ཀུན་གྲོལ་གྲགས་པའི་རྣམ་ཐར་མདོར་བསྡུས་རྒྱལ་བ་དགྱེས་པའི་མཆོད་སྤྲིན།

[ཟླ་ཚེས། 2022-04-16 18:43:19][རྩོམ་པ་པོ། ཨ་ཁོད་ཚེ་དབང་དངོས་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༄༅། །ཀུན་གྲོལ་གྲགས་པའི་རྣམ་ཐར་མདོར་བསྡུས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བཞུགས་སོ། །

  ༄༅། །རྒྱལ་དབང་ཀུན་གྲོལ་གྲགས་པ་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དྲན་པའི་ཞལ་ནས། ཁོ་བོས་བྱིན་གྱིས་རླབས་པའི་བུ། །མདོ་སྨད་སྨན་གྱི་རྒྱུད་འཛིན་དུ། །ཀུན་གྲོལ་གྲགས་པ་བྱ་བ་འབྱུང་། །ཁྲོ་བོ་སྤྱི་འདུལ་ལྷ་ཞལ་ཁུམས། །མངོན་ཤེས་གྲུབ་རྟགས་རྫུ་འཕྲུལ་ལྡན། །མདོ་སྨད་ཕྱོགས་ནས་བསྟན་པ་སྤེལ། །དབང་གི་བུམ་ཆུ་གང་འཐུང་དང་། །སྨོན་ལམ་གང་ཐེབ་འདྲེན་པར་བྱེད། །ཅེས་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོའི་ཡང་བྱང་འཕྲུལ་གྱི་སྒྲོན་མ་ལས། དྲན་པའི་ཐུགས་སྤྲུལ་སྐྱེས་མཆོག་གཅིག །ལྷོ་སྨད་ཁྱུང་པོའི་ཡུལ་དུ་འཁྲུངས། །འགྲོ་དོན་ལྷོ་མོན་མཐའ་རུ་བྱེད། །གནས་ཆེན་གཏེར་གྱི་སྒོ་ཡང་འབྱེད། །མཐའ་འཁོབ་གསལ་བའི་སྒྲོན་མེ་འདེགས། །སྲིད་རྒྱལ་སྤྲུལ་པ་ཕོ་ཆས་ཅན། །བུད་མེད་ཆས་ཞུགས་རྒོད་ལྕམ་ཞིག །ཡུམ་དུ་བཞེས་ནས་གདུང་རྒྱུད་སྤེལ། །སྐྱེས་བུ་དེ་དང་དེའི་རྒྱུད་ལ། །འབྲེལ་ཚད་ངན་སོང་ལྟུང་མི་འགྱུར། །དེ་ཡི་རྐྱེན་གྱི་ཅུང་ཙམ་ན། །མཐའ་འཁོབ་ཡུལ་དུ་བོན་བསྟན་དར། །ཅེས་དང་། གཞན་ཡང་གསར་རྙིང་དུ་མ་ནས་ལུང་གིས་ཡང་ཡང་བསྔགས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་ས་གསུམ་ན་འགྲན་ཟླ་མ་མཆིས་པ་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ། གཏེར་སྟོན་བརྒྱ་རྩའི་ནང་ཚན། ཕྱི་ལྟར་རིག་འཛིན་གཡུང་དྲུང་གླིང་པའམ་ཨོ་རྒྱན་ལས་འཕྲོ་གླིང་པ། ནང་ལྟར་གར་དབང་ཀུན་གྲོལ་གྲགས་པ། གསང་ལྟར་སྣང་གསལ་འཇའ་ཚོན་སྙིང་པོ་ནི་དྲེ་ཤོད་གནས་ཆེན་པདྨ་བརྩེགས་པའི་བྱང་ནུབ་དེང་སྐབས་དཀར་མཛེས་རོང་པ་ཚ་ཞེ་ཟེར་ཤང་དགོན་ཞབས་གྲོང་སྡེར་སྨོན་རྒྱལ་ཚང་ཞེས་པ་དམུ་ཙ་སྒ་ཡི་གདུང་རིགས་ལས་སོན་པའི་ཡབ་སྨོན་རྒྱལ་ལྷ་ཕྱུག་གམ་དྲུང་མུ་ཝེར་ཞི་དང་ཡུམ་སྟག་ཟ་ཚེ་རིང་མཚོ་མོ་གཉིས་སྟོད་ཕྱོགས་གནས་མཇལ་ཕྱིན་པའི་ལམ་བར་ལུང་དང་མཐུན་པར་ཡུལ་ཁམས་ཁྱུང་པོ་རྒྱས་རོག་ཏུ་རབ་བྱུང་བཅུ་གཉིས་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་སྤྲེལ་ཟླའི་ཚེས་བཅུའི་ནམ་ལངས་སྐར་མ་གདུ་བུ་སྤྱི་ལོ་༡༧༠༠ལོར་སྐུ་ཡི་མཚན་དཔེ་བཞད། འཁྲུངས་པའི་ཚེ་ནམ་མཁའ་ནས་གཡུ་འབྲུག་གི་སྒྲ་སྐད་འདོན་པ་དང་། བྱ་རྒྱལ་ཁུ་བྱུག་གི་གསུང་ལྷང་ལྷང་སྒྲོགས་པ་སོགས་ངོ་མཚར་གྱི་མཚན་རྟགས་མང་དུ་ཤར་རོ། དེ་ནས་རིམ་གྱིས་གནས་ཆེན་ཀོང་པོ་བོན་རིར་ཕེབས་ནས། བཞུགས་གནས་ཤར་རྟ་ལུང་ཕུག་ཏུ་བྱས་ནས་ལོ་བཞིའི་ཚུན་ཆད་དུ་གསུང་མ་འབྱིན་པས། ཚེས་བཅུའི་ཉིན་ཞིག་སྒོ་རྒྱབ་ཏུ་བྱོན་ཚེ་ཕ་ཝང་གཅིག་ཡོད་པ་དེའི་སྟེང་རྣལ་འབྱོར་པ་ཞིག་སྐྲ་དང་ཨག་ཚོམ་སེར་བ་བྲམ་ཟེའི་ཉམས་ཅན་བགྲེས་ཚུལ་གཅེར་བུ་སྟག་ཤམ་ཅན་འཛུམ་དམུལ་ལེར་ཡོད་པ་གཟིགས་པས། མགྱོགས་པ་ཁྱིམ་དུ་ལོག་ནས་རང་ཚང་གི་སྒོ་རྒྱབ་ཕ་ཝང་ཐོག་ཏུ་རྒས་པོ་ཞིག་ཡོད་པས་སུ་རེད་བལྟར་འགྲོ་སྨྲས་པར། ཡབ་སོགས་ངོ་མཚར་སྐྱེས་ནས་ཁོང་རྣམས་བལྟ་རུ་ཕྱིན་པས་གར་སོང་ཆ་མེད་དུ་ཡལ་བ་ནི་སྟོང་རྒྱུང་མཐུ་ཆེན་ཞལ་དངོས་སུ་མཇལ་བ་དང་། དགུང་ལོ་ལྔ་བཞེས་སྐབས་མ་ཡིས་ཁུར་ནས་གནས་ཆེན་བོན་རིར་བསྐོར་བར་ཕྱིན་སྐབས་གཤེན་རི་བདེ་ལྡན་རྩེ་མོའི་འཕྲེད་ལམ་ནས་ལྷ་མོ་སྲིད་གསུམ་དབང་བསྒྱུར་མ་ཤྭ་བ་ཆིབས་ནས་མ་ལྟར་བྱོན་པ་མཇལ། རང་ལུས་མི་ལྕོག་བྱིས་པ་ཡང་། ཕྱག་འཚལ་གདོང་ནས་དཔག་ཚད་ནམ་མཁར་འཕུར། ཞེས་གྲགས། ཉིན་གཅིག་བྱིས་པའི་ཁྲོད་དུ་རྩེད་རྒྱུག་མང་པོ་བྱས་ཚེ་ཡབ་ཀྱིས་བཀའ་བཀྱོན་མཛད་པས། ཨ་ཁུ་ཁྱེད་ཀྱིས་ཅི་མི་གསུངས། ང་ལུས་བྱིས་པ་རེད་པས་རྩེད་ལ་དགའ། སེམས་བོན་སྐུ་ཡིན་པས་འགྱུར་བ་མེད། གསུངས་པས་ཐམས་ཅད་ཧ་ལས་སྐད། དགུང་ལོ་དྲུག་གི་ཐོག་ཏུ་མར་རང་ཡུལ་དུ་ལོག་པའི་ཚེ་མི་ཀུན་གྱིས་དད་པས་ཕྱག་དབང་ཞུས་ཚེ། བསྭོ། ང་ནི་རིག་འཛིན་ཆེན་པོའི་སྐུ། །སོགས་བྱིན་རླབས་འཕྲིན་བཅོལ་གང་ལ་གང་འཚམས་མ་བསླབ་རང་བརྡོལ་དུ་གསུངས་པས་ཕྱི་ནང་ཐམས་ཅད་ཡ་མཚན་པར་བྱུང་། དེ་ནས་དགུང་ལོ་དགུར་སྤྱི་ལོ་༡༧༠༨ཐོག་གོ་ལམ་གཡུང་དྲུང་གླིང་དུ་ཁུ་བོ་གཡུང་དྲུང་ཕུན་ཚོགས་དྲུང་ནས་ཡི་གེ་འབྲི་ཀློག་བསླབ་པ་ལ་མ་བསླབ་རང་བརྡོལ་དུ་མཁྱེན་པས་ཀུན་གྱིས་ཤེས་རབ་ཀྱི་འཛིན་ཡང་པ་འདི་འདྲ་མ་མཐོང་ཟེར་བ་བྱུང་སྐད། དེ་ཡང་རང་ལོ་དྲུག་བདུན་ཚུན་ཆད་ནས་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས་རྟག་ཏུ་མ་སྲིང་གྲོགས་མོའི་ཚུལ་དུ་སྐྱོང་ཞིང་ལུང་བསྟན་དབུགས་དབྱུང་བ་ཤིན་ཏུ་མཐའ་ཡས་པ་ཡོད་ཅིང་། ཁྱད་པར་རང་ལོ་བཅུ་བདུན་ཐོག་སྤྲེལ་ལོའི་སྤྲེལ་ཟླའི་ཚེས་བཅུའི་དུས་སུ་མཁའ་སྤྱོད་རིག་འཛིན་ཚོགས་གྲལ་དུ་ཕྱིན་ནས་བླ་ཆེན་དྲན་པ་ནམ་མཁའ། ཚེ་དབང་རིག་འཛིན་ཆེན་པོ། སློབ་དཔོན་པདྨ་འབྱུང་གནས་སོགས་རིག་འཛིན་མཁའ་འགྲོ་རྣམས་ཞལ་མཐོང་ཞིང་གསུང་ཐོས་པའི་མཐུ་ལས་ཟབ་གསང་གནད་ཀྱི་སྒོ་འཕར་ཐམས་ཅད་ཅིག་ཅར་དུ་བྱེ་བར་བྱུང་། དགུང་ལོ་བཅོ་བརྒྱད་ཐོག་མ་ཡུམ་ཚེ་ཡི་དུས་བྱས་པས་ཁང་ཞིང་ཐམས་ཅད་ཆགས་ས་འཁོར་གནས་མེད་པར་བྱས་ནས་དར་རྒྱས་གཡུང་དྲུང་གླིང་དུ་ཡོང་བ་ཡིན་གསུངས། དགུང་ལོ་བཅུ་དགུར་བཞེས་སྐབས་སློབ་དཔོན་པད་འབྱུང་ལུང་བཞིན་རྗེ་གཡུང་དྲུང་བསྟན་འཛིན་ཞབས་པད་ཐོག་མར་བསྟེན། དགུང་ལོ་ཉེར་གསུམ་པ་ཆུ་སྟག་༡༧༢༢ལོར་དག་ཡིག་ཟ་མ་ཏོག་གཡུང་དྲུང་གླིང་དུ་བརྩམས་པར་བྱས་ནས། རྗེ་གཡུང་དྲུང་བསྟན་འཛིན་དྲུང་ནས་ཕྱི་ནང་གསང་བའི་བོན་སྒོ་མང་པོའི་དབང་ལུང་དང་གཙང་གཙུག་གི་སྡོམ་པ་བླངས་པས་མཚན་ལ་ནམ་མཁའ་ཡེ་ཤེས་གསོལ། ཁྱད་པར་གནས་ལུགས་ཐེག་ཆེན་གྱི་ངོ་སྤྲོད་ཞུས་པས། རྟོགས་པ་ནམ་མཁའ་གཡའ་དག་ལ། རྟ་བདུན་དཀྱིལ་འཁོར་རྒྱས་པ་བཞིན། རྟོགས་གྲོལ་དུས་མཉམ་གྱུར་ནས་ནི། མ་སྦྱང་སྒྲིབ་གཉིས་གནས་སུ་དག མ་བགྲོད་ས་བཅུ་ཟིལ་གྱིས་གནོན། མ་བསྒྲུབས་སངས་རྒྱས་མངོན་དུ་གྱུར། མ་བཙལ་ས་ལམ་ཡོན་ཏན་རྫོགས། མ་བསླབ་སྡེ་སྣོད་ཐུགས་སུ་ཆུད། །དེ་ནས་སླར་རང་ཡུལ་དུ་ཕྱིན་ནས་གོ་ལམ་སྣ་ལྡ་ལུང་པའི་ཁ་རྒྱང་རི་ཁྲོད་བཀྲ་ཤིས་དགེ་འཕེལ་དུ་གཅིག་པུར་གཤེགས་ནས་དབེན་པའི་གནས་སུ་ཉམས་ལེན་མཛད་ཅིང་རྩ་དང་རླུང་ལ་རང་དབང་ཐོབ་ཅིང་དྲང་ངེས་བོན་གྱི་མགུར་དབྱངས་ཆུ་བཞིན་བརྡོལ། ཉིན་རེར་ཇ་ཕོར་གསུམ་དང་རྩམ་པ་ཐེབ་ཆུང་དོ་ལས་མེད་པར་མཛད་ནས་དཀའ་བ་སྤྱད་ཅིང་བཞུགས། དེ་ནས་དགུང་ལོ་ཉེར་ལྔའི་ཧོར་ཟླ་ལྔ་པའི་ནང་ཕྱི་རབས་རྗེས་འཇུག་ཡོངས་ལ་དཔེར་སྟོན་དང་བསྟན་འགྲོའི་དོན་དུ་དབུས་གཙང་དུ་སྐོར་མཇལ་ཕེབས་པའི་ལམ་བར་འབྲོག་པའི་བུད་མེད་ཅིག་སྨྱོ་ནས་ལོ་མང་ལ་སོང་བ་སུ་དང་གང་གིས་མ་ཐུལ་བ་ཞིག་ཕཌ༔སྒྲ་དྲག་པོས་སྔར་ནད་མེད་དུས་ལྟར་བདེ་བ་དང་ལྡན་པར་མཛད། སྨན་རིའི་མཁན་པོ་བཅུ་དྲུག་པ་རིན་ཆེན་འོད་ཟེར་ལས་ཁྲིམས་རྫོགས་ཞུས་པས་མཚན་ལ་ནམ་མཁའ་ཡེ་ཤེས་རྒྱལ་བ་འོད་ཟེར་གསོལ། སྤྱིར་ན་མཚུངས་མེད་བླ་མ་འདི་ཉིད་སྡོམ་པ་གསུམ་གྱིས་བརྒྱན་པའི་རིག་པ་འཛིན་པའི་སྐྱེས་བུ་དམ་པའོ། གཞན་ཡང་བྲུ་ཞུ་སྤ་རྨེའུ་གཤེན་གྱི་བླ་མ་རྣམས་ལས་ཕྱི་ནང་བོན་རྣམས་དབང་ལུང་མ་ལུས་པ་རྒྱས་པར་གསན་ཞིང་སྟོད་ཕྱོགས་བསྟན་འགྲོའི་དོན་ཟིན་ནས་སླར་རང་གནས་སུ་འཁོད་དོ། །དེ་ནས་དགུང་ལོ་ཉེར་བདུན་ལ་རྗེ་གཡུང་དྲུང་བསྟན་འཛིན་དྲུང་ནས་མདོ་སྔགས་ཀྱི་དབང་ལུང་མང་དུ་ཞུས་ཤིང་མཐར་རྗེ་ཡི་ཞལ་ནས་ང་ཤི་ལོ་རྒས་ལོ་ཀུན་ཚར་བས་བུ་ཁྱེད་ཀྱིས་བསྟན་འགྲོའི་དོན་གྱིས་ཤིག་གསུངས་ནས་བཀའ་ཡི་གཏད་གཉེར་མཛད། དེ་ནས་དགུང་ལོ་ཉེར་བརྒྱད་མེ་ལུག་ལོར་སྒྲུབ་གཞུང་རབ་འབྱམས་རྒྱ་མཚོ་སྲིད་གསུམ་བདག་མོའི་རྒྱུད་གཞུང་ཆ་ལག་ཆ་རྐྱེན་དང་བཅས་པ་དགོངས་གཏེར་བརྡོལ། དེ་ནས་དགུང་ལོ་སུམ་ཅུའི་སྟེང་ས་བྱ་ཟླ་བ་དང་པོའི་ཚེས་བཅུའི་ཉི་མ་རྩེ་ཤར་དང་དུས་མཉམ་རྩ་བླ་དགེ་བཤེས་གཡུང་དྲུང་བསྟན་འཛིན་དགོངས་པ་དབྱིངས་སུ་གཤེགས།

  དེ་ནས་དགུང་ལོ་སོ་གཅིག་པ་༡༧༣༠ལྕགས་ཁྱི་ལོའི་ཟླ༧ཚེས་བཟང་ལ་འཛམ་གླིང་བླ་མ་སངས་རྒྱས་གླིང་པའི་ཞབས་པད་ཐོག་མར་བསྟེན། རྣམ་པ་ཟུང་གིས་གཟི་ཤོད་རུ་ལག་ཁྲོ་ཆུང་བྲག་གི་གནས་སྒོ་ཕྱེས། དམར་ཁྲིད་དགོངས་པ་ཡོངས་འདུས་ཕྱག་རྒྱ་ཆེན་པོ་ཐར་པའི་སྐས་ལམ་སོགས་དགོངས་པའི་ཀློང་ལས་བརྡོལ། ལྷ་དང་སྲུང་མ་སྤྱི་ཡི་མངའ་གསོལ་བདེ་ལེགས་ཀུན་འབྱུང་བརྩམས། འགལ་བྱེད་ལྕགས་ཕག་ཟླ་བ་དང་པོར་དབང་ཆེན་རང་གསལ་ཡེ་ཤེས་འོད་ཀྱི་འཁོར་ལོ་བརྩམས། སངས་གླིང་གསུངས་བསྐུལ་བཞིན་རྒྱལ་རོང་དམུ་རྡོར་ཆིབས་བསྒྱུར་ཟླ་༥ཚེས་༡༠ཉིན་གྲོང་ཁྱེར་ལིང་ལིང་དུ་མཆོག་སྤྲུལ་སངས་རྒྱས་གླིང་པས། སེམས་དཔའ་ཉེར་ལྔའི་ནང་ཚན་ངོས་བཟུང་ཁྲི་འདོན་མངའ་གསོལ་ཏེ་མཚན་ལ་སྤྲུལ་སྐུ་ཀུན་གྲོལ་གྲགས་པ་དང་རྟག་གཟིགས་མཁའ་འགྲོའི་ཅོད་པན་ཞྭ་དམར་གསེར་གྱི་ཧ་རིས་ཅན་སྤྱི་བོའི་རྒྱན་དུ་གསོལ་བས། འདི་སྣང་འཁྲུལ་པ་ཀུན་འགག་ནས་གདན་ཁྲི་དང་བཅས་ཁྲུ་ལྔ་མཁའ་ལ་འཕགས་ཤིང་རིགས་ལྔ་མཁའ་འགྲོས་གྲོགས་ཀྱི་ཚུལ་བཞིན་མངོན་སུམ་སྐྱོང་བ་སོགས་ངོ་མཚར་གྱི་བརྡ་མང་དུ་ཤར་རོ། །ཆུ་ཆེན་རབ་རྒྱལ་མུ་ལ་ཝེར་རོ་སོགས་བསྟན་སྦྱིན་རྣམས་ཀྱིས་གཙུག་ཏུ་བཀུར་ཞིང་འགྲོ་དོན་དུས་ཀྱི་འཁོར་ལོའི་རྟེན་འབྲེལ་འགོ་བོ་དེ་ནས་ཟུག དེ་ནས་བླ་མ་མཁའ་འགྲོའི་ལུང་བཞིན་རང་གནས་ཡར་བསྐྱོད་དེ་གནམ་གཞུང་རྟ་ཤོད་ཕ་ཝང་བོན་མོ་ནས་དགྲ་བཅོམ་རྒྱལ་བ་གཤེན་རབ་ཀྱི་འཕེལ་གདུང་ཉེར་ལྔ་དང་གཏེར་གྱི་ཁ་བྱང་བཅས་གཏེར་ཞལ་ཐོག་མར་ཕྱེས་པས་ཁ་བྱང་ལས། ལྕེ་ཚའི་ཡང་སྲིད་དྲན་པའི་སྣང་བརྙན་གར། ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ་འཆང་། རྒྱལ་མོ་རོང་དང་དྲེ་ཤོད་པད་མ་བརྩེགས། ཤེལ་བྲག་རྫོང་དང་ཀོང་ཡུལ་བོན་གྱི་རི། ཚ་བ་ལྷོ་རི་འོད་འཕྲོ་བྲག་ལ་སོགས། གནས་ཆེན་ཀུན་ཉུལ་འགྲོ་དོན་ཕྱོགས་མེད་མཛོད། སྲིད་རྒྱལ་སྐུ་སྤྲུལ་ཡེ་ཤེས་མཚོ་རྒྱལ་མ། རྟེན་འབྲེལ་སྐུ་ཡི་ཀྲི་ཡ་གཟུངས་མ་གཙོ། རྟེན་འབྲེལ་རབ་འགྲིགས་གཏེར་ཁ་བཅུ་གསུམ་དབང་། འདི་ལོར་ཞི་ཁྲོ་བར་དོའི་ཐོས་གྲོལ་གྱི་ཕབ་འཕྲོ་རྣམས་གསར་དུ་ཕབ་གྲུབ་པར་བགྱིས་ཏེ། དམུ་གཤེན་ལྷུན་གྲུབ་རྒྱ་མཚོ་ལ་དབང་ལུང་ཕུལ་བར་བྱས། དེ་ནས་དགུང་ལོ་སོ་གསུམ་ཡོངས་འཛིན་ཆུ་བྱི་ལོར་དམར་ཁྲིད་དགོངས་པ་ཡོངས་འདུས་རྫོགས་ཆེན་ཡེ་ཤེས་རང་ཤར་དང་དབུ་མ་ཆེན་པོ་བླ་མེད་ཡོངས་རྩེ་བཅས་གསང་དོན་ཉམས་སུ་ལེན་པའི་བན་བོན་ཁྲིད་ཁ་་མང་ཡང་། རང་རེའི་དམར་ཁྲིད་འདི་ལྟ་བུ་ནི་ཤིན་ཏུ་དཀོན་པའི་མཆོག་ཏུ་གྱུར་པས་ཞལ་རྒྱུན་མ་འཆུག་པ་འདི་ཆད་ན་ཕོངས་སེམས་ཆེ་བར་དགོངས་པའི་ཕྱིར། གྲོགས་སྐྱེས་མཆོག་དམ་པ་སེམས་ཅན་ལ་ཐུགས་བརྩེ་བ་མང་པོས་བསྐུལ་བ་ལ་བརྟེན་ནས་གར་དབང་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ་ཅན་གྱིས་ཡི་གེར་བཀོད་པས་བཀའ་དྲིན་ཤིན་ཏུ་ཆེའོ། །ལུང་ཟིན་གཡུང་དྲུང་བསྟན་པའི་སྦྱིན་བདག་རྣམ་ལྔའི་ཡལ་གྱལ་བེ་རི་རྒྱལ་པོ་སྙུང་ཚབས་ཆེ་བར་གཞན་གང་གིས་ཕན་པ་མ་བྱུང་ཚེ། བེར་རྒྱལ་ཡབ་སྲས་འཁོར་འབངས་བཅས་པས་རིམ་གྲོ་གང་འོས་མཆོག་གིས་མཁྱེན་པའི་ངོས་ནས་སྒྲུབ་དགོས་པའི་བཀའ་ནན་བྱུང་བས་བཀའ་སྲུང་བྱ་ར་མ་གསུམ་ཞལ་ལུང་ཐོས་བཞིན་ཁྲོ་བོ་རོལ་པའི་སྒྲུབ་གནད་བསྣུན་མཛད་པས་སྙུང་གཞི་ལས་གྲོལ་བ་དང་། ཁ་ལོ་ཆོས་ལ་བསྒྱུར་ཅིང་བདེན་ཚིག་སྨོན་ལམ་དང་རྟ་ཤོད་ཕ་ཝང་བོན་མོ་ནས་ཟབ་གཏེར་དུ་བཞེས་པའི་དགྲ་བཅོམ་རྒྱལ་གཤེན་རབ་ཀྱི་རིང་བསྲེལ་བཅས་གནང་སྦྱིན་མཛད། དྲེ་ཤོད་གནས་ཆེན་པད་མ་བརྩེགས་པའི་གནས་སྒོ་ཕྱེས་ཤིང་རྟེན་འབྲེལ་སྒྲུབ་པ་གསང་ཐབས་སྒོ་ནས་ཟབ་མོའི་དངོས་གྲུབ་བཞེས། ཧོར་ཟླ་༡༡ཚེས་༣ཉིན་མཆོག་སྤྲུལ་སངས་གླིང་དང་གསང་གྲགས་གཙོས་སྟོན་འཁོར་བརྒྱ་ལྷག་གོ་ལམ་གཡུང་དྲུང་གླིང་དུ་གདན་ཞུས་ཐོག་བསྙེན་བཀུར་རྒྱ་ཆེན་ཞུས། དེ་ནས་དགུང་ལོ་སོ་བཞི་ཆུ་གླང་ལོར་བེ་རྒྱལ་ཚེ་དབང་དར་རྒྱས་ཀྱིས་གསུང་བསྐུལ་བཞིན་བླ་མ་དགོངས་འདུས་སམ་གུ་རུ་ཞི་དྲག་མ་གསུམ་སྒྲུབ་སྐོར་ཐབས་ལམ་སྡེ་དྲུག་བཅས་དགོངས་གཏེར་ཕབ། རྒྱ་བོན་ལེག་ཏང་གནམ་ཡིག་བབས་པ་དང་། ལྷ་མོ་དཀར་མོ་འོད་ཟེར་ཅན་གྱིས་འཕྲུལ་ཡིག་སུམ་ཅུའི་སྒོ་ནས་བསྟོད་ཚིག་ཕུལ་བའོ། །དགུང་ལོ་སོ་ལྔ་ཤིང་སྟག་ལོར་སངས་གླིང་ལུང་བཞིན་ཤར་རྒྱལ་མོ་རོང་གི་ལུང་གྲགས་གདུང་རྒྱུད་རྒྱལ་པོ་དྲུག་གིས་གཡུང་དྲུང་བསྟན་པའི་མེ་ཆེན་སྤོར་བའི་རླུང་གྲོགས་ལྟ་བུ་བསྔགས་བཞིན་ཆིབས་སྒྱུར་གནང་ནས་རྒྱལ་བློན་འཁོར་འབངས་ཡོངས་ལ་བོན་གྱི་སྦྱིན་པས་ཚིམ་པར་བྱས་ཤིང་ཁྲོ་སྐྱབས་རྒྱལ་པོའི་མུ་ཁྲིའི་རྒྱལ་སར་ངོ་མཚར་ནོར་བུ་གླིང་གི་གཙུག་ལག་ཁང་དང་འདུས་སྡེ་ཆེན་པོ་གསར་སྐྲུན་གྱི་གཞི་རྨང་འདིང་། དགེ་བཤེས་རྒྱལ་པོ་བསྟན་འཛིན་ནོར་བུའི་གདན་ས་དཔག་བསམ་གླིང་དུ་འཚོགས་པ་བརྒྱ་ལྷག་བསྡུས་ནས་འཆད་ཉན་གཙུགས་ཤིང་འཚོགས་འདོན་ལེགས་བསྒྲིག་དང་བཤད་གྲྭ་བཅས་བཙུགས་སོ། །གནས་བརྟན་ཕྱག་མཆོད་གཡུང་དྲུང་བསྟན་པ་དར་བའི་མེ་ཆེན་དང་བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི་ཆ་ཚད་དགའ་དབང་འཁྱིལ་པའི་གཏེར་མཛོད་སོགས་བརྩམས། དེ་ནས་དགུང་ལོ་སོ་དྲུག་པ་སྲིན་བུ་ཞེས་པ་ཤིང་ཡོས་སྤྱི་ལོ་༡༧༣༥ལོར་ཁྲོ་སྐྱབས་རྒྱལ་སར་དགོན་གནས་གསར་བསྐྲུན་སོགས་མཐར་ཕྱིན་པ་བྱས་ཤིང་འགྲན་རྒྱལ་སར་འདུས་སྡེ་དང་དགོན་གནས་གསར་བསྐྲུན་ལེགས་གྲུབ་དང་འདས་བཞུགས་རེ་བ་ཡོངས་སུ་བསྐངས་ནས་རང་ཡུལ་དུ་ཆིབས་བསྒྱུར་ནས་ཤར་རྫའི་ཕྱོགས་སུ་ཕེབས་ཏེ་ཁྲམ་བཟང་དུ་བཀྲ་ཤིས་ཕུན་ཚོགས་གླིང་། ཨ་ཁོད་དུ་དགའ་ལྡན་དར་རྒྱས་གླིང་། འབུམ་སྨད་དུ་མི་གཡོ་བསམ་གཏན་གླིང་། རྫ་སྲིབ་ཏུ་ཐུགས་རྗེ་ཟེར་འཕྲོ་གླིང་། སྟེང་ཆེན་རྣམ་རྒྱལ་གླིང་པ་སོགས་ཆོས་འཁོར་ཉམས་པ་ཀུན་གསོས་ཤིང་གསར་དུ་བསྐྲུན་སོགས་བསྟན་འགྲོར་ཕན་པའི་བྱ་བ་རྒྱ་ཆེན་གནང་། རྩ་བླ་སངས་རྒྱས་གླིང་པས་འདི་སྣང་བཀོད་པ་བསྡུས།

  དེ་ནས་དགུང་ལོ་སོ་བདུན་མེ་འབྲུག་ཟླ་༡ཚེས་༡༠ཉིན་སངས་གླིང་ཉིད་ལྷུམས་སུ་ཞུགས་ཚུལ་དྷ་ཀིའི་ལུང་བསྟན་མཐའ་ཡས་པ་ཐོས་ཞེས་གསུངས། ཧོར་ཟླ་༣ཚེས་ལ་གཡུང་དྲུང་གླིང་དུ་ཉིན་ཞག་ཉི་ཤུ་ལྷག་སྒྲིབ་སྦྱོང་རིལ་བུ་འཛུགས་སྐབས་གཡུང་དྲུང་ཕུན་ཚོགས་སྤྲུལ་སྐུ་ཁྲི་ལ་མངའ་གསོལ་བྱས། རིགས་སྔགས་རྒྱལ་མོ་མཇལ་སྣང་ལ་གཞི་བླངས་ནས་གདུགས་དཀར་གཞུང་འགྲེལ་ཐུགས་གཏེར་བརྡོལ། གསལ་སྟོང་བརྡའ་ཡི་ཐིག་ལེ་ཤར་བཞིན་མཁའ་འགྲོ་དགོངས་པ་ཀུན་འདུས་གཏན་ལ་ཕབ། དེ་ནས་དགུང་ལོ་སོ་བརྒྱད་མེ་སྦྲུལ་ལོར་དགེ་བཤེས་རྒྱལ་སར་ཞི་ཁྲོ་མ་གསུམ་གྱི་གཞུང་དང་གཤེད་དམར་སྲུང་ཟློག་བསད་པའི་ཀྱི་རི་རྒྱས་འབྲིང་བསྡུས་གསུམ་སོགས་ཐུགས་གཏེར་བརྡོལ་ཞིང་གཤེད་དམར་ཕྱག་བཞེས་རིན་ཆེན་གཏེར་གྱི་བང་མཛོད་སྲུང་ཟློག་བསད་པའི་ཕྱག་བཞེས་བཅས་བརྩམས། དེ་ནས་དགུང་ལོ་སོ་དགུ་དུས་ཀྱི་ཕོ་ཉའི་ས་རྟར་རྒྱལ་རོང་དམུ་རྡོའི་བྱང་ཕྱོགས་གནམ་ས་གྲུ་གསུམ་འབར་བའི་དཀྱིལ་དུ་ཕ་རོལ་བདུད་ཚོགས་འདུལ་བའི་མཆོད་རྟེན་བཞེངས་གྲུབ་མཐར། ཟླ་༧ཚེས་༡༠ཉིན་གབ་ཏོག་ཤེལ་གྱི་རྡོ་རིང་ནས་མ་མོ་རྦོད་གཏོང་ཤོག་སེར་ལ་ཅའི་སྒྲོམ་བུ་གཏེར་དུ་སྤྱན་དྲངས་ཤིང་། གབ་ཏོག་ངོ་མཚར་ཟླ་བའི་ཕུག་པ་ནས་གཙང་གཤེན་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་དང་ཏ་ཟིག་སྤུངས་ཆུང་བཅས་དངོས་གྲུབ་ཏུ་རྙེད་པའོ། །མ་ཟད་གཙུག་གཏོར་རིགས་སྔགས་རྒྱལ་མོའི་ལས་གཞུང་ཆ་ལག་བཅས་པ་ཐུགས་ལ་གསལ་སྟོང་བརྡ་ཡི་ཡི་གེར་ཤར་ཞིང་ཐུགས་གཏེར་བརྡོལ་ནས་བསྟན་སྦྱིན་ལས་ལྡན་སློབ་མའི་ཞུ་ངོ་ལ་བསྟེན་ནས་གུ་གེ་རིས་སུ་ཕབ་པའོ། །དེ་ནས་སྤྱི་ལོ་༡༧༤༡་སྟེ་དགུང་ལོ་ཞེ་གཉིས་ལྕགས་བྱར་གཟི་ཤོད་རུ་ལག་རྡོ་རྗེ་ཡོངས་རྫོང་ནས་རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་སྒྲོམ་བུ་ཧོར་ཟླ་༣པའི་ཚེས་༡༠ཉིན་གཏེར་དུ་སྤྱན་དྲངས། གཟི་ཤོད་གཡུ་མོ་ལུང་གི་རུ་ལག་གནས་ཆེན་སེང་གེ་གནམ་རྫོང་དང་རྡོ་རྗེ་ཡོངས་རྫོང་གཉིས་ཀྱི་དཀར་ཆག་མེ་ཏོག་མཛེས་པའི་ཕྲེང་བའང་བརྩམས་པར་བྱས། མངོན་བརྗོད་སྨྲ་བའི་སྒྲ་དབྱངས་དང་སྙན་ངག་ཆབ་ཤོག་བརྩམས་པར་ཉེར་མཁོ་འགའ་ཞིག་བཀྲ་ཤིས་རི་ཁྲོད་དུ་བརྩམས། ཕྱི་ལོ་ཆུ་ཁྱི་ཧོར་ཟླ་༥ཚེས་༡༠ལ་ལོ་ལྔའི་གསང་རྒྱ་ཡོལ་ཚེ་མ་མོ་རྦོད་གཏོང་གི་གཏེར་སྒྲོམ་ཕྱེས་ཏེ་མཁའ་འགྲོའི་བརྡ་ཡིག་ལས་བོད་ཡིག་ཏུ་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་དུ་གཏན་ལ་ཕབས་ནས་ལས་ཅན་བུ་སློབ་རྣམས་ལ་སྤེལ་བའོ། །གསང་སྔགས་རྫས་ཀྱི་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན་བཀྲ་ཤིས་སྨིན་གྲོལ་ཁྲོད་དུ་བརྩམས། ཕྱི་ལོ་ཆུ་ཕག་དགུང་ལོ་ཞེ་བཞིར་ལོ་གསུམ་བཀའ་རྒྱ་ཡོལ་ཚེ་མཁའ་འགྲོའི་བརྡ་རིས་ལས་མཁའ་འགྲོ་གསང་མཛོད་བོན་ཚན་ཉེར་ལྔ་བོད་ཡིག་ཏུ་དྲེ་ཤོད་པད་མ་བརྩེགས་པའི་བྱང་ཕྱོགས་གཡུང་དྲུང་གླིང་གི་གདན་སར་ཤོག་སེར་ལས་ཞལ་བཤུས་པ་དང་ཆབ་ཤོག་གི་ཕྲེང་བ་མཁས་པའི་དགའ་སྟོན་དང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར་བརྩམས། ཕྱི་ལོ་ཤིང་བྱིར་སྨན་རིའི་མཁན་ཆེན་བསོད་གཡུང་གིས་མཛད་པའི་བྱང་ཆུབ་སྒྲུབ་ཐབས་ལེགས་བཤད་ལམ་གྱི་རིམ་པའི་རྣམ་བཤད་ཐར་ལམ་གསལ་བྱེད་གཡུང་དྲུང་གླིང་གི་གདན་སར་བརྩམས། ཕྱི་ལོ་ཤིང་གླང་ལ་རྩ་རླུང་མཁའ་འགྲོ་གསང་མཛོད་ལས་ཞལ་གདམས་སྙིང་གི་ཐིག་ལེ་ཁྲོ་ཆེན་ཕོ་བྲང་དབུ་རྩེར་ཤོག་སེར་ལས་ཞལ་བཤུས། དཀར་པོ་ཞེས་པ་ས་སྦྲུལ་ལོར་དགུང་ལོ་ལྔ་བཅུའི་ཐོག་རྣམ་རྒྱལ་བསྟོད་ཕྱག་ཡིད་བཞིན་ནོར་བུའི་རྣམ་བཤད་ངོ་མཚར་འབུམ་ལྡན་བརྩམས། ༡༧༥༡སྐྱེས་བདག་ཅེས་པ་ལྕགས་ལུག་དགུང་ལོ་ང་གཉིས་ལ་བསྟན་སྦྱིན་རབ་རྒྱལ་མུ་ལ་ཝེར་རོ་དང་ཁྲོ་སྐྱབས་རྒྱལ་པོ་བཅས་ཀྱིས་ཞལ་བཞེས་ཐོག་གཡུང་དྲུང་བོན་གྱི་བཀའ་འགྱུར་པོད་ཉིས་བརྒྱ་ལྷག་བསྡུ་བསྒྲིགས་མཛད་ཅིང་བསྟན་སྦྱིན་ཁག་གཉིས་ཀྱི་རྒྱལ་སར་ཤིང་པར་དུ་གསར་དུ་བསྐྲུན་པ་དང་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་རབ་རྒྱལ་ཕོ་བྲང་དུ་བརྩམས་པ་སོགས་བོན་བསྟན་སྤྱི་ལ་བཀའ་དྲིན་དང་མཛད་རྗེས་སུས་ཀྱང་གཞལ་དཀའ་བའོ། །

  སློབ་དཔོན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་རིག་པའི་ཤན་འབྱེད་ལས། ཀུན་གྲོལ་གྲགས་པ་ནི་ཕྱི་ལུང་རིག་གཉིས་ལ་མཁྱེན་རབ་རྒྱས་ཤིང་། ནང་གསང་སེམས་ལས་སུ་རུང་བའི་གང་ཟག་ཡིན་ཞིང་། ཁྱད་པར་གྱི་ཕྲིན་ལས་རྨད་དུ་བྱུང་བ་ནི་བསྟན་པ་ཕྱི་དར་གྱི་བོན་རྣམས་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ནས་བཀའ་འགྱུར་གྱི་བསྒྲིགས་བྱང་མཛད་དེ། རྒྱལ་རོང་བསྟན་སྦྱིན་འགའ་ལ་པར་དུ་བཀོད་པ་བསྐུལ་བ་ནི་བསྟན་པའི་ལམ་སྲོལ་བཟང་པོར་བཏོད་པས་བཀའ་དྲིན་ཆེ་བའོ། །ཕྱིས་བཀའ་འགྱུར་གྱི་བསྒྲིགས་བྱང་མཛད་པ་འགའ་མཆིས་རུང་གོང་མའི་རྗེས་ཟློས་སྒོ་ནས་མཛད་བྱང་སྔ་མ་བརྩམས་གཞིར་བཞག་སྟེ། དེ་ལ་དགག་སྒྲུབ་རྩོད་སྤོང་ལ་སོགས་བྱེད་པ་ནི་མཁས་འདོད་དང་བབ་ཆོལ་གྱི་བྱ་བ་སེམས་སོ། །ཞེས་དང་། སློབ་དཔོན་སྐལ་བཟང་དར་རྒྱས་ཀྱིས་རང་རེ་བོན་པོ་རྣམས་ར་དང་བོན་པོ་རོགས་ལ་སྡང་ཟེར་བ་ལྟར་བསྟན་པ་ལ་བཀའ་དྲིན་ཆེ་ཞིང་ཕྱག་རྗེས་མང་བ་དང་མཁས་གྲུབ་སུ་འཛོམ་ལ་སྣང་བ་ལོག་སྟེ་དེའི་བསྟན་པ་ནུབ་ཐབས་ལ་གཞོལ་བ་གཤེ་སྐུར་སྣ་ཚོགས་བཏང་ནས་བཀའ་དྲིན་མི་བསམ་པ་དང་། ཁ་སྟོབས་དང་དཀོར་བསྡུ་སུ་ཆེ། འཇིག་རྟེན་སུ་མཁས་ལ་དམ་པ་དང་ཁུངས་ཆེ་བར་བརྩི་བ་སོགས་སྲོལ་ངན་ཞིག་དར་བས། བསྟན་པ་རིན་པོ་ཆེ་བྲག་ཁུང་སྦྲུལ་འཛུལ་གྱི་རྔ་མ་ལྟར་ཕྲ་བར་གྱུར་པ་མ་ཡིན་ནམ། དཔེར་ན་རིག་འཛིན་ཀུན་གྲོལ་གྲགས་པ་ཞེས་པ་ས་གསུམ་ན་འགྲན་ཟླ་དང་བྲལ་ཞིང་། དྲན་པ་ནམ་མཁའ་སྐུ་དངོས་སུ་ཕེབས་པ་ལྟ་བུ་ལའང་། བསྟན་དགྲ་དང་བོན་མིན་བཀའ་གསར་ཞེས་ཐན་མཐོང་བ་ལྟར་བྱེད་མོད། རྨོངས་པ་བདག་འདྲའི་སྣང་བ་ལ་རྒྱལ་རོང་ཕྱོགས་ལ་སྔར་བོན་ཁམས་ཡིན་ཀྱང་སྐབས་ཤིག་ནས་ལྟ་ལོག་བོན་ནག་འཚེ་བོན་སོགས་མིང་ངན་སྣ་ཚོགས་ཤིག་བཏགས་ཏེ་བོན་གྱི་སྒྲ་མི་གྲགས་པར་བྱེད་དུ་ཉེ་བར། གཤེན་བསྟན་རིན་པོ་ཆེའི་སྲོག་འཛིན་མཁན་རིག་འཛིན་ཀུན་གྲོལ་གྲགས་པ་ཁོ་ནའི་ཐུགས་རྗེ་ཡིན་ནམ་སྙམ། སངས་རྒྱས་དང་ལོ་པཎ་རིག་འཛིན་རྣམས་ཀྱི་ཐུགས་བསྐྱེད་ཕྲིན་ལས་ལས། གསེར་སྦྱོང་བཙོ་མ་དང་འདྲ་བའི་རྒྱལ་བའི་གསུང་རབ་གསས་མཁར་དཀར་ནག་བཀྲ་གསལ་སྒོ་ཕྱེ་བ་ལྟ་བུ་ཞིག་བོད་ལ་དར་ཡོད་ཀྱང་། གདུལ་བྱའི་བསོད་ནམས་དམན་པ་དང་། རྗེས་འཇུག་རྣམས་ཀྱིས་གོ་མ་ཆོད་པའི་དབང་གིས་རིམ་པས་ནུབ་སྟེ། རྗེས་སུ་འཇུག་པ་རྣམས་མཁས་གྲུབ་རིག་འཛིན་རྣམས་ཀྱི་མཛད་སྤྱོད་དང་ཡེ་ཤེས་ཀྱི་ལྷ་ལ་ལོག་ལྟ་དང་ཐེ་ཚོམ་བྱེད། བོན་བས་ནོར་སུ་ཆེ་དང་འདྲེ་ལ་གློ་སྙིང་འགེལ་བའི་བསྐལ་ངན་འདི་ལ། རྒྱལ་བའི་གསུང་རབ་རིན་པོ་ཆེ་དཔར་དུ་བཀོད་ནས་བསྟན་པའི་མེ་རོ་གཞི་ནས་སློང་མཁན་རིག་འཛིན་ཁོང་གཅིག་པུ་མ་ཡིན་ནམ་ཟེར་ཨེ་ཤེས། ཁོང་གི་སློབ་རྒྱུད་ལའང་མཁས་གྲུབ་གཉིས་འཛོམས་བོན་བཞིན་སྒྲུབ་པ་དཀའ་ཐུབ་ཆེ་བ་བསྟན་འགྲོའི་དོན་ནུས་པ་སོགས་ཁྱུང་པོ་དང་རྒྱལ་རོང་ཕྱོགས་མདོ་དབུས་ཀུན་ལ་སྔོན་ཆད་མང་དུ་བྱོན་ཞིང་བསྟན་པའི་རྐང་འཛིན་མཁན་ལ་འདི་པ་ལས་མང་བ་སུ་ཡོད། འཆད་ཉན་གསུང་རྩོམ་རིག་གནས་སོགས་ལའང་འདི་པ་ལ་འགྲན་པ་ཅང་ཡོད་དམ། ཞེས་དང་། མཁར་རྨེའུ་བསམ་གཏན་གྱིས་བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་ཕྱོགས་སྒྲིག་དང་རྩོམ་སྒྲིག་བྱེད་པའི་དུས་ཚོད་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ལ་ཡིན། ཕྱོགས་སྒྲིག་ཐོག་མར་མཛད་མཁན་ནི་ཀུན་གྲོལ་གྲགས་པ་ཞེས་པའི་མཁས་པ་དེ་ཡིན་ལ། ཁོང་གིས་ཁྲོ་སྐྱབས་དང་རབ་བརྟན་རྒྱལ་པོ་རྣམ་གཉིས་ཀྱི་དབུ་བླ་གནང་བའི་ངོས་ནས་བོན་བསྟན་དར་རྒྱས་ཀྱི་དོན་དུ་གལ་ཆེའི་ནུས་པ་འདོན་སྤེལ་གནང་ཡོད། ཅེས་དང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས། རྒྱལ་དབང་ཀུན་གྲོལ་གྲགས་པ་རིན་པོ་ཆེ་ཚ་ཁོ་ཁྲོ་སྐྱབས་རྒྱལ་པོས་དབུ་བླར་བཀུར་ནས་བོན་གྱི་བཀའ་འགྱུར་གླེགས་བམ་ཉིས་བརྒྱ་ལྷག་ཤིང་པར་དུ་བསྐྲུན། སྙིགས་དུས་ཀྱི་འདྲེན་པ་བླ་ན་མེད་པ་རྒྱལ་བའི་དབང་པོ་ཀུན་གྲོལ་གྲགས་པ་རིན་པོ་ཆེ་ནི། གསང་གསུམ་གྱི་ཡོན་ཏན་ནི་སྟོན་པ་སངས་རྒྱས་དངོས་ཡིན་ལ། བཀའ་དྲིན་ནི། བདག་ཅག་རྣམས་ལ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ཆེ་སྟེ། བདག་ཅག་རྣམས་སྟོན་པ་སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཞབས་ཟིན་གྱི་སློབ་མར་གྱུར་མ་ནུས་པ་རྣམས་རྗེས་སུ་འཛིན་པའི་སླད་དུ། སླར་ཡང་སངས་རྒྱས་མི་ཡི་གཟུགས་སུ་དགེ་བའི་བཤེས་གཉེན་མཆོག་གི་རྣམ་པར་བྱོན་ནས། སྙིགས་དུས་ཀྱི་གདུལ་བྱ་རྣམས་གང་ལ་གང་འདུལ་དུ་སྤྲུལ་པའི་ཟློས་གར་བསྒྱུར་བའི་བཀའ་དྲིན་སུས་ཀྱང་གཞལ་མི་ནུས་པས་ན་ཤིན་ཏུ་ངོ་མཚར་ཆེའོ་ཞེས་དང་། སྟོང་སྐོར་ཚེ་རིང་ཐར་གྱིས། དུས་རབས་བཅོ་བརྒྱད་པའི་ནང་དུ་ཀུན་གྲོལ་འཇའ་ཚོན་སྙིང་པོ་མཆོག་གིས་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་དང་པོ་སྟེ། ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་བྱ་བ་གསུངས་པ་དང་། དེ་ལྟར་ན། མདོ་སྡེ་ལ་པོད་ཏི་ལྔ་བཅུ་ང་ལྔ། འབུམ་སྡེ་ལ་པོད་ཏི་བརྒྱ་དང་བརྒྱད། སྔགས་སྡེ་ལ་པོད་ཏི་བརྒྱད་ཅུ་གྱ་བརྒྱད། སེམས་སྡེ་ལ་པོ་ཏི་སུམ་ཅུ་དང་བཅས་བསྡོམས་པས་ཉིས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་བཞུགས། ཀུན་གྲོལ་འཇའ་ཚོན་སྙིང་པོ་བོན་གཏེར་གྱི་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་ཡིན་པ་མ་ཟད། བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་གྱི་ལོ་རྒྱུས་སྟེང་དུ་མཛད་རྗེས་གཞལ་དུ་མེད་པ་བསྐྲུན་མཁན་ཞིག་ཀྱང་ཡིན་ཏེ། བོན་གྱི་བསྟན་བཅོས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་གཡུང་དྲུང་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་དང་པོ་བསྒྲིགས་པ་དང་། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་དང་ཆུ་ཆེན་རྒྱལ་པོས་མཐུན་རྐྱེན་སྦྱར་བ་དང་བསྟུན་ནས་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་ཤིང་པར་དང་པོ་བསྐྲུན་པ་དེའོ། །ཁོང་གི་ཡར་སྔོན་དུ་དཀར་ཆག་ཁ་ཤས་ཡོད་མྱོང་མོད་གཏེར་གྱི་ཁ་བྱང་ཙམ་ཡིན་པ་ལས། བསྟན་བཅོས་ཀྱི་རིགས་དགར་མེད་པ་མ་ཟད་བཀའ་འགྱུར་གྱི་མཚན་ཡང་བཏགས་མེད་པས་སོ། །ཞེས་གསུངས། མ་ཟད་སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་བྱིན་རླབས་ཆར་འབེབས་དང་གཏེར་སྟོན་བརྒྱ་རྩ་བྱོན་ལུགས་སྔ་ཕྱིའི་གོ་རིམ་བརྗེད་ཐོ་གཏེར་སྟོན་བརྒྱ་རྩས་བོན་གཏེར་ཐོན་ལུགས་ཀྱི་རྩིས་བྱང་རྒྱ་ཆེ་བའི་བཀའ་དང་ཟབ་པ་གཏེར་གཉིས་ལས་བྱུང་བའི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ། མཆོད་གཏོར་སྤྱི་ཡི་རྣམ་བཤད་ནོར་བུའི་ཕྲེང་བ་སོགས་སྔར་མེད་ལེགས་བཤད་དུ་མ་ཁྲོ་ཆེན་རྒྱལ་སར་གསར་དུ་སྤེལ་བར་མཛད། ཨང་གིར་ཆུ་སྤྲེལ་ལ་དགུང་ལོ་ང་གསུམ་ཐོག་ལྷ་ཆེན་ལས་ཚོགས་ཆ་ལག་སྐོར་དང་ཉེར་མཁོའི་གདམས་པ་ཧཱུྃ་རྒྱ་ཅན་སོགས་དགེ་བཤེས་རྒྱལ་སར་ཐུགས་གཏེར་བརྡོལ། སྐུ་བརྙན་དང་མཆོད་རྟེན་ནང་གཞུག་བོན་སྐུ་དོན་གྱི་རིང་བསྲེལ་ཕུལ་བ་གཟུངས་འབུམ་རིན་ཆེན་སྤུངས་པ་སོགས་གཏེར་སྟོན་ལ་སྔ་བ་ཨ་ཙ་ར་མི་མཆོག་རྣམ་གསུམ་གྱིས་ཞལ་ལུང་གནང་བཞིན་སྔར་མེད་ལེགས་བཤད་གསར་དུ་བཏབ་པས་བསྟན་འགྲོར་ཕན་བདེ་རྒྱ་ཆེན་བསྐྲུན། ཤིང་ཁྱི་སྤྱི་ལོ་༡༧༥༤ལ་བསྟན་པ་སྤྱི་ཡི་འབྱུང་ཁུངས་ཡིད་བཞིན་ནོར་བུ་འདོད་པ་འཇོ་བའི་གཏེར་མཛོད་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་དུ་བརྩམས། ཕྱི་ལོ་ཤིང་ཕག་ལ་མི་ཤིག་གུ་དྲག་ཕྱག་བཞེས་འཕྲུལ་གྱི་ལྡེ་མིག་དང་སྟག་ལ་སྤུ་གྲི་དམར་ནག་གི་ཕྱག་བཞེས་སྣང་བའི་གོ་འབྱེད་སོགས་བརྩམས། ཕྱི་ལོ་མེ་བྱི་ཧོར་ཟླ་༡ཚེས༢༢ལ་ཀེའུ་ཚང་ཉི་མ་རང་ཤར་དུ་སངས་གླིང་ཡང་སྲིད་བསོད་ནམས་དབང་རྒྱལ་འདས། སྟོན་པའི་མཛད་པ་བཅུ་གཉིས་ཀྱི་རྣམ་བཤད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་ཅེས་པ་རབ་རྒྱལ་དང་ཁྲོ་ཁྱུང་ནམ་དབང་སོགས་ཀྱིས་སངས་རྒྱས་ཀྱི་ཞལ་སྐྱིན་རི་མོར་འོས་པ་ཞེས་བསྐུལ་བཞིན་བརྩམས་གནང་མཛད་པ་དང་། ཞལ་ཐང་རིགས་མཛད་བཅུ་དང་མཆོག་ལྔ་སོགས་བརྒྱ་ཕྲག་ལས་བརྒལ་བ་ལྷ་ཚོགས་ཀྱི་བཀོད་པ་གནང་བ་དང་དྲུག་ཟུར་རྒྱལ་ས་བཅས་ལ་ཤིང་པར་དུ་བཀོད། ཕྱི་ལོ་མེ་གླང་ལ་སངས་གླིང་གསུམ་པ་མི་ཕམ་མགོན་པོ་འཁྲུངས། དྲན་པ་ཚེ་སྒྲུབ་ཀྱི་ཆ་ལག་མེ་ཏོག་མཛེས་པའི་དོ་ཤལ་དང་ཞི་ཁྲོ་རྒྱས་པའི་ཕྱག་བཞེས་འབྲིང་པོའི་ལག་ལེན། བསྡུས་པའི་ཟིན་བྲིས་ལ་སོགས་བརྩམས། དེ་ནས་དགུང་ལོ་ང་དགུ་ས་སྟག་༡༧༥༨ལོར་ཐོན་མིའི་བསྟན་བཅོས་ཆེན་པོ་བརྒྱད་ལས་སུམ་རྟགས་དང་སྔགས་ཀློག་མུན་སྒྲོན་བཅས་བསྟན་བཅོས་གསུམ་གྱི་འགྲེལ་པ་ཀུན་སྣང་གསལ་བའི་སྒྲོན་མེ་དང་སྔར་དགུང་ལོ་ཉེར་གསུམ་སྐབས་བརྩམས་པའི་དག་ཡིག་ཟ་མ་ཏོག་ཇེ་རྒྱས་སུ་བཏང་ཞིང་བརྩམས་པ་རབ་རྒྱལ་གྱིས་པར་དུ་བསྒྲུབས། ཡབ་སྲས་དྲིལ་སྒྲུབ་དབང་དང་དྲན་པ་ཚེ་སྒྲུབ་དབང་བཅས་ཆུ་ཆེན་རྒྱལ་སར་བརྩམས། ལྕགས་འབྲུག་དགུང་ལོ་རེ་གཅིག་ལ་མ་མོ་རྦོད་གཏོང་ཕྱག་བཞེས་གསལ་བྱེད་སྒྲོན་མ་བརྩམས་པ་དང་གཤེན་རབ་འདོད་པ་དགུ་འགྱུར་གྱི་གསང་སྒྲུབ་ཡིད་བཞིན་ནོར་བུའི་བང་མཛོད་སྐོར་གྱི་གཡང་སྒྲུབ་སྐོར་ཐུགས་གཏེར་བརྡོལ་བས་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་དུ་ཕབ་ཅིང་། རྣམ་པར་རྒྱལ་བའི་གཡང་སྒྲུབ་མཆོད་གཞུང་ངེས་པའི་ཐིག་ལེ་སོགས་ཞུས་དག་ནན་ཏན་བགྱིས་ནས་ཕྱི་རབས་གཤེན་ལ་སྟོང་མཆོད་སོགས་ལམ་སྲོལ་ཕྱེས། ཆུ་རྟ་དགུང་ལོ་རེ་གསུམ་ཐོག་ཁྲིད་ཡིག་དམར་མོ་མཛུབ་ཚུགས་ཅེས་བྱ་བ་མན་ངག་ཁྲིད་ཀྱི་ཡང་བཅུད་ཡེ་ཉིད་སྟོན་པ་ནས་བརྒྱུད་པ་དྲུག་ལྡན་གྱི་དམར་ཁྲིད་སྐོར་རྣམས་ཡི་གེའི་ལམ་དུ་མ་ཕྱི་ཐོག་མར་རྒྱལ་དབང་ཁོང་གིས་བཀོད་ནས་ཕྱི་རབས་གཤེན་ལ་བླ་ན་མེད་པའི་རྗེས་བཞག་དང་མཛད་འཕྲིན་སོགས་གང་གིས་འགྲན་པའི་ཟླ་དང་བྲལ་བའི་སྐྱེས་བུ་དམ་པ་ཉིད་ནི་ཨེ་མ་ངོ་མཚར་ཆེའོ། །གཞན་ཡང་ཡུལ་ཕྱོགས་གར་ཕེབས་དཀར་ཕྱོགས་ཡུལ་ལྷས་བསུ་སྐྱེལ་དང་དད་གུས་ཀྱིས་ཞབས་ཏོག་བསྒྲུབས་པ། ཡི་དམ་བསྙེན་སྒྲུབ་མཛད་པའི་དུས་བུམ་ཆུ་ཁོལ་བ་དང་རྔ་གཤང་ལ་སོགས་ཕྱག་ཆ་ལ་མེ་སྟག་ཕྲོམ་ཕྲོམ་འཕྲོ་ཞིང་བསྭོ་ཆ་ཧ་ལའི་སྒྲ་ཐོས་ཤིང་ལྷ་ཞལ་གཟིགས་པ་བུམ་སྒྲུབ་ནམ་འཛུགས་ལ་རིལ་བུ་འཕེལ་འཕུར་འཇའ་འོད་འཕྲོ་བ་སོགས་དང་རྩ་རླུང་དུས་སུ་ཞག་བདུན་ནས་རས་རྐྱང་ཐུབ་ཅིང་བདེ་དྲོད་འབར་བ་རིག་འཛིན་ཚོགས་གྲལ་དང་མཁའ་སྤྱོད་ཞིང་དུ་ཡང་ཡང་བྱོན་པས་རིག་འཛིན་མཁའ་འགྲོས་གསང་ལུང་བསྟན་ཞིང་དབང་བསྐུར་བྱིན་གྱིས་རླབས་པ་སོགས་བརྗོད་ལས་འདས། མདོར་ན་གནས་དང་རྟེན་འབྲེལ་སྒོ་བརྒྱ་འབྱེད་ཅིང་མཐའ་འཁོབ་མི་རྣམས་དགེ་སྒོར་བཙུད་དེ་ནག་ཕྱོགས་འབྱུང་པོ་ལ་སོགས་མཐར་བསྐྲད་དེ་སྡེ་བརྒྱད་དྲེགས་ཚོགས་དམ་ལ་བཏགས་ནས་སེམས་ཅན་ཡོངས་ཀྱི་བདེ་སྐྱིད་དང་བསྟན་པའི་དཔལ་ཁ་དགུང་ལ་རེག་པར་བྱས་ཤིང་འཆད་རྩོད་རྩོམ་པའི་འཁོར་ལོ་རྒྱ་ཆེན་བསྐོར་བས་རྒྱལ་ཁམས་བོན་གྱིས་འགེངས་པར་མཛད། བཀའ་བབ་བདུན་ལྡན་གྱི་སྐྱེས་མཆོག་དམ་པའི་བཀའ་གཏེར་ལའང་དགོངས་འདུས་བཞི་སོགས་པོད་ཆེན་ཉེར་ལྔའི་གྲངས་སུ་མཆིས་པ་མ་ཟད་སངས་རྒྱས་གཡུང་དྲུང་བོན་གྱི་་བཀའ་འགྱུར་མདོ་འབུམ་སྔགས་སེམས་བཞི་ལ་པོ་ཏི་ཉིས་བརྒྱ་དང་གྱ་གཅིག་ཕྱོགས་བསྒྲིགས་དང་རྩོམ་སྒྲིག་མཛད། གསུང་སྐྱེས་སློབ་མ་ལའང་ཐུགས་ཀྱི་སྲས་ཆེན་གཤེན་སྟོན་ཀུན་དགའ་ཕུན་ཚོགས་སོགས་བསྟན་འཛིན་སྐྱེས་མཆོག་བརྒྱད་དང་ཡང་ཕུད་དགུ་གཙོས་བསྟན་འགྲོའི་དོན་ཆེན་ནུས་པའི་སློབ་ཚོགས་བརྒྱ་ཕྲག་མང་དུ་བྱུང་བ་དང་། དབང་ལུང་ཁྲིད་སོགས་འབྲེལ་ཐོབ་ཀྱི་སློབ་མ་ཁྲི་ཕྲག་ལས་བརྒལ་བ་མ་ཟད་དེང་སྒྲུབ་རྒྱུད་ཀྱི་སྲོལ་རྒྱུན་དང་རིག་གནས་ཀྱི་བཤད་ཁྲིད་གང་མཆིས་དམ་པ་འདིའི་སློབ་རྒྱུད་ལས་མ་འདས་སོ། །མི་ཟད་ཅེས་པ་མེ་ཕོ་ཁྱི་ལོར་༡༧༦༦དགུང་ལོ་རེ་བདུན་ཐོག་མཆོག་གིས་ཞལ་བཀོད་ལྟར་ཁྲོ་ཆེན་ཀུན་དགའ་ནོར་བུས་བཀའ་འགྱུར་ལས་ཁམས་ཆེན་ཧོར་ཟླ་དང་པོའི་ཚེས་ལ་པར་དུ་བསྐྲུན་པར་དཀར་ཆག་སྲིད་པའི་སྒྲོན་མེ་བརྩམས་ཤིང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྲུབ་པའི་མཐར། ཐུགས་སྲས་ཁྲོ་སྤྲུལ་བསྟན་འཛིན་ནོར་བུའི་རྣམ་ཐར་ལས། དེ་སྐབས་ཀུན་གྲོལ་འཇའ་ཚོན་དམ་པ་ཉིད། །ཁྲོམ་རྫོང་ཞལ་ཕེབས་བསྟན་དང་འགྲོ་བ་ཡི། །བསམ་བཞིན་སོ་སོའི་རེ་འདོད་བསྐངས་བར་མཛད། །དེ་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དགུར། །དུང་ཐང་ལྷ་རར་ཁྲོམ་དབང་མཛད་པའི་སྐབས། །མེ་ཏོག་ཆར་དང་འཇའ་འོད་སྒྲ་དང་བཅས། །བོན་འཆད་ངང་དུ་དགོངས་པ་ཞི་དབྱིངས་གཤེགས། །ངོས་ཀྱང་རྟོགས་གྲྭ་བོན་གཤེན་དུ་མ་བཅས། །དམ་པའི་དགོངས་རྫོགས་སྒྲུབ་འོས་འགའ་ཞིག་འབུངས། །གདུང་གསུམ་ཉིན་དུ་སྨོན་རྒྱལ་སངས་རིན་གྱིས། །གསུང་རྟེན་ཡང་སྲིད་མྱུར་འབྱོན་ཟབ་གཞི་མ། །ཕུལ་ནས་བཅོས་མིན་སྙིང་ནས་གསོལ་བ་བཏབ། །སྟོད་སྨད་སེར་སྐྱ་དད་ལྡན་ཐམས་ཅད་ཀྱིས། །དུས་མེད་གདུང་མཇལ་ཕྱག་མཆོད་ལས་ལ་ཟིང་། །སྐུ་གདུང་མོས་གུས་རྟེན་དུ་ཐམས་ཅད་ཀུན། །བཞེངས་འདོད་འོན་ཀྱང་དབུ་ཞྭ་གསང་བེར་དང་། །ཁྲི་ཆས་ཕུན་ཚོགས་གླིང་དུ་དད་རྟེན་བཞག །སྐུ་གདུང་ལྷ་ཡི་རོལ་མོས་སྣ་དྲངས་ནས། །དར་རྒྱས་གླིང་དུ་མཆོད་རྟེན་བཞེངས་རྒྱུར་མཛད། །ཞེས་གསུངས། ཨ་ཁོད་དགའ་ལྡན་དར་རྒྱས་གླིང་དུ་ཁང་བརྩེགས་གཉིས་ལ་བསླེབས་པའི་གསེར་གདུང་སྤུས་ལེགས་བྱིན་ལྡན་སྲིད་ན་དཀོན་པ་ཞིག་བཞེངས་སུ་གྲུབ་པ་བཅས་རེ་ཞིག་རྫོགས་པར་བྱས། ཞེས་པ་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་རྒྱལ་རིན་པོ་ཆེས་སྨོན་དགོན་ལོ་རྒྱུས་མདོར་བསྡུས་སོགས་སྒྲོ་སྐུར་བྲལ་བ་ཞིག་འབྲི་དགོས་པའི་བཀའ་ཡི་ཞལ་ཆབ་སྤྱི་བོར་ཡང་ཡང་བསྩལ་བས་སྙོམས་ལས་སུ་མ་ཕོད་ནས་ཕྱི་ནང་གསང་བའི་རྣམ་ཐར་བདུད་རྩི་རྒྱ་མཚོ་ལྟ་བུ་ལས་རྩྭ་རྩེའི་ཟིལ་ཐིགས་ཙམ་ཞིག་བླང་ཁུལ་བ་ཨ་ཁོད་ཚེ་དབང་དངོས་གྲུབ་ཀྱིས་བྱས་པས་རྒྱལ་བའི་དྲུང་དུ་མཐོལ་བཤགས་བཟོད་གསོལ་དང་ཆབས་གཅིག་རབ་བྱུང་བཅུ་བདུན་པའི་རྒྱལ་བ་ཤིང་རྟ་ལོར་གོང་མའི་གདན་ས་དྲེ་ཤོད་པདྨ་བརྩེགས་པའི་བྱང་ཕྱོགས་གོ་ལམ་བཤད་སྒྲུབ་གཡུང་དྲུང་གླིང་དུ་ས་ག་ཟླ་བའི་ཚེས་གསུམ་ལ་བྲིས་པས་དགེ་ལེགས་འཕེལ་རྒྱས་ཤོག ། བཀྲ་ཤིས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།