡུང་དྲུང་གླིང་དང་སྨན་རིའི་བླ་གྲྭ་རྣམས་པས་གསེར་ཕྲེང་གི་སྣེ་དྲང་སྟེ་ཕེབས་སུ་ཟབ་རྒྱས་གནང་བ་མ་ཟད་མཇའ་ཁ་ཡང་ཞུས། དེ་ནས་དྲོད་འཇམ་གྱི་ཉི་ཟེར་ས་གཞིར་འཕྲོས་པ་དང་དུས་མཚུངས་རྟག་གྲུ་ཁ་ནས་སྐུ་འཁོར་རྣམས་རུ་དར་ངང་གཙང་གི་ཕྱོགས་སུ་ཆིབས་ཁ་འགྱུར་ཏེ་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཚེ་ལོ་རྒྱ་བའི་ཁྱད་པར་དུ་བྱས་པའི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱི་གདུང་རྒྱུད་ཟམ་མ་ཆད་པར་བྱོན་པ་དམུ་རིགས་འཕྲུལ་གྱི་ཕོ་བྲང་གསས་ཁང་གསེར་སྒོ་ཁྲ་མོའི་དབུ་རྩེ་ལྷ་ཁང་དུ་གདན་ཞུས་མཛད། དེ་ནས་ཟླ་དེ་གའི་སྤྱི་ཚེས་༢༥ཉིན་བར། ས་ཕྱོགས་གང་སར་བཞུགས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དགོན་པ་རི་ཁྲོད་ཡོངས་ཀྱི་མཐུས་འཚབ་དང་དེ་བཞིན་དད་ལྡན་ལྷ་སྡེ་མང་ཚོགས་ཚང་མས་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོའི་མཚམས་འདྲི་དང་། མཆོད་འབུལ་སྨོན་ལམ་གྱིས་ཚོགས་གསོག་དང་དགེ་སྐུལ་རྒྱ་ཆེན་ཞུས་པ་དང་དུས་མཚུངས་གདུང་མཇལ་ཡང་ཞུས། དེའི་རིང་རྒྱལ་བ་གཤེན་སྲས་རྣམ་གཉིས་ཀྱིས་ཐུགས་དགོངས་བཀའ་སློབ་གཞིར་བཟུང་ཀུན་རིག་ལས་བཞི་རྒྱུན་ལྔའི་བཅའ་བཟོ་དང་ལྟ་གོན་རྣམས་ལེགས་པར་བགྱིས་ཏེ་སྒྲུབ་གཤེན་མི་བཞི་བཅུ་ཡིས་སྒྲུབ་པ་མཛད་དེ་ཟླ་དེ་གའི་སྤྱི་ཚེས་༢༦ཉིན་གཤེན་སྲས་རྣམ་གཉིས་དང་གཡུང་དྲུང་གླིང་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་ཁོང་རྣམས་པ་དབུ་བཞུགས་ཐོག་ཕྱོགས་ཁག་མང་པོ་ནས་ཆེད་ཕེབས་གནང་བའི་བླ་སྤྲུལ་དགེ་བའི་བཤེས་གཉེན་གྲྭ་དམངས་བཅས་ཚང་མ་མཉམ་བཞུགས་ཐོག་སྐུ་གདུན་རིན་པོ་ཆེ་གནས་ཆེན་གསེར་སྒོ་ཁྲ་མོར་ཞུ་འབུལ་ལེགས་པར་མཛད་དེ་དགེ་ཚོགས་རླབས་ཆེན་བསགས་པས་དམ་པ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་ཤིང་། རྗེས་འབྲེང་དད་ལྡན་བོན་འབངས་ཐམས་ཅད་ཐུགས་རྗེས་རྗེས་སུ་བཟུང་ནས་གཤེན་གྱི་དགོངས་སྤྱོད་ཟབ་མོ་མི་རིང་རྒྱུད་ལ་འཕོ་བ་དང་། འཇིག་རྟེན་གྱི་ཁམས་འདིར་ནད་མུག་མཚོན་གསུམ་གྱིས་འཇིགས་སྐྲག་ཐམས་ཅད་མྱུར་དུ་ཞི་བ་དང་། བདེ་སྐྱིད་ཀྱི་ལོངས་སྤྱོད་དཔལ་ལ་རོལ་ཞིང་། གཤེན་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། སྐུའི་སྲས་རིན་པོ་ཆེ་རྣམ་གཉིས་ཀྱི་མཛད་པའི་འཕྲིན་ལས་རྣམ་བཞི་དུས་ཀུན་རྒྱས་པར་གྱུར་བའི་ཐུགས་སྨོན་ཡང་མཛད་དོ། །
   མདོར་ན་རྣམ་འདྲེན་རྫོགས་པའི་སངས་རྒྱས་ཀྱི་གདུང་རྒྱུད་འཁྲུལ་བ་མེད་པ། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ་གསེར་གྱི་ཉག་ཐག་ལ་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟར་གནས་པའི་ནང་ན། འགྲོ་བ་ཡོངས་ཀྱི་སྐྱབས་མགོན་དམ་པ་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བའི་སྲས་མཆོག་ནོར་བུ་དབང་གི་རྒྱལ་པོ་གང་ཉིད། རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་གི་ལོ་དགུང་གྲངས་དྲུག་བཅུ་རེ་དྲུག་ལ་ཕེབས་པའི་བར་སྔ་ཕྱིར་ནག་ཆུ་དང་དབུས་གཙང་སོགས་སུ་ཕེབས་ཐེངས་མང་པོ་ཞབས་ཀྱི་བཅགས་ཏེ་བོན་དགོན་ཁག་ལ་རྟེན་བཞེངས་དང་བཀའ་སློབ། གཟིགས་སྐྱོང་བླ་ན་མ་མཆིས་པ་བསྩལ་གནང་བ་མ་ཟད། དུས་རབས་ཉེར་གཅིག་པ་འདིར་བསྟན་དང་འགྲོ་བའི་དོན་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་བརྟེན། ཀྲུང་གོ་རྒྱལ་ཡོངས་ཀྱི་བླ་ཆེན་རྣམས་པས་ཀྱང་གུས་བཀུར་ཞུ་སྟང་དང་རྩི་མཐོང་འཇོག་སྟང་སོགས་ཀྱི་ཐད་ལ་ཡང་ཀུན་གཟིགས་བཅུ་པ་ཆེན་པོ་དང་དེ་བཞིན་ཁོང་སྐུ་ཞིང་ཁམས་གཤེགས་རྗེས་ཁོང་གི་སྐུ་ཡི་སྐུ་ཚབ་དགེ་ལུགས་པའི་བླ་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྤྲུལ་སྐུ་ཀུན་མཁྱེན་འཇམ་དབྱངས་བཞེད་པས་ཁོང་ལ་ཧ་ལས་པའི་མཐོང་ཆེན་གནང་བ་མ་ཟད་དེ་བཞིན་བཀའ་རྒྱུད་པའི་བླ་ཆེན་འབྲི་གུང་ཆུང་ཚང་རིན་པོ་ཆེ་སོགས་བླ་ཆེན་རྣམས་པས་ཀྱང་གཞན་དང་མི་འདྲ་བའི་མཐོང་ཆེན་དང་གཟིགས་སྐྱོང་གནང་ཏེ་ཁོང་ནི་དངོས་ནས་ང་ཚོ་བོད་པའི་མེས་པོ་ཡང་ཡིན་ལ་མཁྱེན་པ་དང་བརྩེ་བའི་བདག་པོ་སྐྱེ་འགྲོ་སེམས་ཅན་ལ་ཕན་ཐོགས་ཤིན་ཏུ་ཆེ་བས་ཚང་མས་མགོ་ཐོག་བུམ་པ་དང་ལྕེ་ཐོག་བདུད་རྩི་བཞིན་གུས་བསྐུར་ཞུ་འོས་པ་ཞིག་ཡིན་ཞེས་གསུངས་གནང་ཡོད། མ་ཟད་ཁོང་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་ཆེན་ཁོངས་སུ་ཡོད་ལ་འཛམ་གླིང་ཆོས་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་འཚོགས་གཙོ་སྐུ་གཞོན། བོད་རྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ། དམུ་རིགས་གཤེན་གྱི་བསྟན་པ་གསས་ཁང་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་གླིང་གི་དབུ་འཛིན་བཅས་གནང་ཞིང་། ལྷན་སྐྱེས་ཀྱི་ཤེས་རབ་དང་རྣམ་དཔྱོད་ཟབ་ཅིང་ཐུགས་ཡངས་ཀྱི་གཟིགས་རྒྱ་ཆེ་བ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་ལངས་ཕྱོགས་བརྟན་ཞིང་། དམ་པ་ཁོང་ཉིད་སྐུ་འཚོ་བཞུགས་སྐབས་དུས་དང་རྣམ་པ་ཀུན་ཏུ་རིས་མེད་ཀྱི་ཉམ་ཐག་འགྲོ་ལ་སྙིང་རྗེས་ཐུགས་དགོངས་ཟབ་བཞེས་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་བསླབ་བྱ་རྒྱུན་པར་དྲིལ་བསྒྲགས་དང་ལྷག་པར་ཆོས་ལུགས་གྲུབ་མཐའ་ཕན་ཚུན་དབར་གཅིག་ཕན་གཅིག་རོགས་ཀྱིས་མཛའ་བཤེས་དང་། མི་རིགས་མཐུན་སྒྲིལ་སློབ་གསོ་བཅས་ནམ་ཡང་མི་དོར་བ་མ་ཟད་དགེ་སྒྲུབ་སྡིག་སྤང་དང་ཡ་རབས་ཀྱི་སྤྱོད་བཟང་མི་དོར་བ་བཅས་བྱེད་དགོས་པའི་སྐོར་གྱི་ཞལ་ཏ་དད་ལྡན་མང་ཚོགས་རྣམས་ལ་གནང་གི་ཡོད། ལྷག་ཏུ་ཞྭ་དཀར་གཡུང་དྲུང་བོན་ལུགས་འཛིན་པ་ཡོངས་ཀྱི་སྐྱབས་མགོན་རྒྱལ་བ་གཤེན་གྱི་བསྟན་པའི་མངའ་བདག་ཁྱེད་ཉིད་ནམ་ཡང་བདག་ཅག་བསོད་ལྡན་ཡོངས་ཀྱི་མགོན་དུ་རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་བཟང་སྐྱོང་བཞིན་བཞུགས་པར་གསོལ་བ་སྨོན་ལམ་ཡང་ཡང་འདེབས་སོ།
གཤེན་སྲ༵ས་ཆེན་པོའི་གསེར་ཞལ་བཙོ་མའི་མདངས། །
རྨད་བྱུང་གསང་གསུམ་ནོར༷་བུ༵་རིན་པོ་ཆེ། །
དབ༵ང་མཆོག་རི་ནས་རྒྱ༵ལ་བསྟན་ཉེར་བཞེངས་པ། །
གང་གི་སྐུ་ཚེ་གེགས་མེད་རྟག་བརྟན་ཤོག །
   གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གི་ལྕམ་ནི་མཁའ་འགྲོའི་མཚན་ཐོབ་པ་དང་། རྟགས་མཚན་ཡོད་པའི་བུ་མོ་ཁག་གཅིག་གདམ་གསེས་བྱས་ཏེ། རྟགས་རིལ་གྱི་མཚན་རྟགས་བཀོད་པ་དེའི་ནང་ནས་ཐོན་པའི་ཡེ་ཤེས་མཁའ་འགྲོ་ཉི་མ་མཚོ་མོ་ནི། སྔོན་ཚེ་བླ་ཆེན་དྲན་པས་བྱིན་གྱིས་བརླབས་ཤིང་བཀའ་དམ་མཛད་པའི་ཨ་གྲགས་སྨད་མའི་རྒྱབ་རི་གཉན་རྗེ་བྱ་ར་མཆེད་གསུམ་གྱི་མདུན་ཞོལ་གསང་ཡུམ་ཀླུ་མོ་འོད་འབར་གྱི་གཡས་ཟུར་དུ། ཡབ་རིགས་རུས་གཙང་མ་རོང་པོ་རིག་འཛིན་དང་ཡུམ་རིགས་རུས་ཁྱད་པར་ཅན་དྭང་རའི་གྷུ་རུ་བླ་མའི་རྒྱུད་པ་གྷུ་རུ་བཟའ་སྨུག་སྡིལ་གཉིས་ཀྱི་སྲས་མོར་༡༩༦༨ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་ལྕམ་དྲལ་བརྒྱད་བལྟམས་པའི་ནང་གི་ཁོང་ནི་བདུན་པ་དེ་ཡིན་ཤིང་། སྐུ་འཁྲུངས་སྐབས་ཉི་མ་རི་རྩེར་ཤར་བ་དང་ལྷན་དུ་ཁེལ་བས་ཨ་ཞང་དྭང་ར་གྷུ་རུ་བླ་མས་ཁོང་གི་མཚན་ལ་ཉི་མ་མཚོ་གསོལ་ཞིང་བུ་མོ་གཞན་དང་མི་འདྲ་བ་ཞིག་ཡོད་ཞེས་རྟག་ཏུ་གསུངས་སྐད་འདུག་པ་ལྟར་ཁོང་ནི། འགྲོ་ཀུན་མ་ལྟར་སྐྱོབས་པའི་མ་གཅིག་མ། བྱམས་སེམས་དུང་ལྟར་དཀར་བའི་བསྐལ་བཟང་མ། གཤིས་རྒྱུད་བལ་ལྟར་འཇམ་པའི་ཞི་བ་མ། རིགས་རུས་ལྷ་ནས་ཆད་པའི་རིགས་བཟང་མ། དམུ་རིགས་གདུང་གི་མ་ཡུམ་བོན་བསྟན་གསོལ། ཞེས་རིགས་རྒྱུད་ཤིན་ཏུ་བཟང་ལ་ངང་རྒྱུད་འཇམ་ཞིང་རིང་བ། བཞིན་འཛུམ་བག་ཡོད་ལྡན་ཞིང་ཉམས་ཐག་གི་འགྲོ་ལ་ཕན་སེམས་ཆེ་བ། དད་པ་དང་དག་སྣང་ཆེ་ལ། བསྟན་པ་རིན་པོ་ཆེར་ལྷག་བསམ་དཀར་བ་བྱམས་དང་སྙིང་རྗེ་ལྡན་ཞིང་ཅི་ཡོད་སྦྱིན་པ་ལ་དགའ་བ། ཕྱག་སྐོར་དང་ཁ་འདོན་བཟླས་བརྗོད་ལ་བརྩོན་པ་བཅས་མཛངས་ཡོན་ནི་བརྗོད་ལས་འདས་ཤིང་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཉི་མའི་མཚན་ཅན་དང་ཁོང་རྣམ་གཉིས་ལ་སྲས་སྐུ་མཆེད་ལྔ་བྱུང་ཡང་འཁྲུངས་པའི་དང་པོ་སྲས་པོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་བ་སྤྱི་ལོ་༡༩༨༤ནག་པ་ཟླ་བའི་ཡར་ཚེས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཞིག་ལ་གཤེན་སྲས་མཚན་བཟང་པོ་དཔེ་བྱད་འབར་བ་བལྟ་བའི་ཆོག་མི་ཤེས་པ་ཞིག་གཟུགས་སྐུ་འཁྲུངས་ཤིང་ཟླ་བ་དགུ་བཞུགས་སྟེ། གློ་བུར་དུ་ང་ཚོ་ཆེས་ཕངས་ཤིང་འགྱོད་པ་ནི་ཁོང་ཉིད་འདུལ་བྱ་གཞན་དུ་ཕེབས་པས་ངེད་ཅག་བསོད་ནམས་ཀྱི་སྐལ་བ་དམན་སྟབས་ལོ་དེ་ཡི་ཟླ་བ་བཅུ་གཉིས་པའི་གནམ་གང་ཉིན་ཞོགས་པའི་ཉི་མ་རྩེ་ཤར་ཙམ་ལ་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་གཟིགས་ཚུལ་བསྟན། སྐབས་དེར་གཤེན་རིན་པོ་ཆེ་ཁོང་ཉིད་བསམ་བརྗོད་ལས་འདས་པའི་ཐུགས་ཕམ་བྱུང་ཞིང་ཧོར་རྒྱལ་སྲས་བླ་མ་གཡུང་དྲུང་རྒྱལ་བ་མཆོག་གིས་ཀྱང་ཐུགས་ཕམ་གྱི་སྒོ་ནས་ད་གཞན་ཅི་བྱ་མེད་པས་གདུང་སྲས་ཀྱི་སྐུ་གདུང་དེ་ཉིད་ཀླུ་ཕུག་དགོན་དུ་གདན་འདྲེན་ཞུས་ཏེ་དེར་ཞུགས་འབུལ་བྱེད་དགོས་གསུངས་ཤིང་དེར་ཁོང་གིས་ཆོག་མཆན་གྱི་ཕྱག་བྲིས་སོགས་གནང་། དེ་ནས་ཐུགས་རྗེའི་བཀའ་དྲིན་བླ་ན་མེད་པ་གྲུབ་དབང་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཀྱང་ཐུགས་ཡིད་ཚད་མེད་སྐྱོ་བ་དང་ཅི་བྱ་ལྟོས་བྲལ་གྱི་ངང་ནས་རིགས་སྲས་ཀྱི་སྐུ་གདུང་དེ་ཉིད་དཔལ་གཤེན་བསྟན་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་དུ་གདན་འདྲེན་ཞུས་ཤིང་ཀུན་རིགས་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་རྒྱས་པ་ཞལ་ཕྱེས་ཏེ་སྐུ་གདུང་ཞུགས་འབུལ་མཛད། ཞི་ཁྲོ་ཁྲི་མཆོད་སོགས་གདུང་སྲས་དེ་ཉིད་ཀྱི་དགོངས་རྫོགས་མཆོད་སྤྲིན་ལེགས་པར་ཕུལ་བ་དང་། སྐུ་གདུང་བཞུས་སྐབས་ནས་བྱོན་པའི་རིང་བསྲེལ་སོགས་ངོ་མཚར་ཆེ་བའི་བྱིན་རྟེན་བྱུང་བ་རྣམས་གཟུང་བཞུགས་སུ་ཕུལ་བའི་རྣམ་རྒྱལ་མཆོད་རྟེན་རྒྱུ་ལི་ལས་གྲུབ་པ་ཆེ་ཆུང་མཐོ་གང་གི་ཚད་ཙམ་ཞིག་བཞེངས་པར་མཛད་དོ། དེ་འོག་བགྲེས་པ་གཉིས་སྲས་མོ་སྟེ། ཆེ་བ་བསོད་ནམས་ལྷ་སྐྱིད་ལགས་ནི་མེ་སྟག་ལོར་འཁྲུངས་ཤིང་བོད་ལྗོངས་སྨན་རྩིས་སློབ་ཆེན་ནས་ཐོན་ཞིང་ད་ལྟ་ལྗོངས་སྨན་རྩིས་ཁང་ནང་ཕྱག་ལས་གནང་བཞིན་ཡོད། དེ་འོག་གཅུང་མོ་བསོད་ནམས་གཡང་སྐྱིད་ལགས་ནི་ས་འབྲུག་ལོར་འཁྲུངས་ཤིང་པེ་ཅིང་མི་རིགས་སློབ་ཆེན་ནས་ཐོན་ཞིང་ད་ལྟ་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་དྲིལ་བསྒྲགས་ལས་ཁུངས་ནང་ཕྱག་ལས་གནང་བཞིན་ཡོད། དེ་འོག་གདན་སའི་ཁྲི་འཛིན་སོ་དྲུག་པ་གཤེན་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་མཆོག་ནི།
དམུ་རྒྱལ་མཁྱེན་བརྩེའི་ཡེ་ཤེས་དཀྱིལ་འཁོར་ནས། །
རྒྱལ་སྲས་སེམས་པའི་ངོ་བོ་གཅིག་བསྡུས་པ། །
གཤེན་བསྟན་འཕྲིན་ལས་རྒྱས་པའི་སྐྱ་རེངས་ཏེ། །
མཁན་ཆེན་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་རྒྱལ། །
   ཞེས་མཆོད་པར་བྱས་ཏེ་ཕྱོགས་བཅུའི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཐུགས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་བདག་ཉིད་སྤྲུལ་བའི་སྐུ་མཆོག་དམུ་རྒྱལ་གཤེན་གྱི་གདུང་སྲས་མཁན་ཆེན་འགྲོ་བའི་མགོན་པོ་༧གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་མཆོག་ནི། གངས་ལྗོངས་འཛིན་མའི་དབུས་སུ་མཚན་སྙན་གྱི་བ་དན་སྲིད་རྩེ་རུ་བསྒྲེང་ཞིང་མཛད་བཟང་ལྷག་བསམ་གྱི་དུང་ཟླ་རིས་མེད་མཁའ་དབྱིངས་ན་བདལ་བའི་དམུ་རིགས་གཤེན་གྱི་གདུང་རྒྱུད་ལས་བྱོན་པའི་ཡབ་དམུ་གཤེན་ཆེན་པོ་ནོར་བུ་དབང་གི་རྒྱལ་པོ་མཆོག་དང་། ཡུམ་མཁའ་འགྲོའི་མཚན་རྟགས་ཡོངས་སུ་ཚང་བ་རོང་པོ་ཉི་མ་མཚོ་མོ་གཉིས་ཏེ་རིགས་བཟང་ཁུངས་བཙུན་གྱི་ཡབ་ཡུམ་ལས། མཁའ་འགྲོའི་དགོངས་རྟགས་བཞིན། འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རབ་བྱུང་བཅུ་བདུན་པའི་མཐོང་ལྡན་ཞེས་པ་ཆུ་ཕོ་སྤྲེའུ་(སྤྱི་ལོ་༡༩༩༢སྤྱི་ཟླ་༢ཚེས་༡༡)བདག་ཅག་གི་སྟོན་པ་སངས་རྒྱས་སྐུ་བལྟམས་པའི་དུས་ཁྱད་པར་ཅན་ཧོར་ཟླ་བཅུ་གཉིས་ཕྱི་མའི་ཚེས་བརྒྱད། གཟའ་མིག་དམར། ཐ་སྐར་འགྲུབ་སྦྱོར་འཛོམས་པའི་ཚེས་བཟང་ཉིན་གྱི་ཆུ་ཚོད་བཅུ་གཉིས་སྔ་ཆ་ཙམ་ལ་འཇའ་འོད་འཁྲིགས་ཤིང་བཀྲ་ཤིས་པའི་དགེ་རྟགས་དང་བཅས་ནག་ཆུ་གྲོང་དུ་ངོ་མཚར་ཆེ་བའི་གཟུགས་སྐུ་མངོན་པར་བལྟམས་ཤིང་ཨུ་དུམ་ཝ་རའི་མེ་ཏོག་གིས་ཤམ་པོ་ལྷ་རྩེ་བཀོད་པ་གསར་དུ་མཛེས་ཞེས་གསུངས་པ་ལྟར་མཛེས་སྐུའི་ཉི་གཞོན་གསར་བ་མཁའ་རུ་འཛུམ་ཞིང་། གཤེན་རབ་ཚེ་དབང་ཞེས་མཚན་གསོལ་མཛད། དེ་ནས་སྐུ་བྱིས་པའི་དུས་ཡབ་ཡུམ་གཉིས་ཀྱིས་ཁོང་གི་སྐུ་ཚེ་ལ་བར་ཆད་མི་ཡོང་བའི་རྩ་ཆེའི་གཟིགས་སྐྱོང་འོག་སྐུ་བྱིས་པའི་དུས་འདས། དགུང་ལོ་ལྔ་ཕེབས་ཐོག་སྤྱི་ལོ་༡༩༩༦ལོའི་བོད་ཟླ་བརྒྱད་པའི་ཚེས་བདུན་ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཚེ་རིང་སྐྲ་ཕུད་བཞེས་ཏེ། མཚན་ལ་གཤེན་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་བཞེས་ཏེ་སྤྱི་ལོ་༢༠༠༠ལོའི་བོད་ཟླ་བདུན་པའི་ཚེས་བརྒྱད་ཉིན་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་གཟའ་སྐར་འཕྲོད་སྦྱོར་གཟིགས་ཏེ། ལྷག་པ་ལྷ་མཚམས་འགྲུབ་སྦྱོར། ས་ཆུ། འཕེལ་ཉི། གཞོན། བཀྲ་ཤིས་ཉི་མ། རྩིས་གཞུང་ལས། ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས། རབ་བྱུང་རབ་གནས་ལྷ་གཡང་སྨན། དགེ་ལས་ཆོས་འདོན་མཆོད་རྟེན་བཞེངས། ཡུལ་བཟུང་སློབ་གཉེར་ཚུར་ལེན་བཟང་ཞེས་གསུངས་པ་བཞིན་དེ་ཉིན་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་སྨྲ་སེང་དཀར་པོ་གཅིག་སྒྲུབ་ཀྱི་ལུང་གནང་སྟེ། ཡོངས་འཛིན་ཚེ་རིང་རྒྱལ་ལས་ཐོག་མར་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་ལ་སྦྱངས་འགོ་ཚུགས། ཁོང་ནི་སྐུ་ན་ཆུང་ངུའི་དུས་ནས་རྒྱུད་ལ་བྱམས་དང་སྙིང་རྗེ་ཆེན་པོ་ལྡན་ཏེ་ཐུགས་རྒྱུད་ལ་གཞན་ཕན་གྱིས་གང་བ། ཟང་ཟིང་འཁོར་བའི་ལས་ལ་སྙིང་རྗེ་དང་འབག་བཙོག་གི་གནས་སུ་གཟིགས་ཏེ་ཤ་རིགས་སོགས་མི་གཙང་བའི་ཟས་རྣམས་བཞེས་རྒྱུར་མི་དགའ་བ། ང་ཆེ་ཁེངས་དྲེགས་དང་བདག་འཛིན་ཕྱོགས་རིས་སོགས་ཀྱི་དབེན་པས་ཞི་བ་བྱང་སེམས་ཀྱིས་ཕྱུག་ཅིང་ཀུན་གྱི་དད་པའི་དང་བ་འདྲེན་པ་དམ་པའི་རང་གཤིས་ཀྱི་རྟགས་ཁོ་ནར་མཛད་པ་སོགས་དཀར་ཕྱོགས་ལྷ་མི་ཀུན་གྱིས་སྨོན་པའི་ཕུན་ཚོགས་ཀྱི་མཚན་སྙན་བརྗོད་ལས་འདས་པ་དང་། ཁོང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་ཡོན་ཏན་ཕུན་སུམ་ཚོགས་ཤིང་རིང་མིན་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་སོགས་ལ་དཀའ་ཚེགས་མེད་པར་མཁྱེན་པ་བྱུང་ཞིང་། ཐ་སྙད་ཤེས་བྱའི་རིགས་ཐ་དག་ལན་རེ་ཙམ་གྱིས་མཁྱེན་པར་གྱུར་བ་དང་ཁྱད་པར་དུ་སྲིད་པའི་ཕུན་ཚོགས་ལ་མི་མཉེས་པ། དེ་ལྟ་བུའི་དགེ་མཚན་རབ་ཏུ་གཡོ་བའི་ཉེར་ལེན་ལ་བརྟེན་ནས། ༢༠༠༢ལོའི་བོད་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཅིག་ཉིན་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་རྒྱལ་ཡུམ་བྱམས་མའི་དབང་གཞི་ལུང་དང་བཅས་པ་ཆབ་ཅིག་ཏུ་ཕུལ་བ་དང་། གྲུབ་དབང་བླ་མ་སྒྲུབ་པའི་དབང་ལུང་ཆ་ཚང་དང་གདུགས་དཀར་དབང་དང་ཚེ་མཆོག་མཐའ་ཡས་དབང་ལུང་ཆ་ཚང་དང་། ཞིང་སྐྱོང་ལྷ་མོའི་གཉེར་གདམས་བཅས་ཕུལ་ཡོད། ལོ་དེར་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཁོང་ལ་རྒྱལ་ཐེབ་དབང་ཁྲིད་ཕུལ་གནང་མཛད་པ་དང་། སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་ཨ་སྙན་རྫོགས་གསུམ་དང་བདེ་སྨོན་རྣམ་གསུམ་བཅས་ཀྱི་ལུང་ཕུལ་གནང་མཛད། ཆུ་མོ་ལུག་སྤྱི་ལོ་༢༠༠༣ལོའི་ཟླ་བ་༧པའི་ཚེས༡༧པ་སངས་ནམ་གྲུའི་འགྲུབ་སྦྱོར་ཉིན་གཤེན་རྒྱལ་ཡབ་སྲས་གསུམ་ལྷན་བཞུགས་ཀྱི་གནས་ཆེན་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེར་ཁྲི་གསོལ་མཛད་པའི་སྐལ་བཟང་ཉིན་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་རང་གི་སྣང་ངོར་རིག་པ་དྭངས་གསལ་གྱི་ཉམས་དགའི་སྤྲོ་སྣང་བྱུང་སྐབས་ཡབ་སྲས་གསུམ་ལ་གསོལ་འདེབས་ཞབས་བརྟན་རེ་རྟེན་འབྲེལ་གྱི་ཚུལ་དུ་ཕུལ། དེའི་ཉིན་བླ་གྲྭ་ཚང་མས་གཟབ་སྤྲོས་ལེགས་པར་གསོལ་ནས་བསང་སྤོས་དྲི་བཟང་གི་དུད་སྤྲིན་དང་རྔ་གཤང་དུང་གླིང་གི་སྒྲ་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་དང་བཅས་སེར་འཕྲེང་གི་བསུ་མའི་ཁྲོད་ནས་གཤེན་གྱི་བླ་རབས་རིམ་བྱོན་གྱི་བཞུགས་ཁྲིའི་སྟེང་དུ་ཞབས་སོར་ལེགས་པར་བཀོད་དེ་བླ་གྲྭ་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་མཎྚལ་དང་བཅས་ཕུལ། དེ་རྗེས་དད་ལྡན་མང་ཚོགས་རྣམས་ནས་ཀྱང་མཇལ་ཁ་དང་རྟེན་འབྲེལ་ཀྱང་ཞུས། ལོ་འདི་ནས་བཟུང་ལོ་མང་རིང་བཀའ་དྲིན་མཚུངས་མེད་ངེས་པ་དོན་གྱི་ཡོངས་འཛིན་རིན་པོ་ཆེ་སྐལ་བཟང་རྒྱལ་སོགས་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་མང་པོར་གཏུགས་ཏེ། མདོ་སྔགས་སེམས་གསུམ་སོགས་བཅུ་ཕྲག་རིག་པའི་གནས་ཀུན་གྱི་གཞུང་དོན་དང་རིག་གནས་སྤྱི་དང་བྱེ་བྲག་གང་སྤྱིར་བརྩོན་པར་སྦྱངས་ནས་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅད་དང་གཅོད་མུས་སུ་བཞུགས། མེ་མོ་ཕག་སྤྱི་ལོ་༢༠༠༧ལོར་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གངས་ལྫོངས་སུ་ཕེབས་སྐབས་སྙན་རྒྱུད་ཀྱི་ཁྲིད་ལུང་དང་བྱང་སེམས་ཀྱི་ཁྲིད། སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་དབང་ཁྲིད་དང་བླ་བླུ་འཆི་བླུ་སོགས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་བཅས་བུམ་པ་གང་བྱོའི་ཚུལ་དུ་ཕུལ་གནང་བ་དང་། སྤྱི་ལོ་༢༠༠༨ལོའི་ནང་སོག་སྡེ་བོན་དགོན་དཔལ་ལྡན་ནོར་བུའི་གླིང་དུ་ཕེབས་ཏེ་ལོ་འདིའི་ཟླ་བ་༩པའི་ཚེས་༢༦ཉིན་དགོན་འདིའི་བཤད་སྒྲུབ་གཉིས་ཀྱི་དབུ་འབྱེད་མཛད་སྒོར་བཞུགས། སྤྱི་ལོ་༢༠༡༠ལོའི་བོད་ཟླ་དང་པོའི་ཚེས་ལྔ་སྟེ་མཉམ་མེད་ཆེན་པོའི་དུས་ཆེན་ཉིན་གདན་ས་གཡུང་དྲུང་གླིང་དུ་མཁན་པོ་བསྐོ་བཞག་གི་རྟགས་ཀྱི་རིལ་བུའི་དབུ་ལེན་པའི་ཆོ་ག་གཡུང་དྲུང་གླིང་མཁན་རབས་གོང་མ་རྣམས་པའི་ཐུགས་དམ་ཕུར་བའི་སྟོང་ཚོགས་ཕུལ་སྐབས་སྒྲུབ་བཞག་ནང་དབུ་བཞུགས་མཛད། དེ་རྗེས་ཚེས་ཉེར་བརྒྱད་ཉིན་བླ་སྤྲུལ་འཐུས་མི་དང་གྲྭ་མང་ཚང་མའི་སྐུ་མདུན་དུ་རྟགས་རིལ་ཞལ་ཕྱེས་ཏེ་མཚན་རྟགས་དེ་དགེ་བཤེས་བསམ་བརྟན་འགྱུར་མེད་ལ་བབས་འདུག་ཅེས་ཁྱབ་བསྒྲགས་གནང་བས་དེར་ཡོད་བླ་གྲྭ་ཚང་མས་ལྷ་རྒྱལ་ཕྱེ་མར་ཕུད་གཏོར་གྱིས་རྟེན་འབྲེལ་ཞུས། གཤེན་རིན་པོ་ཆེ་ཁོང་གིས་དེར་བཞུགས་ཀྱི་བླ་གྲྭ་ཚང་མ་ལ་རྟགས་རིལ་གྱི་དབང་བསྐུར་ཏེ་གྲྭ་མང་འཚོགས་པའི་དཀྱིལ་དུ་དམ་བཅའ་བཞག་ནས་ཉིན་དེ་ནས་ཟུང་ཚང་མས་བརྩི་བཀུར་ཞུ་དགོས་པ་མ་ཟད་འགྲོ་ཀུན་ཕན་བདེར་འགོད་པའི་ཐུགས་སྨོན་ཡང་གནང་། སྤྱི་ལོ་༢༠༡༥ལོར་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་ནང་ཕེབས་སྟེ་སྤྱིར་བོད་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་སྡེ་ཁག་དང་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེ་མོའི་དགེ་རྒན་རྣམ་པ། ཁྱད་པར་སློབ་གླིང་འདིའི་རིས་མེད་གླིང་གཙོ་རིན་པོ་ཆེ་༧སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་༧རྒྱལ་བ་གཤེན་གྱི་གདུང་སྲས་རྣམ་གཉིས་ལ་ཐུགས་གཟིགས་རྒྱ་ཆེར་གནང་སྟེ་མི་ལོ་ལྔའི་རིང་ལ་ཐུགས་ཁུར་བླ་མེད་མཛད་པ་དང་། རིམ་བཞིན་གྲུབ་མཐའ་རིས་མེད་ཀྱི་བསྡུས་གྲྭ་དང་ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ལ་སློབ་གླིང་གི་སྒྲིག་གཞི་བཞིན་དུ་སློབ་གཉེར་ཚུལ་བཞིན་གནང་བ་དང་། ཁྱད་པར་དུ་ཡོངས་འཛིན་སློབ་དཔོན་དགེ་བའི་བཤེས་གཉེན་ཆེན་མོ་༧སྐལ་བཟང་ཚུལ་ཁྲིམས་མཆོག་གིས་གདུང་སྲས་རྣམ་གཉིས་ལ་ཟུར་དུ་བོན་རང་ལུགས་ཀྱི་མཁན་ཆེན་ཉི་མས་མཛད་པའི་སུམ་ལྡན་སྡུད་གྲྭ་མཐའ་དཔྱད་དང་། རྗེ་མཉམ་མེད་ཆེན་པོས་མཛད་པའི་ཚད་མ་རྣམ་འབྱེད་ཕྲུལ་གྱི་སྒྲོན་མེ། སྟོན་པའི་ཐེག་འགྲེལ་མེ་ལོང་དགུ་སྐོར་ཆ་ཚང་། མཚན་ཉིད་གསུམ་གྱི་རྣམ་གཞག མཁན་ཆེན་ཉི་མས་མཛད་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ། གཤེན་སྟོན་ནམ་མཁས་མཛད་པའི་ལམ་རིམ་སུམ་བརྒྱ་བའི་འགྲེལ་བ་སོགས་ཟབ་ཁྲིད་རྒྱས་པར་ཞུས་པ་མ་ཟད། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་རྙིང་མ་བའི་ལམ་རིམ་ཀུན་བཟང་བླ་མའི་ཞལ་ལུང་དང་། ས་སྐྱ་བའི་ལམ་རིམ་ཐུབ་པའི་དགོངས་པ་རབ་གསལ། བཀའ་རྒྱུད་པའི་ལམ་རིམ་དྭགས་པོ་ཐར་རྒྱན། དགེ་ལུགས་པའི་ལམ་རིམ་ཆེ་མོ་སོགས་ལ་ཐོས་བསམ་ཡང་དག་གནང་བ་དང་། དེ་བཞིན་ཐུན་མོང་གི་རིག་པའི་གནས་ཆེན་སུམ་རྟགས་དག་གསུམ་དང་། རྩིས་ སྙན་ངག་ སྒྲ་ སྡེབ་སྦྱོར་སོགས་ལ་སྦྱངས་པ་མཐར་ཕྱིན་གནང་བར་མཛད་དེ། སྤྱི་ལོ་༢༠༡༩ལོའི་ཟླ་བ་༦པའི་ཚེས་༢༦ཉིན་འབྲིང་རིམ་རབ་འབྱམས་པའི་སློབ་མཐར་ཕྱིན་པའི་ཕྱག་འཁྱེར་ཐོབ་པ་དང་མཐར་ཕྱིན་དཔྱད་རྩོམ་༼སྐྱབས་འགྲོའི་སྐོར་ཅུང་ཙམ་གླེང་བ་༽ཞེས་པའི་དཔྱད་རྩོམ་ཡང་སྤེལ་བར་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་རྣམས་པས་བསྔགས་བརྗོད་ཡང་མཛད་པ་སོགས་མདོར་ན་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་མཁས་ཤིང་གྲུབ་པའི་བླ་མ་དམ་པ་རྣམས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐུགས་བསྐྱེད་སྨོན་ལམ་དང་། མདོ་སྔགས་སེམས་གསུམ་སོགས་གྱི་དབང་ལུང་ཁྲིད་གསུམ་བཅས་ཟབ་རྒྱས་བུམ་པ་གང་བྱོའི་ཚུལ་དུ་ཕུལ་ཡོད་པར་བརྟེན། གསང་གསུམ་གསང་བའི་མཛད་པ། དངོས་སྐལ་དུ་གྱུར་བའི་གདུལ་བྱ་རྣམས་བདག་ལྟ་བུས་འདི་དང་འདིའོ་ཞེས་ཞུ་བར་ག་ལ་སྤོབས། འོན་ཀྱང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཡིན་པ་ནི་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་ཞེས་གསུངས་པ་བཞིན་ཡིན་པར་སོམ་ཉི་མེད་པར་འདོད་དོ། ད་ལྟ་གཤེན་གྱི་བླ་བྲང་དུ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཐུགས་བྲེལ་གྱི་མཛད་འཕྲིན་སྐྱོང་བཞིན་མཆིས། ཁོང་ནི་རིག་འཛིན་གོང་མའི་རྣམ་སྤྲུལ་སྐྱེས་མཆོག་ཞིག་ཡིན་སྟབས་མ་འོངས་པར་ཕུན་ཚོགས་དཔལ་གྱི་ཕྱུག་པའི་གངས་ལྗོངས་ས་ཡི་ཐིག་ལེ་འདིར་རྒྱལ་སྲས་སེམས་དཔའི་མཛད་རྣམ་བཞིན། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་མདོ་སྔགས་ཟུང་འབྲེལ་གཤེན་བསྟན་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་འཛིན་སྐྱོང་སྤེལ་གསུམ་གྱིས་གོང་མའི་བརྒྱུད་འཛིན་འོག་མའི་ལམ་སྣ་འདྲེན་པའི་སེམས་ཅན་གྱི་འགྲོ་དོན་མཐའ་ཡས་པར་མཛད་པའི་རྣམ་ཐར་རླབས་པོ་ཆེ་ཞིག་ཡོང་རྒྱུ་ནི་ཐེ་ཚོམ་མི་དགོས་སོ། །
སྐུ་སྲས་ཐ་ཆུང་དམུ་རིགས་གཤེན་གྱི་གདུང་འཛིན་གཤེན་སྲས་ཚེ་དབང་བསྟན་འཛིན་ནམ་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་མཆོག་ནི།
དམར་སེར་ཐུན་མཚམས་གསར་པའི་ཀློང་རུམ་ནས། །
རྨད་བྱུང་ཚོགས་གཉིས་ཉིན་བྱེད་གཞོན་ནུའི་དཔལ། །
འགྲོ་ལ་དགྱེས་བརྩེའི་འཛུམ་རླབས་གཡོ་བ་ཡིས། །
སྲིད་ཞིའི་གཙུག་ཏུ་མངོན་འཕགས་གཤེན་སྲས་མཆོད། །
   ཅེས་བསྟོད་ཚིག་ངག་གི་ཨཏྤལ་ཅི་ཡང་འཐོར་ཞིང་བརྗོད་པར་བྱེད་པ་ལ། དེ་ཡང་འདི་སྐད་ཅེས་བདག་གིས་མཐོང་ཞིང་ཐོས་ཏེ། འོ་སྐོལ་འཇིག་རྟེན་ན་འགྲོ་བ་ལྷ་དང་བཅས་པའི་སྐྱེ་དགུ་མཐའ་དག་གི་སྐྱབས་གནས་གཅིག་པུར་གྱུར་པ། མཚུངས་མེད་སྟོན་པའི་གཙོ་བོ་ཀུན་མཁྱེན་དམུ་རྒྱལ་སྲས་པོ་དེ་ཉིད་ཀྱི་གདུང་འཛིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་གཤེན་སྲས་མཆོག་གི་འཁྲུངས་དུས་ནི། གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་འདིར། སྙིགས་མའི་དུས་ཀྱི་གདུལ་དཀའི་ཚོགས་རྣམས་རྗེས་སུ་བཟུང་བའི་ཕྱིར། རང་གཞན་ཀུན་གྱི་དད་པའི་གསོས་སུ་བོད་རབ་བྱུང་བཅུ་བདུན་པའི་ཕན་བདེ་ཞེས་པ་ཤིང་ཕོ་ཁྱི་ཡི་ལོ་(སྤྱི་ལོ་༡༩༩༤སྤྱི་ཟླ་༥་ཚེས་༥)ཧོར་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔ་ཉིན། གཟའ་ཕུར་བུ། སྐར་མ་ནམ་གྲུ། ས་རླུང་། མཚན་མོའི་ཆུ་ཚོད་གཉིས་དང་སྐར་མ་གསུམ་ཐོག་ངོ་མཚར་གྱི་བཟང་ལྟས་དུ་མ་དང་བཅས་ལྷ་ལྡན་གྲོང་དུ་གཟུགས་སྐུ་མངོན་པར་བལྟམས་ཤིང་ཡབ་ཀྱིས་ཁོང་གི་མཚན་ལ་ཚེ་དབང་བསྟན་འཛིན་ཞེས་གསོལ། ཁོང་སྐུ་བྱིས་པའི་དུས་ནས་ཐུགས་རྒྱུད་དུལ་བ་དང་མཛད་སྤྱོད་བཟང་བ་སོགས་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་མཐའ་དག་གང་ནས་བལྟས་ཀྱང་སྐྱེས་བུ་དམ་པའི་རང་རྟགས་ཡོངས་སུ་མངའ་བ་སྔོན་ནས་བསོད་ནམས་བསགས་པའི་སྐྱེས་བུའི་ངང་ཚུལ་ལྷན་སྐྱེས་སུ་ལྡན་ཡོད།  དགུང་ལོ་གསུམ་ལ་ཕེབས་ཐོག་སྤྱི་ལོ་༡༩༩༦ལོའི་བོད་ཟླ་བརྒྱད་པའི་ཚེས་བདུན་ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཚེ་རིང་སྐྲ་ཕུད་བཞེས་ཏེ་མཚན་ལ་གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་ཞེས་གསོལ། སྐུ་ན་ཕྲ་བའི་དུས་ནས་དམ་པའི་དགོངས་སྤྱོད་ལྷན་སྐྱེས་སུ་མངའ་ཞིང་། རྣམ་དཀར་དགེ་ལ་སྤྲོ་བའི་བག་ཆགས་སྟོབས་སུ་གྱུར། དགུང་ལོ་བདུན་བཞེས་ཏེ་སྤྱི་ལོ་༢༠༠༠ལོའི་བོད་ཟླ་བདུན་པའི་ཚེས་བརྒྱད་ཉིན་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་གཟའ་སྐར་འཕྲོད་སྦྱོར་གཟིགས་ཏེ། ལྷག་པ་ལྷ་མཚམས་འགྲུབ་སྦྱོར། ས་ཆུ། འཕེལ་ཉི། གཞོན། བཀྲ་ཤིས་ཉི་མ་ལ་སོགས་དགེ་མཚན་འབུམ་གྱིས་རྒྱན་པའི་ཉིན་དེར་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་སྨྲ་སེང་དཀར་པོ་གཅིག་སྒྲུབ་ཀྱི་ལུང་གནང་སྟེ། ཡོངས་འཛིན་ཚེ་རིང་རྒྱལ་ལས་ཐོག་མར་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་ལ་སྦྱངས་འགོ་ཚུགས་ཞིང་སྔོན་སྦྱང་ལས་ཀྱི་འཕྲོ་སད་པར་བརྟེན་རིང་བར་མ་ཐོག་པར་དཀར་ནག་ཡི་གེ་ཐམས་ཅད་ཚེགས་མེད་དུ་སློབ་པ་མཐར་ཕྱིན། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་མང་དག་གི་ཞབས་ལ་གཏུགས་ཏེ་བོད་རྒྱ་དབྱིན་གསུམ་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད། ཆུ་མོ་ལུག་སྤྱི་ལོ་༢༠༠༢ ལོའི་བོད་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཅིག་ཉིན་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་རྒྱལ་ཡུམ་བྱམས་མའི་དབང་གཞི་ལུང་དང་བཅས་པ་ཆབ་ཅིག་ཏུ་ཕུལ་བ་དང་གྲུབ་དབང་བླ་མ་སྒྲུབ་པའི་དབང་ལུང་ཆ་ཚང་དང་གདུགས་དཀར་དབང་དང་ཚེ་མཆོག་མཐའ་ཡས་དབང་ལུང་ཆ་ཚང་དང་། ཞིང་སྐྱོང་ལྷ་མོའི་གཉེར་གདམས་བཅས་ཕུལ་ཡོད། ལོ་དེར་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཁོང་ལ་རྒྱལ་ཐེབ་དབང་ཁྲིད་ཕུལ་གནང་མཛད་པ་དང་། སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་ཨ་སྙན་རྫོགས་གསུམ་དང་བདེ་སྨོན་རྣམ་གསུམ་བཅས་ཀྱི་ལུང་ཕུལ་གནང་མཛད། ༢༠༠༣ལོའི་ཟླ་བ་༧པའི་ཚེས༡༧པ་སངས་ནམ་གྲུའི་འགྲུབ་སྦྱོར་ཉིན་གཤེན་རྒྱལ་ཡབ་སྲས་གསུམ་ལྷན་བཞུགས་ཀྱི་གནས་ཆེན་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུའི་རྩེར་ཁྲི་གསོལ་མཛད་པའི་སྐལ་བཟང་ཉིན་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་རང་གི་སྣང་ངོར་རིག་པ་དྭངས་གསལ་གྱི་ཉམས་དགའི་སྤྲོ་སྣང་བྱུང་སྐབས་ཡབ་སྲས་གསུམ་ལ་གསོལ་འདེབས་ཞབས་བརྟན་རེ་རྟེན་འབྲེལ་གྱི་ཚུལ་དུ་ཕུལ། དེའི་ཉིན་བླ་གྲྭ་ཚང་མས་རང་མཐུན་གྱི་ཆས་གོས་ལེགས་པར་གསོལ་ནས་བསང་སྤོས་དྲི་བཟང་གི་དུད་སྤྲིན་དང་རྔ་གཤང་དུང་གླིང་གི་སྒྲ་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་དང་བཅས་སེར་འཕྲེང་གི་བསུ་མའི་ཁྲོད་ནས་གཤེན་གྱི་བླ་རབས་རིམ་བྱོན་གྱི་བཞུགས་ཁྲིའི་སྟེང་དུ་ཞབས་སོར་ལེགས་པར་བཀོད་དེ་བླ་གྲྭ་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་མཎྚལ་དང་བཅས་ཕུལ། དེ་རྗེས་དད་ལྡན་མང་ཚོགས་རྣམས་ནས་ཀྱང་གཟབ་སྤྲོས་ལེགས་པར་གྱོན་ནས་མཇལ་ཁ་དང་རྟེན་འབྲེལ་ཀྱང་ཞུས། ལོ་འདི་ནས་བཟུང་སྟེ་ལོ་མང་རིང་བཀའ་དྲིན་མཚུངས་མེད་ངེས་པ་དོན་གྱི་ཡོངས་འཛིན་རིན་པོ་ཆེ་སྐལ་བཟང་རྒྱལ་སོགས་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་མང་པོར་གཏུགས་ཏེ། མདོ་སྔགས་སེམས་གསུམ་སོགས་བཅུ་ཕྲག་རིག་པའི་གནས་ཀུན་གྱི་གཞུང་དོན་དང་རིག་གནས་སྤྱི་དང་བྱེ་ཕྲག་གང་སྤྱིར་བརྩོན་པར་སྦྱངས་ནས་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅད་དང་གཅོད་མུས་སུ་བཞུགས། མེ་མོ་ཕག་སྤྱི་ལོ་༢༠༠༧ལོར་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གངས་ལྫོངས་སུ་ཕེབས་སྐབས་སྙན་རྒྱུད་ཀྱི་ཁྲིད་ལུང་དང་བྱང་སེམས་ཀྱི་ཁྲིད་། སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་དབང་ཁྲིད་དང་བླ་བླུ་འཆི་བླུ་སོགས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་བཅས་བུམ་པ་གང་བྱོའི་ཚུལ་དུ་ཕུལ་གནང་བ་དང་། ས་ཕོ་བྱི་བ་སྤྱི་ལོ་༢༠༠༨ལོའི་ནང་སོག་སྡེ་བོན་དགོན་དཔལ་ལྡན་ནོར་བུའི་གླིང་དུ་ཕེབས་ཏེ་ལོ་འདིའི་ཟླ་བ་༩པའི་ཚེས་༢༦ཉིན་དགོན་འདིའི་བཤད་སྒྲུབ་གཉིས་ཀྱི་དབུ་འབྱེད་མཛད་སྒོར་བཞུགས། སྤྱི་ལོ་༢༠༡༣ལོ་ནས་སྤ་ཚང་གཡུང་དྲུང་རབ་བརྟན་གླིང་སོགས་བོན་གྱི་འདུས་སྡེ་ཁག་ལ་ཞབས་ཀྱིས་བཅགས་ཏེ་བསྟན་དོན་རྒྱ་ཆེན་མཛད། སྤྱི་ལོ་༢༠༡༥ལོར་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་ནང་ཕེབས་ཏེ་སྤྱིར་བོད་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་སྡེ་ཁག་དང་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམ་པ། ཁྱད་པར་སློབ་གླིང་འདིའི་རིས་མེད་གླིང་གཙོ་རིན་པོ་ཆེ་༧སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་༧རྒྱལ་བ་གཤེན་གྱི་གདུང་སྲས་རྣམ་གཉིས་ལ་ཐུགས་གཟིགས་རྒྱ་ཆེར་གནང་སྟེ་མི་ལོ་ལྔའི་རིང་ལ་ཐུགས་ཁུར་བླ་མེད་མཛད་པ་དང་། རིམ་བཞིན་གྲུབ་མཐའ་རིས་མེད་ཀྱི་བསྡུས་གྲྭ་དང་ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ལ་སློབ་གླིང་གི་སྒྲིག་གཞི་བཞིན་དུ་སློབ་གཉེར་ཚུལ་བཞིན་གནང་བ་དང་། ཁྱད་པར་དུ་ཡོངས་འཛིན་སློབ་དཔོན་དགེ་བའི་བཤེས་གཉེན་ཆེ་མོ་༧སྐལ་བཟང་ཚུལ་ཁྲིམས་མཆོག་གིས་གདུང་སྲས་རྣམ་གཉིས་ལ་ཟུར་དུ་བོན་རང་ལུགས་ཀྱི་མཁན་ཆེན་ཉི་མས་མཛད་པའི་སུམ་ལྡན་སྡུད་གྲྭའི་མཐའ་དཔྱད་དང་། རྗེ་མཉམ་མེད་ཆེན་པོས་མཛད་པའི་ཚད་མ་རྣམ་འབྱེད་ཕྲུལ་གྱི་སྒྲོན་མེ། སྟོན་པའི་ཐེག་འགྲེལ་མེ་ལོང་དགུ་སྐོར་ཆ་ཚང་། མཚན་ཉིད་གསུམ་གྱི་རྣམ་གཞག མཁན་ཆེན་ཉི་མས་མཛད་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ། གཤེན་སྟོན་ནམ་མཁས་མཛད་པའི་ལམ་རིམ་སུམ་བརྒྱ་བའི་འགྲེལ་བ་སོགས་ཟབ་ཁྲིད་རྒྱས་པར་ཞུས་པ་མ་ཟད། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་རྙིང་མ་བའི་ལམ་རིམ་ཀུན་བཟང་བླ་མའི་ཞལ་ལུང་དང་། ས་སྐྱ་བའི་ལམ་རིམ་ཐུབ་པའི་དགོངས་པ་རབ་གསལ། བཀའ་རྒྱུད་པའི་ལམ་རིམ་དྭགས་པོ་ཐར་རྒྱན། དགེ་ལུགས་པའི་ལམ་རིམ་ཆེ་མོ་སོགས་ལ་ཐོས་བསམ་ཡང་དག་གནང་བ་དང་། དེ་བཞིན་ཐུན་མོང་གི་རིག་པའི་གནས་ཆེན་སུམ་རྟགས་དག་གསུམ་དང་། རྩིས་ སྙན་ངག་ སྒྲ་ སྡེབ་སྦྱོར་ སོགས་ལ་སྦྱངས་པ་མཐར་ཕྱིན་གནང་བར་མཛད་དེ། སྤྱི་ལོ་༢༠༡༩ལོའི་ཟླ་བ་༦་པའི་ཚེས་༢༦ཉིན་འབྲིང་རིམ་རབ་འབྱམས་པའི་སློབ་མཐར་ཕྱིན་པའི་ཕྱག་ཁྱེར་ཐོབ་པ་དང་མཐར་ཕྱིན་དཔྱད་རྩོམ་༼དད་པའི་རྣམ་བཞག་སྐོར་གླེང་བ་༽ཞེས་པའི་ཁ་བྱང་སྟེང་ནས་དཔྱད་རྩོམ་གནང་བ་མ་ཟད། ཆེད་མཁས་གདན་ཞུ་བྱས་པའི་མཁས་དབང་དུ་མའི་དབུས་སུ་སྒྲོག་བྱང་གནང་བར་གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དང་མཁས་དབང་ཡོངས་ཀྱིས་གདེང་འཇོག་ཚད་མཐོར་གནང་སྟེ་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་ཁོང་ལ་སློབ་གླིང་གི་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོའི་བྱ་དགའ་ཕུལ་གནང་མཛད། གཞན་ཁོང་ལ་སློབ་གཉེར་ཚུལ་བཞིན་གནང་བ་དང་སློབ་གླིང་གི་སྒྲིག་གཞི་ཚུལ་བཞིན་སྲུང་བ་སློབ་གྲོགས་བར་ལ་མཛའ་མཐུན་སོགས་ཀྱི་མཛད་རྗེས་ལ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ནས་དམིགས་བསལ་ཕུལ་བྱུང་གི་བྱ་དགའ་ཕུལ་གནང་བ་སོགས།  རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་རྣམ་བཞིན།  བསྡུ་དངོས་བཞི་ཡིས་སྒོ་ནས་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཕྱིར། གསང་གསུམ་གྱི་མཛད་འཕྲིན་ཐམས་ཅད་བསྟན་འགྲོ་གཉིས་ལ་ཕན་པའི་ཐུགས་བསྐྱེད་ཀྱི་འདུན་པས་ཡོངས་སུ་ཁེངས་ཏེ། ད་ལྟ་དམུ་རྒྱལ་གཤེན་གྱི་བླ་བྲང་དུ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་ལེན་ལ་ཐུགས་བྲེལ་གྱིས་མཛད་འཕྲིན་སྐྱོང་བཞིན་མཆིས། དེ་ཡང་ཁོང་ནི་གདུང་རུས་ཁྱད་པར་ཅན་དམུ་རྒྱལ་གཤེན་གྱི་གདུང་རྒྱུད་སྐྱེས་བུ་ཆེན་པོ་ཞིག་ཡིན་སྟབས། དོན་གྱི་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་བྱས་ཚེ་གཞན་དང་མི་འདྲ་བའི་རིག་རྩལ་དང་ནུས་སྟོབས་ཡོད་པ་དང་། དེ་ལ་བརྟེན་ནས་བྱུང་བའི་ཐུགས་རྗེ་དང་བྱིན་རླབས་ཀྱི་ནུས་པ་ཡང་གཞན་དང་མི་འདྲ་བའི་ཁྱད་པར་ཡོད་པ། མཁས་པའི་དབང་པོ་རྣམས་ཀྱིས་གསུངས་པ་བཞིན་ཀུན་གྱི་མཐོང་ཆོས་སུ་གྱུར་པ་ནི། ཁོང་སྐུ་ན་ཆུང་ངུའི་དུས་ནས་སྐུའི་གཟི་བརྗིད་ཆེ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་ལྡན་ཏེ། བློ་རྩལ་གཞན་ལས་འཕགས་པ་ཞིག་ཡིན་ཞིང་། སྔོན་ནས་སྦྱངས་བའི་དད་པ་དག་སྣང་ཤིན་ཏུ་ཆེ་ལ་སྐྱེས་སྦྱོང་ཤེས་རབ་དང་ལྡན་པ། ལྷུན་མཐུག་གཞན་ལས་དཔག་པ་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པ། བདག་འཛིན་ཕྱོགས་རིས་ཆུང་བས་ཀུན་དགའ་ཡིད་དུ་འོང་བ།  ང་ཆེ་ཁེངས་དྲེགས་དབེན་པས་ཞི་བ་བྱང་ཆུབ་སེམས་དང་ལྡན་པ། ཐབས་མཁས་ཐུགས་རྗེ་ཆེ་བས་མཐོང་ཐོས་དང་བ་འདྲེན་པ་སོགས་དཀར་ཕྱོགས་ལྷ་མི་ཀུན་གྱིས་སྨོན་པའི་ཡོན་ཏན་བརྗོད་ལས་འདས་སོ། ཞེས་རྒྱལ་བ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་ཉུང་བསྡུས་འདི་ཡང་ཆུང་མིང་ལ་ལྡན་ཁང་ཐག་གཅོད་འབོད་པའམ་གཤེན་བཙུན་ཉི་མ་འོད་ཟེར་པས་ལྷ་ལྡན་ཉི་འོད་གྲོང་རྒྱལ་བ་གཤེན་གྱི་བླ་བྲང་དུ་གཤེན་གྱི་གདུང་རབས་ཁ་སྐོང་གི་ཚུལ་དུ་བྱས་སོ། །  ། །
མི་གཙང་འདམ་དུ་སྐྱེས་པའི་ཆུ་སྐྱེས་ཀྱང་། །
སངས་རྒྱས་མཆོད་པའི་གྲལ་ལ་འཁོད་པ་བཞིན། །
བདག་ཅག་སྐྱེས་སྦྱངས་མཐུ་སྟོབས་དམན་ན་ཡང་། །
ཅུང་ཟད་སྨྲ་བའི་སྐལ་བ་ཐོབ་འདི་རྨད། །
མཆོག་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་། །
བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །
དམུ་རྒྱལ་དྲི་མེད་གདུང་གི་རིམ་པ་དེ། །
དུས་མཐའི་བར་དུ་འབྱུང་བའི་བཀྲ་ཤིས་སྩོལ། །
འདི་ལས་བྱུང་བའི་བསོད་ནམས་གང་ཡོད་པ། །
ཡར་ངོའི་ཟླ་ལྟར་ཇེ་ཆེར་རབ་རྒྱས་ཏེ། །
ནམ་མཁའི་མཐའ་ཀླས་མ་གྱུར་འགྲོ་བ་ཀུན། །
དམུ་རྒྱལ་རྒྱུད་པའི་གོ་འཕང་མྱུར་ཐོབ་ཤོག །་
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།