ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་མཆོག

[ཟླ་ཚེས། 2020-11-30 22:22:55][རྩོམ་པ་པོ། ཁྱུང་སེར་ལྷ་ཁྱུང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧མཉམ་མེད་སྐུ་གདུང་དང་འབྲེལ་བའི་བླ་མ་ཚེ་དབང་ནོར་བུའི་མཛད་འཕྲིན།

  ༧ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་མཆོག སྙན་རྒྱུད་སྟག་སླག་ཅན་གྱི་གདན་ས། ཁྱུང་སེར་ཟླ་གཤིས་བླ་བྲང་གི་གདུང་ལས་འཁྲུངས་པའི། ༧ཡབ་དབྲ་སྲས་གཡུང་དྲུང་དབང་གྲགས་དང་། ཡུམ་ཨུ་ལྡིས་ལྷ་དབང་གཉིས་ཀྱི་སྲས་སུ། ཅ་ཧ་ཚང་ལ་སྐུ་འཁྲུངས། ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་ནས་མེ་སྟོན་རྣམ་ཚང་གི་གདན་ས་མཐོང་གྲོལ་རི་ཁྲོད་ལ་བཞུགས། སྐུ་མཆེད་ཚེ་དབང་གཡུང་དྲུང་རྩེ་དྲུག་དགོན་ལ་བཞུགས། དཔལ་བཟའ་བ་དང་། འོད་ཆུང་། འོད་ཅན། ཅ་ཧ་བཀྲ་དགའ་དང་བཅས་པའི་སྐུ་མཆེད་དྲུག་ཡོད། (༡༩༥༩)ས་ཕག་ལོར་ཚེ་དབང་ནོར་བུ་རིན་པོ་ཆེ་མཆོག ཕྱུག་གཙོ་སྟོད་མཚོ་ལུང་བར་པ་ལ་བཞུགས་སྐབས། དུས་ལོག་སྟེ་བོད་ཁམས་ཡོངས་རྫོགས་ཟང་ཟིང་དུ་གྱུར་ནས་རྒྱལ་བ་སྨན་རི་བའི་གདན་ས་ཆེན་མོ་གཤེགས་གཏོར་བྱས། (༡༩༦༠)ལྕགས་བྱི་ལོར་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་གཡུང་དྲུང་བོན་གྱི་བསྟན་དོན་ལ་དགོངས་ནས། དུས་ངན་ཟང་ཟིང་གི་ཁྲོད་དུ་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་གདུང་གཙོས་པའི་སྐུ་གསུང་ཐུགས་རྟེན་དག་བསྣམས་ནས་༧སྨན་རིའི་ཁྲི་འཛིན་ཤེས་རབ་བློ་གྲོས་རིན་པོ་ཆེ་དང་ལྷན་དུ་སྟོད་ཕྱོགས་སུ་ཕེབས། ལམ་བར་རྒྱ་དམག་དང་འཕྲད་ནས་ཞབས་ཕྱི་མང་པོ་རྐྱེན་འདས་སུ་སོང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གཟུགས་ལ་མེ་མདའ་ཕོག་ནས་སྐུ་སྲོག་འཚོ་མིན་གྱི་གནས་སུ་ལྷུང་ཀྱང་། རྒྱལ་བ་སྨན་རི་བའི་སྐུ་གསུང་ཐུགས་རྟེན་རྣམས་སྲོག་ལས་གཅེས་པར་བྱས་ཏེ། སྐུ་ལུས་ལས་ཁྲག་ཐོན་བཞིན་དེ་དག་བསྣམས་ནས་ཕྱུག་གཙོ་སྟོད་ལ་འབྱོར། ཕྱུག་གཙོ་སྟོད་ན་ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་བཞུགས་ཡོད་པས། ཁོང་གིས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་ཞབས་ཞུ་ཚད་མེད་ཞུས་ཡོད་པ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གྱ་སྟོན་མཛད་རྣམ་རགས་བསྡུས་ཤོག་གྲངས(༣༦)ལས་གསལ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་ལ་ཡིད་ཆེས་དང་བློ་ལིངས་ཀྱིས་བཅོལ་ནས། ༧རྒྱལ་བ་མཉམ་མེད་པའི་སྐུ་གདུང་གཙོས་པའི་སྐུ་གསུང་ཐུགས་རྟེན་རྣམས། ཕུག་གཙོ་སྟོད་ལུག་རྡོ་དཀར་ཆུང་གི་རི། རྣམ་དག་འོད་ཟེར་གྱི་སྒྲུབ་ཕུག་ནང་དུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་གཏེར་དུ་སྦས། ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་དང་། ཁོང་གི་ཞབས་ཕྱི་ཚེ་དབང་ཕུན་ཚོགས་རྣམ་གཉིས་ཀྱིས་ཕྱག་རོགས་ཞུས། དེའི་སྐོར་ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་དང་ཁོང་གི་ཞབས་ཕྱི་གྲྭ་ཚེ་དབང་ཕུན་ཚོགས་གཉིས་མ་གཏོགས་གཞན་སུ་གང་གི་ཧ་མི་གོ་བའི་གསང་བ་མཛད་པ་རྗེ་བླ་མའི་གྱ་སྟོན་མཛད་རྣམ་རགས་བསྡུས་ཤོག་གྲངས(༣༧)ལས་གསལ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་མཆོག་ལ་མངག་བཅོལ་གནང་། ས་ནས་དེར་ལ་ཐུགས་སྨོན་དང་བཀའ་སྲུང་བོན་སྐྱོང་རྣམས་ལ་འཕྲིན་བཅོལ་དམ་བརྡར་ཡང་ཡང་མཛད། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་བར་ཕྱུག་གཙོ་སྟོད་ལ་བཞུགས། ༧མཁན་ཆེན་ཤེས་རབ་བླ་གྲོས་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་པའི་སྐུ་འཁོར་ལྷན་རྒྱས་བསྟན་འགྲོའི་དོན་དུ་སྐུ་ངལ་འོ་བརྒྱལ་ཚད་མེད་བརྒྱུད་ནས་རྒྱ་གར་ལ་ཕེབས། བོད་ནང་གནས་སྟངས་ཇེ་སྡུག་ཏུ་སོང་ནས་ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་མཆོག་ལ། མཉམ་མེད་རྟེན་སུམ་གཙོས་ལྷ་སྐུ་མང་པོ་སྦས་རྐུང་བྱས་པའི་ཉེས་དམིགས་བཙུགས་ཏེ། མི་མང་དང་གཞུང་ལས་མི་སྣས་ཉིན་རྟག་པར་རྒྱག་རྡུང་བྱས་རྐྱེན་སྐུ་ལུས་ཀྱིས་བཟོད་མ་ཐུབ་པར། ཚེ་དབང་དར་རྒྱས་དང་ཚེ་དབང་དར་རྒྱས་ཀྱི་ཆུང་མ་ཚེ་རིང་གཡུ་སྒྲོན་གཉིས་དང་ལྷན་ཏུ། སྟོད་མངའ་རིས་ཡ་རའི་ཕྱོགས་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་། ལམ་བར་ཚེ་དབང་དར་རྒྱས་ན་ནས་གྲོང་། ཡ་ར་ཆུས་ནས་འགོ་ཁྲིད་ཚོས་བཟུང་རྗེས་ཟླ་བ་གཅིག་ཙམ་རྒྱག་རྡུང་བྱས་ཏེ། མར་ནག་ཆུའི་་བཙོན་ཁང་ལ་རྩིས་སྤྲད། ནག་ཆུ་ནས་མཉམ་མེད་སྐུ་གདུང་དང་འབྲེལ་བའི་འདྲི་བརྩད་དང་རྒྱག་རྡུང་ཇི་ལྟར་བྱས་རུང་རང་སྲོག་ལས་ལྷག་པར་གཅེས་སུ་འཛིན་ནས་ངོས་ལེན་མ་བྱས་པའི་མཐར། ནག་ཆུའི་བཙོན་ཁང་ནང་ལ་ལོ་བརྒྱད་རིང་འོ་བརྒྱལ་ཚད་མེད་བྱུང་ནས་བཞུགས་དགོས་བྱུང་། ཁོང་གི་སྐུ་མཆེད་དབྲ་ཁྱུང་ཚེ་དབང་གཡུང་དྲུང་ཁོང་ལ་ཐུག་འཕྲད་དུ་ཕེབས་ཀྱང་། ཐུག་འཕྲད་མ་བྱུང་བར་ནག་ཆུའི་བཙོན་ཁང་ནང་ནས་ཞིང་ལ་གཤེགས། (༡༩༧༠)ལོར་ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་མཆོག་བཙོན་གྲོལ་ཐོབ། ཕྱུག་གཙོ་སྟོད་མཉམ་མེད་སྐུ་གདུང་སྦས་སའི་ཉེ་འཁོར། དེ་སྔོན་བཞུགས་ས་ལ་ཡར་ཕེབས་དུས། རུ་ཁག་གི་ངག་རྩོལ་ལ་ཞུགས་དགོས་བྱུང་། དེ་རྗེས་ལྷ་དང་སྲུང་མའི་སྡོང་གྲོགས་མཛད་ནས་རུ་ཁག་གི་རྫི་བོ་བཞགས། རྗི་བོ་འགྲོ་ཞོར་ཞོགས་པ་དགོང་དག་སྐུ་གདུང་སྦས་ས་དེར་ལ་ལྟ་དུས། མི་འགྲོ་མཁན་ཡོད་པའི་བཟོ་དང་གནོད་སྐྱོན་བྱུང་པའི་བཟོ་མི་འདུགསེམས་པ་ཏོག་ཙམ་ལྷོད་རུ་འགྲོ་སོང་། ཡིན་ནའང་ར་ལུག་བྲག་ཚ་ལྡག་རྒྱུ་དགའ་བའི་བྲག་བུག་ཡོད་ས་དེར་ནས་ཡིག་གེ་དང་སྐུ་འདྲ་ཐོན་འདུག་པས། གཏམ་ག་དུས་ཐོས་ཡོང་བསམ་ནས་ཉིན་མཚན་མེད་པར་དངངས་སྐྲག་བྱེད་དགོས་བྱུང་། རྫི་བོ་འགྲོ་ཞོར་ཆུ་ཆར་པའི་གནོད་སྐྱོན་ཡོད་མེད་ཞ་དང་ཞོར་ལ་ལྟ་རྟོག་བྱེད་བདེ་པོ་བྱུང་། དེ་དག་ཚང་མ་ལྷ་དང་སྲུང་མའི་བཀའ་དྲིན་རེད། ཕྱིས་སུ་ཆོས་ལུགས་སྒོ་ཕྱེས་དུས། ཚུར་ལེན་ནས་རྩིས་ག་འདྲ་སྤྲོད་དགོས་མིན་སྐོར་ལ་ཐུགས་འཁྲལ་ཆེན་པོ་བྱུང་། གང་ཡིན་ཟེར་ན་ཆོས་ལུགས་སྒོ་ཕྱེས་ཚར་ཡང་མི་མང་གིས་མངོན་འདོད་བྱས་ནས་དེ་སྔོན་སྦས་བཞག་པའི་ལྷ་སྐུ་རྟེན་གསུམ་སོགས་གཤེགས་གཏོར་བྱེད་བཞིན་པ་མང་པོ་མཐོང་རྒྱུ་ཡོད། མི་ལོ(༢༣)རིང་དཀའ་ལས་ཚད་མེད་བརྒྱབ་པའི་རྒྱལ་བ་སྨན་རི་བའི་སྐུ་གསུང་ཐུགས་རྟེན་འདི་དག་མིས་ཧ་གོ་ན་མེ་ལ་བསྲེག་ཡ་དང་ཆུ་ལ་བསྐུར་ཡ་སོགས་མི་བྱེད་པའི་ངེས་པ་མེད་ཕྱིར། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བརྒྱུད་ནས་དགོན་པ་ལ་རྩིས་སྤྲོད་རྩིས་ལེན་བྱས་ན། བདེ་འཇག་དང་འཕྲལ་ཕུག་གཉིས་ལ་ཕན་ཐོགས་ཆེ་ས་རེད་དགོངས་ནས། (༡༩༨༣)ལོར་ནག་ཆུ་ཆབ་གྲོས་ཀྱི་མི་སྣ་ལས་ཐོགས་འཇམ་དཔལ་གདན་འདྲེན་ཞུས། སྨན་རིའི་དགོན་ལ་རྩིས་ལེན་མཁན་བརྡ་ཐོ་ཕུལ་དུས། གཡུང་དྲུང་ཞུ་ཡ་དང་ཕྱ་རོགས་གཅིག་བཅས་ཕེབས། ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་རིན་པོ་ཆེ་དང་ཁོང་རྣམ་པ་བཞི་ཡིས་ཡོངས་འཛིན་རྣམ་དག་འོད་ཟེར་སྒྲུབ་ཕུག་ནང་ནས། རྒྱལ་བ་སྨན་རི་བའི་རྟེན་གཙོ་མཉམ་མེད་སྐུ་གདུང་གཙོས་པའི་ལྷ་སྐུ་ཐམས་ཅད་ཚུར་བླངས་ནས་གྲངས་ཀ་རེ་རེ་བཞིན་རྩིས་ཐོ་བརྒྱབ་ཏེ་རྩིས་འབུལ་ཞུས། རྒྱལ་ཁབ་གཞུང་གིས་གོང་རིམ་མི་སྣའི་བཀའ་ལྟར་མཉམ་མེད་སྐུ་གདུང་གཙོས་པའི་རྟེན་སུམ་ཐམས་ཅད་ནག་ཆུ་ཞབས་བརྟན་དགོན་བརྒྱུད་ནས་ལྷ་ས་ལ་ཡར་རྩིས་སྤྲད། ལྷ་ས་ནས་གཞིས་ཀ་རྩེ་ལ་རྩིས་སྤྲད། གཞིས་ཀ་རྩེ་ནས་བཀྲ་ཤིས་སྨན་རིའི་གླིང་ལ་རྩིས་སྤྲད་རྗེས། རྒྱལ་བ་མཉམ་མེད་ཆེན་པོའི་གདན་ས་བཀྲ་ཤིས་སྨན་རིའི་གླིང་ལ་ད་ལྟ་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་གདུང་། རང་ཅག་བོན་འབངས་ཡོངས་ཀྱི་དད་པའི་རྟེན་དང་མགོན་དང་དཔུང་གཉེན་གྱི་ཚུལ་དུ་བཞུགས་ཐུབ་པ་བྱུང་བ་འདི། དཀའ་བ་བརྒྱ་ཕྲག་སྤྱད་པ་དང་འབད་པ་སྟོང་ཕྲག་བྱས་པའི་འབྲས་བུ་ཉག་གཅིག་ལས་བྱུང་བ་ཡིན། ༧ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་རིན་པོ་ཆེ་མཆོག(༡༩༩༡)ལོར་ཞིང་ལ་གཤེགས། ཕྱུགས་གཙོ་སྟོད་བཀྲ་ཤིས་སྨན་རྒྱལ་དགོན་གྱི་བླ་མ་རྒན་བསྟན་འཛིན་བཀྲ་ཤིས་མཆོག་གིས། ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་རིན་པོ་ཆེས་མཉམ་མེད་སྐུ་གདུང་གཙོས་པའི་སྐུ་གསུང་ཐུགས་རྟེན་རྣམས་གོང་ཞུས་ལྟར་རྩིས་འབུལ་ཞུ་དུས། ཐུགས་རྗེ་ལེགས་གསོལ་ཆེད་དུ་ཁོང་ལ་རྒྱལ་བ་མཉམ་མེད་པའི་ཕྱག་སྐོར་བྱིན་རྟེན་དུ་ཚུར་གནང་འདུགཟླ་གཤིས་བླ་མ་ཚེ་དབང་ནོར་བུ་ཞིང་ལ་གཤེགས་རྗེས། ཁོང་གི་གསོལ་དཔོན་ཚེ་རིང་གཡུ་སྒྲོན་གྱིས་མཉམ་མེད་ཕྱག་སྐོར་གཙོས་པའི་མཆོད་ཆས་ཐམས་ཅད་གཡུ་བུན་སྤྲུལ་སྐུ་བསྟན་འཛིན་ཚུལ་ཁྲིམས་ལ་ཕུལ། དེང་སང་བཀྲ་ཤིས་སྨན་རྒྱལ་དགོན་ལ་བཞུགས་ཡོད་གསུངས་སོང་། ཕྱུགས་གཙོ་སྟོད་བཀྲ་ཤིས་སྨན་རྒྱལ་དགོན་ནི་(༡༩༩༢)ལོར་གཡུ་བུན་སྤྲུལ་སྐུ་བསྟན་འཛིན་ཚུལ་ཁྲིམས་རིན་པོ་ཆེས་ཆོག་མཆན་ཞུས་པ་ལྟར་ལེགས་གྲུབ་བྱུང་། (༡༩༩༣)ལོར་ཕྱུགས་གཙོ་སྟོད་བཀྲ་ཤིས་སྨན་རྒྱལ་དགོན་བཞེངས་ནས་ལྟ་རྟོག་བྱེད་མཁན་རྒན་བསྟན་འཛིན་བཀྲ་ཤིས་མཆོག་བསྐོས་བཞག་གནང་འདུག
    <<གཞི་འཛིན་སའི་ཡིག་ཆ་གཙོ་བོ་ཁག>>༧ཡོངས་འཛིན་རིན་པོ་ཆེའི་མཛད་རྣམ་རགས་བསྡུས་དང་། ༧ཟླ་སྤྲུལ་རིན་པོ་ཆེའི་ཁྱུང་རབས། ཁྱུང་པོ་སྟེང་ཆེན།
    <<བཀའ་འདྲི་ཞུ་ཡུལ། >>དེ་སྔོན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་ཟླ་གཤིས་བླ་མ་ཚེ་དབང་ནོར་བུའི་སྐོར་ལ་སྐད་ཆ་འདྲི་རོགས་གསུང་པ་ལྟར། ཁོང་ལ་འབྲེལ་འདྲིས་ཆེ་བའི་ལྷ་དབང་བསྟན་འཛིན་དང་། རྒན་བསྟན་འཛིན་བཀྲ་ཤིས། རྒན་བསྟན་འཛིན་བཀྲ་ཤིས་བརྒྱུད་ནས་ཕྱུགས་གཙོ་སྟོད་ཀྱི་ཡུལ་མི་རྒན་བགྲེས་དག་ཡིན། བོན་གཞིས་སུ་བཞུགས་བཞིན་པའི་ག་གཟི་ཚེ་རིང་དབང་རྒྱལ་གཞིས་སྐོར་དུ་ཕེབས་སྐབས། ཟླ་གཤིས་བླ་མ་ཚེ་དབང་ནོར་བུ་ནག་ཆུ་ཁ་ནས་མཇལ་འཕྲད་བྱུང་ཞིང་མཉམ་མེད་སྐུ་གདུང་དང་འབྲེལ། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་སྐོར་ལ་བཀའ་མོལ་བྱུང་སོང་གསུང་གིས་འདུག༧ཁོང་གི་མཚན་ལ་ཚེ་དབང་ནོར་བུ་ཞུ་གི་ཡོད་ཀྱང་། འཁྲུངས་ཡུལ་ཟླ་གཤིས་ནས་ཡིན་པས་ཡོངས་གྲགས་སུ་ཟླ་གཤིས་བླ་མ་ཞེས་འབོད། ཟླ་གཤིས་འབྲི་ཚུལ་མི་འདྲ་བ། དཔེར་ན་བདལ་གཤིས། ཟླ་ཤོད། ཟླ་གཤིས་སོགས་དུ་མ་ཡོད་ཀྱང་དེང་སང་ཡོངས་གྲགས་སུ་གྱུར་པ་ནི་ཟླ་གཤིས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།