རྗེ་བླ་མ་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད་ཀྱི་རྣམ་ཐར་དད་པའི་འཇུག་ངོགས།

[ཟླ་ཚེས། 2020-05-22 17:13:46][རྩོམ་པ་པོ། སྒོ་བོད་ཚང་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྗེ་བླ་མ་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད་ཀྱི་རྣམ་ཐར་དད་པའི་འཇུག་ངོགས།

  སྐྱེ་མེད་ངོས་ལས་བོན་སྐུ་མ་གཡོས་ཀྱང་། །

  འགག་མེད་རོལ་པའི་ལོངས་སྐུ་ཟློས་གར་གྱིས། །

  ཁྱུང་གི་གདུང་ལ་མཚན་དཔེའི་འོད་འཕྲོས་པའི། །

  བྱ་བཏང་ཚེ༷་དབ༷ང་འགྱུ༷ར་མེ༷ད་ལན་བརྒྱར་བསྟོད། །

  ཚེ་དབང་རིག་འཛིན་བྱིན་གྱིས་རླབས་པའི་བུར། །

  གཏེར་སྟོན་གྲུབ་པ་དགུ་ཡི་བརྡ་ལུང་ཐོབ། །

  ཟབ་གཏེར་ཉེར་ལྔའི་བོན་ལ་དབང་བསྒྱུར་མཁན། །

  འཆི་མེད་རི༷ག་རྩ༷ལ་གླི༷ང་པ༷ར་སྙིང་ནས་འདུད། །

  རྒྱུད་སྡེ་ཞེ་གཉིས་མཛོད་ལ་དབང་བསྒྱུར་བས། །

  རིག་གདངས་རྩལ་ལས་སྣང་བཞད་ལོད་པོ་གཟིགས། །

  སྣང་བཞི་ཟད་པས་གཟུགས་ཕུང་འོད་དེངས་པ། །

  ཀུ༷ན་བཟ༷ང་ཡེ་༷ཤེ༷ས་སྙི༷ང་པོ༷་ཙི་ཏའི་རོལ། །

  མ་བརྟག་མ་དཔྱད་འོལ་ཚིག་ཙམ་མིན་པ། །

  རང་རྣམ་གཞན་རྣམ་གཉིས་ཀ་སོར་བཞག་ནས། །

  དགེ་རྒན་བགྲེས་པོའི་ངག་གི་སྤྲོས་པ་སོགས། །

  བདེན་དོན་ཇི་བཞིན་བརྗོད་དོན་ཡིག་ལམ་བཀོད། །

  ཅེས་མཆོད་ཚིག་པདྨ་དཀར་པོས་མདུན་བསུས་ནས་གང་གླེང་བར་བྱ་བ་ནི་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད་ཀྱི་རྣམ་པ་ཐར་པ་བརྗོད་པ་ལ་ལྔ་སྟེ། སྐུ་ཡི་མཚན་དཔེ་བཞེས་ཚུལ། བསླབ་པ་ཐོས་བསམ་གྱི་རང་རྒྱུད་ལས་སུ་རུང་ཚུལ། སྤང་བ་བསམ་གཏན་གྱི་བླ་མེད་ལྟ་བ་སྒོམ་ཚུལ། ཟབ་མོ་གཏེར་གྱི་བརྡ་ཡིག་བཀྲོལ་ནས་རྗེས་འཛིན་ཞྭ་དཀར་བཅུ་གསུམ་སྤེལ་ཚུལ། རྟག་འཛིན་ཅན་རྣམས་སུན་བྱུང་ནས་དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་བཅས་སོ། དང་པོ་རྒྱལ་སྤྲུལ་ཚེ་དབང་འགྱུར་མེད་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་མོ་ལུག་གི་ལོ་སྟེ་སྤྱི་ལོ་1895ལོར་གངས་ཅན་བོད་ཀྱི་ཤར་ཕྱོགས་ཉག་ཤོད་ཨ་འཛི་ལུང་ཞེས་པའི་ཡུལ་གྲུབ། གཡུང་དྲུང་རིན་ཆེན་འབར་བའི་གནས་མདུན་དུ། རིགས་རྒྱུད་སེར་དོར་ཞེས་པ་ཡུལ་སྐད་དུ་བྱ་བཏང་དུ་གྲགས་པའི་གདུང་ལས་ཡབ་བསོད་ནམས་དར་རྒྱས་དང་ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཁུ་བོ་དྲི་མེད་འོད་ཟེར་གྱིས་ཁྲུས་གསོལ་བྱས་ནས་ཚེ་དབང་བསྐུར་ཏེ་སྲུང་མདུད་གསོལ་བས་མཚན་ལ་འཆི་མེད་ཚེ་དབང་འགྱུར་མེད་གནངས། གཞན་ཡང་བླ་མ་དུ་མའི་ཞལ་ནས་ཁོང་ཉིད་སྐྱེས་བུ་ཁྱད་པར་ཅན་ཞིག་འདུག་ཟེར་ནས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཆར་བཞིན་ཕབས། ལྷག་པར་ཏུ་རྒྱལ་རི་ཚང་གི་བླ་མ་ཉི་མ་རྒྱལ་མཚན་དང་རྒྱལ་ཚང་ཚེ་དབང་ནོར་འཛིན་གི་ཡང་སྲས་འཁྲུལ་མེད་དུ་བན་ཕྱོགས་ནས་ངེས་འཛིན་གནངས་ཀྱང་བྱ་བཏང་ཚང་གིི་གདུང་རྒྱུད་འདི་ནི་འབལ་ཟླ་[ལྡ]ཁྱུང་གསུམ་གྱི་ནང་ནས་དབལ་གྱི་རྒྱུད་པ་ཡིན་པས་སྐུ་སྲས་འདི་ཉིད་ལས་གཅེན་པོ་ཉི་མ་དབང་རྒྱལ་ནི་གནས་ངེས་དུ་འགྲིམ་ནས་ད་ལྟ་མི་བཞུགས་གསུངས་ནས་བླུ་ཡོན་དུ་མ་གཏད། དེ་བཞིན་དུ་དམ་པ་ཁོང་སྐུ་ན་ཆུང་ངུ་དུས་སུ་བྱིས་པའི་ཁྲོད་དུ་རོལ་རྩེད་དང་བག་མེད་ཀྱི་བྱ་བ་ལ་མི་དགའ་ཞིག་སྡིག་པའི་ལས་ལ་འཛེམས་ཤིང་། སེར་མོ་བའི་རིགས་རྣམས་ལ་དགའ་བ་དང་མོས་པ་འཁྲུངས་ནས་རི་བྲག་དང་ཤིང་སྐྱིབས་རྣམས་སུ་དགོན་པ་དང་རི་ཁྲོད་འདེབས་ཚུལ་སོགས་དགེ་བའི་བག་ཆགས་སྟོབས་སུ་གྱུར་བས་སྐྱེས་བུ་དམ་པའི་རང་གཤིས་ཉམས་མེད་དུ་མངའ་བར་བྱུང་། དགུང་གྲངས་བརྒྱད་བཞེས་པའི་ཆུ་སྟག་ལོར་སློབ་དཔོན་དབང་ལྡན་གྱི་མདུན་ནས་འབྲི་ཀློག་གཉིས་ལ་མཐའ་སོན་པར་སྦྱངས་ཏེ་རིམ་བཞིན་གཏེར་ཆེན་གསང་སྔགས་གླིང་བའི་དྲུང་ནས་ཕྱི་ནང་གསང་བའི་རྒྱུད་སྡེ་གསར་རྙིང་གཉིས་ཀའི་དབང་ལུང་ཞུས། སྦྱིན་བདག་རྣམས་ལ་དུས་སྲུང་གི་དབུ་བཞུགས་སུ་རེ་ཞིག་བྱོན། གཉིས་པ་བསླབ་པ་ཐོས་བསམ་གྱི་རང་རྒྱུད་ལས་སུ་རུང་ཚུལ་ནི། དགུང་གྲངས་བཅུ་དྲུག་བཞེས་པ་ལྕགས་ཁྱི་ལོར་ཤར་རྫའི་སྟོན་པ་མངྒ་ཝེར་ཞིའི་མདུན་དུ་བྱོན་ནས། རྒྱལ་དབང་ཤར་རྫ་བ་ཆེན་པོ་སྟོན་པ་ཀུན་ཏུ་བཟང་པོ་དང་དབྱེར་མེད་དངོས་སུ་ཞལ་མཐོང་སྟེ། ཕྱག་འཚལ་མཎྡལ་དང་ཕྱག་རྟེན་ཅི་འབྱོར་ཕུལ། རྒྱུད་ཕྱི་ནང་གསང་གསུམ་གྱི་དབང་ལུང་བཀའ་ཁྲིད་རྗེས་གནང་བཅས་ཀྱི་གསོལ་བ་བཏབས། ཀུན་མཁྱེན་ཤར་རྫ་བའི་ཞལ་ནས། "བུ་ཁྱེད་འོང་ཞིང་དེ་རིང་སླེབས་པ་ལེགས། ཐེག་པ་ཆེན་པོ་བླ་མེད་རྫོགས་ཆེན་གྱི་གྲུབ་མཐའ་རྒྱུད་སྡེ་ཞེ་གཉིས་ཀྱི་དགོངས་དོན་མན་ངག་ཕྱོགས་གཅིག་བསྒྲིགས་པ་དབྱིངས་རིག་རིན་པོ་ཆེའི་མཛོད་དེ་རིང་གྲུབ་པ་ཡིན་པས། དེ་དང་བུ་ཁྱེད་ཐོན་པ་གཉིས་འཛོམས་པས་གཞུངས་འདིའི་བདག་པོ་ཁྱེད་ལ་དབང་"གསུངས་ནས། མཆོག་སྤྲུལ་རིན་པོ་ཆེའི་དབུ་ཐོག་ཏུ་པོ་ཏི་གཉིས་ཀ་བཞག་སྟེ། ཨཿ སྐྱེ་མེད་ཀུན་བཟང་འགག་མེད་ལོངས་སྤྱོད་རྫོགས། །དབྱེར་མེད་སྤྲུལ་པའི་སྐུ་ཡིས་བྱིན་ཆེན་ཕོབས། །བླ་མེད་ཐེག་མཆོག་རྫོགས་པ་ཆེན་པོའི་བོན། །འཛིན་སྐྱོང་སྤེལ་གསུམ་ཁྱེད་ལ་དབང་བར་ཤོག ། ཅེས་གསུངས་པ་དང་། མཆོག་སྤྲུལ་ཁོང་གི་ཐུགས་སུ་སྔར་མེད་གསར་ཐོབ་ཀྱི་དགའ་བ་དཔག་མེད་འཕེལ། དེ་ནས་རིམ་གྱིས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ལ་བསྟེན་ནས་རྒྱུད་སྦྱོང་དང་དངོས་གཞི་སྐུ་གསུམ་རང་ཤར་གྱི་དགོངས་པར་ལྟར་དངོས་གཞི་སེམས་འཛིན་སྐོར་སོགས་སྦྱོང་བརྩོན་ལེགས་པོ་བྱས། སྔ་ཕྱི་ལ་གསང་སྔགས་མ་རྒྱུད་དང་རྫོགས་ཆེན་དབང་བཞི་སོགས་ནོན། ཁྱད་པར་དུ་དབྱིངས་རིག་རིན་པོ་ཆེའི་མཛོད་ནི། རྣལ་འབྱོར་བླ་མེད་ཀྱི་སྐུར་བཞེངས་ནས་ལོ་གཅིག་གི་བར་དུ་ཁྲིད་སྒོམ་བྱེད། མཐར་རྒྱལ་ཐེབས་ཀྱི་དབང་ཁོང་ལ་ཐོབ་པར་བྱུང་། རྗེ་བླ་མ་ཤར་རྫ་རིན་པོ་ཆེའི་མདུན་དུ་ལོ་ལྔར་བཞུགས་པས། སྡེ་སྣོད་རྩ་འགྲེལ་དང་། ལུང་རིགས་མཛོད། འདུལ་བ་དང་དབུ་མ་སོགས་ཁྲིད་ལུང་མང་དུ་ཐོབ།

  དགུང་གྲངས་ཉེར་གཅིག་བཞེས་པ་ཤིང་ཡོས་ལོར། མཆོག་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མས་བཀའ་བཞིན་རང་ཡུལ་གོང་རྒྱལ་དགོན་པའི་ཕེབས་བསུ་འོག་རང་ཡུལ་དུ་བྱོན་ནས་རང་དགོན་དུ་ལོ་གཉིས་གསུམ་ཙམ་རིང་བཞུགས་ཏེ་ལྕང་སྤྲུལ་རིན་པོ་ཆེའི་སྐུ་དངོས་ཞབས་བཅག་ནས་«གཞི་གསུམ་ཆོ་གའི་»དབྱར་གནས་བཙུགས་པ་དེ་མཐུས་ཚང་དུ་དམིགས་ནས་མེ་སྟོན་འདུལ་བ་དང་སྡོམ་གསུམ་སོགས་བཤད་ཁྲིད་གནང་ནས་བཞུགས། གསུམ་པ་སྤང་བ་བསམ་གཏན་གྱི་བླ་མེད་ལྟ་བ་སྒོམ་ཚུལ་ནི། དེ་ནས་རྗེ་བླ་མའི་ཞལ་ནས། འོག་གྲོང་ནག་ཏུ་དུག་ལྔ་མེ་ལྟར་འབར། །བར་དགོན་པ་དུ་འདུ་འཛི་མེ་ལྟར་འབར། །སྟེང་རི་ཁྲོད་དུ་ཡེ་ཤེས་མེ་ལྟར་འབར། །འོག་འཁོར་བའི་གྲོང་ནག་སྤང་ཡང་དགོས། །བར་རྣམ་ཡེངས་གྲོང་དགོན་བསྐྱུར་ཡང་དགོས། །སྟེང་རི་ཁྲོད་དབེན་པར་བསྟེན་ཡང་དགོས། སོགས་གསུངས་ནས་ཐུགས་དམ་གྱི་དཀྱིལ་དུ་བཅང་བའི་དམ་བཅའ་དེ་འགྲུབ་པ་ལ་བརྩོན་ཏེ་དགུང་གྲངས་ཉེར་བཞི་དུས་སུ་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་གནས་ཚེ་དབང་སྒྲུབ་ཕུག་ཏུ་ཕུར་ནག་གམ་འགའ་ཕུར་བསྙེན་མཚམས་ལོ་ངོ་བཞིར་བཞུགས་ཏེ། ཕུར་པ་འབྲུག་གསས་མཆིན་པ་ཞལ་མཇལ་བས་རྒྱུ་ཐོག་ལྕགས་བརྒྱ་དང་བཅུ་གསུམ་ལས་གྲུབ་པའི་ཕུར་བའི་སྐུར་བཞེང་སྟེ་གོང་རྒྱལ་དགོན་པ་ལ་ཕུར་པའི་སྒྲུབ་གྲྭ་བཙུགས་ནས་དེ་ལ་སྒྲུབ་བརྟེན་དུ་གནང་། [དེང་སང་གོང་རྒྱལ་དགོན་དུ་མཇལ་རྒྱུ་ཡོད]། དགུང་གྲངས་ཉེར་དགུ་དུས་སུ་གོང་རྒྱལ་པའི་རྒྱབ་ཕྱོགས་ཁུ་བོ་དྲི་མེད་འོད་ཟེར་གྱི་གདན་ས་བདེ་གླིང་རིན་ཆེན་འབར་བའི་གླིང་ཁྲོད་དུ་བསམ་གཏན་ཁང་ཆུང་ཞིག་བཞེངས་ཏེ། འཕགས་པའི་རིགས་བཞི་དང་ལྡན་པ་འདོད་ཆུང་ཆོག་ཤེས་གསོ་སླ་ཞིང་གང་རྩ་བའི་ངོས་ནས། གསང་སྔགས་མ་རྒྱུད་བསྙེན་མཚམས་ལོ་བཞིར་བཞུགས། མ་རྒྱུད་ཐུགས་རྗེ་ཉི་མ་ཡི་ཞལ་གཟིགས་པས་རྒྱུ་ཐོག་ལྕགས་ལས་གྲུབ་པའི་མ་རྒྱུད་ཀྱི་སྐུ་བཞེངས་ནས་ཕྱིན་སུ་དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་ལ་མ་རྒྱུད་སྒྲུབ་གྲྭ་འཛུགས་རྟེན་དུ་གནངས། [དེང་སང་ཡེ་ཤེས་དགོན་དུ་དངོས་སུ་མཇལ་རྒྱུ་ཡོད]། དེ་ནས་གཅིག་འཚོགས་གཉིས་འདུས་ཀྱི་སློབ་མ་ཡར་ཟླ་བཞིན་འཕེལ་ནས་སྟོད་དུ་གྲྭ་བཙུན་གྱི་སྡེ་དང་། སྨད་དུ་ཇོ་བཙུན་གྱི་སྡེ་བཙུགས། ཕྱོགས་མཚམས་སུ་དད་ལྡན་ཁྱིམ་པ་ཕོ་མོ་ཚོ་འདུས་ཏེ་དགེ་སྦྱོར་གྱི་སྡེ་ཆེན་པོ་ཞིག་ཆགས་པས་མིང་ལ་"བདེ་ལེགས་རིན་ཆེན་འབར་བའི་གླིང་ཁྲོད"[དུས་སང་བྱ་བཏང་རི་ཁྲོད་ཞུ་བ་དེ་ཡིན་]དུ་བཏགས་ཏེ། ཤར་རྫ་སྟོན་པའི་བཅའ་ཁྲིམས་བཞིན་དུ་བསྐྱངས་ནས་རྣམ་དཀར་ལས་ལ་འདུན་པའི་དགེ་སྦྱོར་དབྱར་ཆུ་ལྟར་འབྲུག་སྟེ་སྔ་ཕྱི་སུ་ཞྭ་དཀར་བཅུ་གསུམ་དང་སྟོན་འཁོར་ཉེར་ལྔ་སོགས་མདོ་དབུས་ཁམས་གསུམ་ནས་དད་ལྡན་སློབ་མ་མང་དུ་བྱུང་། དེ་དག་ལ་རྒྱུད་མ་སྨིན་པ་སྨིན་པའི་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་ཁྲིད། གྲོལ་བ་རྣམས་ཚེ་འདི་ཉིད་ལ་གདོད་མི་གཞི་དབྱིངས་སུ་བཙན་ས་ཟིན་པའི་མན་ངག་བཅས་གནངས། དགུང་གྲངས་སོ་བཞི་བཞེས་པ་ས་འབྲུག་ལོ་རང་དགོན་གྱི་དབུ་བླ་མཆོག་སྤྲུལ་གཡུང་དྲུང་བསྟན་པའི་ཉི་མའི་བཀའ་བསྐུལ་བཞིན་དུ་གཏེར་ཆེན་གསང་སྔགས་གླིང་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དབང་ལུང་བསྩལ་བས་དམ་པ་དེའི་མདུན་ནས་དབང་ལུང་གཉིས་ཁ་ནོན། དེ་ནས་སྐབས་ཞིག་ནས་རྗེ་བླ་མའི་སྐུ་ལ་སྙུང་གཞི་བཞེས་ཏེ་སྐུ་རིམ་མང་དུ་བསྒྲུབས་ཀྱང་ཕན་པ་ཡེ་མ་བྱུང་། སྐབས་དེར་གཏེར་ཆེན་རིན་པོ་ཆེ་ལ་ལུང་བསྟན་མང་དུ་ཞུས་པས། མཇུག་མཐར་གསུངས་ལན་འདི་གནང་། "ད་ནི་མདོ་སྨད་གནས་ཀྱི་མདུན་དུ་མཁའ་འགྲོའི་སྤྲུལ་པའི་བུད་མེད་ཉེར་ལྔ་ཡོད། དེ་རྣམས་ལ་འབྲེལ་བ་རེ་འཇོག་ཕྱིར་ཕེབས་དང་། ཟབ་གཏེར་ཉེར་ལྔ་ལེན་སྐུ་གེགས་ཀྱང་བཟློགས་ལ་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ནོ་"གསུངས། རེ་ཞིག་སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན་གསུངས་ནས་ཞལ་བཞེས་མ་གནངས། སྐུ་གེགས་བཟློག་པའི་ཕྱིར་སྐུ་ཡི་ཕྱག་རྫས་རྣམས་གོང་རྒྱལ་དགོན་པའི་གཙོ་བྱས་ཏེ་ཉག་རོང་སྟོད་སྨད་བར་གསུམ་གྱི་བན་བོན་རིས་སུ་མ་ཆད་པར་རྣམས་ལ་སྒྲུབ་གྲྭ་དང་དབྱར་གནས་སོགས་འཚོགས་རྟེན་དུ་ཕུལ། གཞན་ཡང་ཧོར་བྲག་འགོ་དང་ཁྲོ་སྐྱབས་སོགས་ཕྱོགས་མཚམས་ཐམས་ཅད་དུ་སྒྲུབ་མཆོད་དང་སྨྱུང་གནས་སོགས་འཚོགས་རྟེན་བཞག བན་བོན་ཀུན་ཀྱིས་བླ་མ་ཚེ་དབང་འགྱུར་མེད་མཁྱེན་ཟེར་ནས་མཚན་སྙན་འབྲུག་སྒྲ་བཞིན་གང་སར་གྲགས། །བཞི་པ་ཟབ་མོ་བཀའ་གཏེར་གྱི་བརྡ་ཡིག་དཀྲོལ་ནས་རྗེས་འཛིན་ཞྭ་དཀར་བཅུ་གསུམ་སྤེལ་ཚུལ་ནི། དེ་ནས་གཏེར་ཆེན་རིན་པོ་ཆེས་བཀའ་ཤོག་[གཏེར་དབང་བསྐུར་ནས་མཚན་ལ་འཆི་མེད་རིག་རྩལ་གླིང་པ]དང་དགོན་མ་ལག་བཅས་པའི་རེ་ཞུ་འོག་རང་གིས་ཀྱང་སྔ་ཕྱི་ཀུན་ཀྱིས་རྨིས་ལྟོས་ལ་དཔགས་ན་བསྒྱུར་ལམ་གསང་སྔགས་པའི་ཚུལ་བཟུང་ན་འགྲིམ་པ་ཐབས་བཅད་དེ། གཏེར་གྲོགས་པདྨ་གར་གྱི་དབང་མོ་[མཁའ་འགྲོ་བཅུ་གསུམ་གྱི་སྐལ་བ་ཡོད་པས། དང་པོ་དེ་གསེར་སྐོར་དགའ་ཉི་འབུམ་ཚང་ལ་འཁྲུས་མོད་དགུང་ལོ་བཅོ་བརྒྱད་དུས་སྐུ་འདས། གཉིས་པ་དེ་བློ་གྲོས་བཟང་མོ་ཞུ་བ་དེ་ཡིན་མོད་སྐུ་འཁོར་དང་མ་འགྲིག་པའི་རྐྱེན་གྱིས་དངོས་སུ་མཇལ་འཛོམ་གྱི་སྐལ་པ་མ་ལྡན། གསུམ་པ་དེ་པདྨ་གར་གྱི་དབང་མོའམ་ཨ་ཀླུ་འདི་ཡིན]བཞེས། དགུང་གྲངས་བཞི་བཅུ་ཤིང་ཕག་ལོར་མདོ་སྨད་གཡག་རྭ་དགོན་དུ་བོན་གཏེར་ཐོག་མ་«བསམ་ལྷུན་»བླངས། དགུང་གྲངས་ཞེ་གསུམ་ས་སྟག་ལོར་སྦ་ཞབས་བྲག་དཀར་ཉེ་བ་གཡུང་དྲུང་བོན་རྫོང་གནས་མདུན་ནས་མཁའ་འགྲོ་ཌཱཀྐི་དཀར་མོའི་གསང་ཕུར་གྱི་དངོས་གྲུབ་ཡོད་པ་ཁ་བྱང་གི་ལུང་ཐོབ་པས་དགུང་གྲངས་ཞེ་ལྔ་པ་ས་ཡོས་ལོ་ཁྲོ་ཆེན་རྒྱལ་པོ་ཡབ་སྲས་ཀྱིས་བཀའ་མངག་ནས་བསུ་མ་འབྱོར་བས་རང་གིས་ཀྱང་རྟེན་འབྲེལ་གཟིགས་ཏེ་ཁྲོ་སྐྱབས་ལ་བྱོན་པས་བླ་མེད་དགོན་དུ་དབོན་ལེགས་བླ་མ་བསྟན་འཛིན་ཚུལ་ཁྲིམས་དང་གཡུང་དྲུང་མཐུན་རྩལ་རྣམས་གཉིས་མཇལ་འཕྲད་བྱུང་བས་ཁོང་གཉིས་ཀྱིས་རང་རྣམ་འབྲི་དགོས་ཤིག་བཀའ་བསྐུལ་གནང་བྱུང་། བླ་བྲང་གིས་བཀའ་བཞིན་སྒོམ་སྡེ་ཐོག་མ་དེ་འོ་ཟེར་བླ་མའི་དགོན་གྱི་གནས་མདུན་འཛུགས་པས་མ་རྒྱུད་མཁའ་འགྱིང་རིགས་ལྔའི་ཞལ་གཟིགས་ནས་མ་རྒྱུད་ཀྱི་གནས་སྒོ་དབྱེས་ཏེ། ཟབ་གཏེར་《དྲན་པ་དྲག་ཕུར་ལེའུ་ཚན་ཉེར་ལྔ་ཅན་》བླངས། དུས་དེར་སྔ་ཡོད་ཀྱི་བཀའ་འགྱུར་ཤིང་པར་འཐོར་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁ་གསོ་དང་གསར་བཞེངས་བཅས་ཀྱི་ལས་གཞི་བཞག་པས་པོད་ལྔ་བཅུ་རྣམས་ཀྱི་མཐུན་རྐྱེན་དུ་རྗེ་བླ་མས་བསྐྲུན་པས་ཁྲོ་སྐྱབས་པར་མ་ཕྱི་མ་དེ་གྲུབ། དགུང་གྲངས་ཞེ་ལྔ་ལྕགས་འབྲུག་ལོར་སྔ་མོ་ནས་བླ་མ་དང་ལྷག་པའི་ལྷའི་གནང་བ་ཐོབ་པ་ལ་བརྟེན་རང་རྣམ་འབྲི་པའི་དབུ་བཟུང་། ལོ་དེར་རྗེ་བླ་མས་ཁྲོ་སྐྱབས་མཚོ་ཐོག་ནོར་བུའི་གླིང་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་བླ་གྲྭ་ཡོངས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དབང་ལུང་གི་བཀའ་དྲིན་བསྩལ། དགུང་གྲངས་ཞེ་དྲུག་བཞེས་པའི་ལྕགས་སྦྲུལ་ལོ་དབྲ་སྟོན་བསྐལ་བཟང་ཉི་མ་དང་ཡོངས་འཛིན་ཤེས་རབ་ཡེ་ཤེས་སོགས་རེ་འདོད་བཞིན་དུ་དབྲ་སྟོན་དར་རྒྱས་གླིང་དུ་སྒོམ་སྡེ་བཙུགས།

  དགུང་གྲངས་ཞེ་བདུན་ཆུ་རྟ་ལོར་གོང་རྒྱལ་དགོན་པའི་དུས་ཆེན་དགུན་གཏོ་ཉིན་རྗེ་བླ་མ་འགྲོ་བའི་དད་དཔོན་ཚང་གཏོར་རྒྱགས་ལ་ཕེབས་ཚེ། དྲི་མེད་སྐུ་ཡི་ངོ་བོ་དངོས་སུ་བསྟན་ནས་ཞབས་ས་ལ་མ་རེག་པར་གྲི་གང་ཙམ་གྱི་ནམ་མཁའ་ལ་རྫུ་འཕྲུལ་གཤོག་པ་རྐྱངས་ཏེ་བྱོན་པས། ཁ་བའི་ནང་དུ་ཞབས་རྗེས་མེད་པ་སོགས་རྫུ་འཕྲུལ་གྱི་ཡོན་ཏན་དེ་དག་དེར་འདུས་ཀྱི་ལས་འཕྲོ་ཅན་གྱི་དད་ལྡན་བ་ཀུན་གྱི་མཐོང་ཡུལ་དུ་གྱུར་པ་མ་ཚད། ཁ་ཕྱི་ལྟས་ཀྱི་བདུད་རིགས་རྣམས་ཀྱང་སེམས་འགྱུར་ཏེ་དགའ་མགུ་ཡིད་ཚིམས་ཀྱི་འདོད་པ་སྐོངས། དགུང་གྲངས་ཞེ་དགུ་ཤིང་སྤྲེལ་ལོ་ནས་ང་གཅིག་བར་ལ། ཡུལ་ཕྱོགས་དེའི་མི་དཔོན་ཚོས་ངན་སྐུལ་འོག་རྗེ་བླ་མའི་ཕུན་སུམ་ཚོགས་པའི་ཡོན་ཏན་ལ་ཉམས་ལན་གྱི་བསོད་ནམས་ཟད་པའི་དགོན་གྱི་ལས་སྣེ་བ་དང་རྗེ་བླ་མའི་ཕྱག་མཛོད་སོགས་ཕན་ཚུན་རྩོད་པ་ཤོར་བའི་རྐྱེན་གྱིས་སོ་བཅུ་ཤོག་པས་བླ་མ་དགྲ་ལ་འཁྲུལ་ཏེ་རྗེ་བླ་མ་མཆོག་ཉེས་མེད་ཉེས་ཅན་གྱི་གྲལ་དུ་བརྩིས་པ་དང་། རྗེ་བླ་མ་ཀྱང་ཁོ་བོ་རྟེན་འདི་ལ་ཁྱུང་པོ་རི་རྩེ་དྲུག་ཏུ་གཅིག་ཕེབས་ཐུབ་ན་ལུས་རྟེན་འདི་མ་བོར་ནས་འཇའ་ལུས་འཕོ་ཆེན་དུ་འགྲོ་བའི་རྟེན་འབྲེལ་ཡོད་གསུངས་ནས་འགྲོ་ཆས་རྟ་དྲེལ་བསྒྲིགས་མོད། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་དང་ལྷག་པར་དུ་དད་ལྡན་སྟོང་དཔོན་རྒྱལ་རི་ཚང་གི་ཚ་བོ་ས་ནག་དཔལ་བསྟན་གྱིས་གདན་དྲངས་ཏེ་རྒྱལ་ཞིང་དགོན་པའི་གོང་དུ་གཞི་ས་འབུལ་བས་"ཐེག་མཆོག་བསྟན་རྒྱས་གླིང་"ཞེས་རི་ཁྲོད་བཏབས། དེ་ལ་སྐུ་ཚེ་སྨད་དུ་ཞལ་བཞུགས་མཛད། དགུང་གྲངས་ང་གཉིས་མེ་ཕག་ལོར་ནས་བཟུང་གནས་དེར་རྫོགས་པ་ཆེན་པོ་དབྱིངས་རིག་མཛོད་ཁྲིད་སྒོམ་ཟུང་འབྲེལ་གནངས་ནས་ཞྭ་དཀར་བཅུ་གསུམ་དང་སྟོན་འཁོར་ཉེར་ལྔ་རྣམས་ཀྱི་གཙོས་སློབ་མ་བསྐྱངས་ནས་བཞུགས། ངེ་ཡང་སྔ་ཕྱི་རུ་བྱོན་པའི་ཞྭ་དཀར་བཅུ་གསུམ་ནི་«བསམ་ལྷུན་རྩ་རྒྱུད་པདྨ་ཐུགས་ཐིག་ལས»"མཐའ་ནས་དབུས་སུ་སྒྲུབ་པའི་རྒྱལ་མཚན་འཛུགསཿ དབུས་ནས་རྒྱལ་བའི་གདུང་འཛིན་སྐྱེས་བུ་དང་ཿ གཙང་ནས་རྒྱལ་མཚན་འཆང་བའི་སྐྱེས་བུ་དང་ ཿཁྱུང་ནས་གཡུང་དྲུང་བསྟན་འཛིན་སྐྱེས་བུ་འབྱུང་ཿ ཀོང་པོ་ཡུལ་དུ་པདྨ་དབང་གི་རྒྱལཿ ཤར་རྫའི་ཡུལ་ནས་ཧཱུྃ་གྲུབ་དཔལ་བོ་རྩལཿ ཟ་རང་རྣམ་སྤྲུལ་ཡོན་ཏན་རྒྱ་མཚོ་འཆང་ཿ ཉག་ཡུལ་སྐལ་བཟང་བསྟན་པའི་རྒྱལ་མཚན་འཛིནཿ ཁྱུང་རིགས་གཞན་འཕན་ཉི་མ་འདུད་དཔུང་འདུལཿ ལྷང་བྲལ་གཡུང་དྲུང་བསྟན་པའི་དར་ཆེན་འཛིནཿ རྒྱལ་རོང་ཚེ་དབང་རྒྱལ་བའི་བསྟན་པ་སྐྱོང་ཿ མེ་ཉག་རིན་ཆེན་འབྱུང་གནས་གསང་སྔགས་འཛིནཿ ཨ་མདོ་ཡུལ་དུ་བྱང་ཆུབ་བདེ་ཆེན་ཞེསཿ སྟོད་གངས་ཉེར་བ་བསྟན་པའི་རྒྱལ་མཚན་འཛིནཿ མཆོག་གྱུར་སྐྱེས་བུ་བཅུ་གསུམ་འཕྲིན་ལས་བསྐྱེདཿ ཨོ་རྒྱན་བྱུང་ཆུབ་དབང་གི་སྨིན་པའི་གྲལཿ ཟབ་གཏེར་སྒོ་འབྱེད་བྱང་ཆུབ་གླིང་པ་རྩལཿ སྨིན་གྲོལ་འབྲེལ་བའི་སྐྱེས་བུ་ཉེ་[ཉེར]ལྔ་ལཿ བཀའ་བབ་དེ་ཡི་བསྟན་པའི་ཕྲིན་ལས་རྒྱསཿ"གསུང་པར་བཞིན་ངེས་དོན་མཐོང་བ་རང་གྲོལ་གྱིས་མཛད་པའི་“བྱ་བཏང་རིག་རྩལ་གླིང་པའི་རྣམ་ཐར"དུ་ཡང་དེ་ག་རང་ལགས། དེ་ཡང་སྐབས་དེ་ལ་རྗེ་བླ་མའི་རྒྱལ་ཞིང་དགོན་དུ་སྤྲུལ་སྐུ་བཅུ་གསུམ་གཙོར་བྱས་ཏེ་བླ་གྲྭ་བརྒྱ་ལ་ཉེར་བ་ཞིག་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཐེངས་གཉིས་པ་སྤེལ། དགུང་གྲངས་ང་བརྒྱད་ལོར་ཐེག་མཆོག་བསྟན་རྒྱས་གླིང་དུ་«སྐུ་གསུམ་ཞིང་སྒྲུབ་»དག་སྣང་གི་བརྡ་ལས་ཕབ། གཞན་ཡང་ཁོང་གི་བསྟན་བཅོས་ལ། «ཟ་མཛོད་སྐོར། » «གདུགས་དཀར་གཅིག་སྒྲུབ་མ། »« སྟག་ལྷ་སྒྲུབ་སྐོར»། «བཻ་རོ་སྒྲུབ་སྐོར» «མ་འོངས་ལུང་བསྟན»། «བླ་སྒྲུབ་རྣམ་གསུམ»། «དབྱིངས་རིག་མཛོད་ཀྱི་མཆན་འགྲེལ»། «ཁྲིད་རིམ་རྣམ་མཁྱེན་འཇུག་པའི་གྲུབ་གཟིངས»། «བླ་མ་བཟོད་པ་རྒྱལ་མཚན་གྱི་རྣམ་ཐར»། «ཀུན་གྲོལ་ཧཱུྃ་ཆེན་གྱི་བླ་སྒྲུབ»། གནས་ཡིག་སྐོར་ལ། རི་བོང་རྩེ་དྲུག དམུ་རྡོ་ལྷ་གཉེར། བྲག་དཀར་དང་གཡུང་དྲུང་རིན་ཆེན་འབར་བ་སོགས་མང་། ཁྱོན་བསྡོམས་ཟབ་གཏེར་དང་དགོངས་འགྲེལ་པོད་བརྒྱད་ཙམ་ད་ལྟ་དངོས་སུ་མཇལ་ཡུལ་དུ་ཡོད།

  དགུང་གྲངས་རེ་གཉིས་མེ་བྱ་ལོར་རྗེ་བླ་མའི་སྐུ་འདས་རྟགས་མང་དུ་གསུང་པ་དང་། ཊཀྐི་པདྨ་གར་གྱི་དབང་མོ[མཁའ་འགྲོ་ཨ་ཀླུ]་ངོ་མཚར་གྱི་རྟགས་མཁའ་ལྡིང་གི་བསུ་མ་དང་བཅས་སྐུ་ལུས་འོད་ཀྱི་རྣམ་པར་བསྟན། དེ་ལ་ཕྱག་རྫས་ཀྱི་གདུང་མཆོད་ཀྱང་རྒྱས་པ་འབུལ། སློབ་མ་གསར་བུ་རྣམས་ལ་ཉམས་ལེན་སྐོར་མང་དུ་གསུངས་ནས་ད་ནི་སོ་སོའི་གནས་སུ་འགྲོ་རེས་གདའ་ཡང་ཡང་གསུང་ཟེར། དེའི་སྐབས་སུ་མཁའ་འགྲོ་མཁའ་སྤྱོད་དབང་མོས་ཟབ་གཏེར་སྒྲོམ་བུ་ཕུལ་ནས་རྗེ་བླ་མ་མཆོག་ལ་ཞལ་བཞུགས་དགོས་ཟེར་ནས་གདན་བཞུགས་འབུལ་བས་ལོ་གཉིས་ཕྱི་བསྣུར་བྱས།

  བཞི་པ་རྟག་འཛིན་ཅན་རྣམས་སུན་བྱུང་ནས་དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་ནི། དགུང་གྲངས་རེ་བཞི་ས་ཕག་ལོ་སྟེ་སྤྱི་ལོ་1959ལོར་ཉག་རོང་གི་བླ་མ་དྲུག་བཅུ་ལྷག་ཙམ་རི་ནང་རྫོང་དུ་འཚོགས་བཅུག་པས། དེའི་ལོ་མཇུག་ཟླ་བ་བཅུ་པ་ནང་རྗེ་བླ་མ་མཆོག་རྒྱ་མི་གསུམ་དང་བོད་མི་རྒྱ་དམག་བྱེད་པ་གཅིག་བཅས་ཀྱིས་ས་ནག་རི་ཁྲོད་ནས་འཇུ་བཟུང་བྱས་ཏེ། རྫོང་མི་དམངས་བཙོན་ཁོང་དུ་ཁྲིད། དེ་དུས་རྡོ་ལ་ཞབས་རྗེས་བཞག་པ་དང་བཙོན་ཁང་དུ་སྐབས་འགར་མཐོང་རྒྱུ་མེད་པ་སོགས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན། དེ་ནས་ལྷ་ར་འགོ་[རྩྭ་ར་དགོན]བཙོན་ཁང་ནང་ཞག་ཉེར་གཅིག་ལ་བཞུགས་པའི་བོད་ཟླ་བཅུ་པའི་ཚེ་ཉེར་ལྔའི་དགོང་མོར་ཞལ་ནས། "ཡུལ་མཆོག་གནས་བཞི་བླ་མ་དབྱེར་མེད་ལ། །ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། །བདག་གི་ཚེ་གཅིག་སྒྱུ་ལུས་ནད་སྣང་འདིས། །རང་གཞན་སྔོན་ལས་འཕྲལ་རྐྱེན་སེལ་བར་ཤོག ། ཕུང་པོ་ཞེན་འཛིན་བག་ཆགས་དབྱིངས་དག་ཤོག ། བསྐལ་ཁུག་དུས་རྒུད་སེལ་བའི་རྒྱུ་གྱུར་ཤོག འཆི་མེད་འཇའ་ལུས་འཕོ་ཆེན་འགྲུབ་པར་ཤོག ། སྔ་འགྱུར་བོན་གྱི་བསྟན་པ་དར་བར་ཤོག ། བླ་མེད་ངེས་གསང་ཕྲིན་ལས་རྒྱས་པར་ཤོག” སོགས་ཤོ་ལོ་ཀ་གཉིས་དང་རྐང་པ་གཅིག་གསུངས་ནས་ཐུགས་དགོངས་བོན་ཉིད་དབྱིངས་སུ་བསྡུས། སྐབས་དེར་དུས་འགྱུར་གྱིས་བླ་དཔོན་རྣམས་ཉིན་རེ་བཞིན་མེ་མདའ་དང་གཅའ་རྡུག་འོག་གཏན་གྱི་ཕ་ཡུལ་འགྲོ་བཞིན་ཡོད་མོད། རྗེ་བླ་མ་སྐྱེ་འཆིར་རང་དབང་ཐོབ་པས། ཉག་རོང་གི་བླ་ཆེ་བཞི་[༡བྱ་བཏང་ཚེ་དབང་འགྱུར་མེད། ༢ཕྲེང་བ་སངས་རྒྱས་བསྟན་འཛིན། ༣སུ་ལ་བསྐལ་བཟང་རྒྱལ་མཚན། ༤ཀླུ་མོ་ར་ཨ་ངག]ལ་སང་ཉིན་འཐབ་འཛིང་བྱེད་ས་རེད་ཟེར་དུས་དེ་དགོང་སྐུ་ཞི་བར་གཤེགས། རྗེ་བླ་མའི་སྐུ་གདུང་རིན་པོ་ཆེ་ཚུལ་ཁྲིམས་ཀྱིས་བཀའ་དྲིན་འོག་གོང་རྒྱལ་དགོན་པའི་གདན་འདྲེན་གནངས་ཏེ་ད་ལྟ་སྐུ་མ་གདུང་མཇལ་ཡུལ་དུ་གྱུར་བ་བཅས་སོ།།

སླར་སྨྲས་པ།

  དཔལ་ལྡན་བླ་མའི་རྣམ་ཐར་འདི་ཙམ་ལ། །

  མཁའ་འགྲོ་ལུགས་ཀྱི་རྡོ་རྗེ་གཟེར་མ་དང་། །

  སྙན་ཚིག་རྣ་བའི་བུ་རམས་དབེན་ན་ཡང་། །

  ཇི་བཞིན་བརྗོད་པ་ཕྲན་གྱི་འོང་འགན་ནོ། །

  འདི་ཉིད་བྲིས་པས་ལེགས་པའི་རྒྱུ་མཆིས་ཚེ། །

  རྩོད་བྲལ་དཔལ་ལྡན་བླ་མའི་རྣམ་སྤྲུལ་ཞིག།

  རིང་མིན་མྱུར་དུ་དགོན་འདིར་འཆར་བ་དང་། །

  ལོག་པའི་དམག་ཚོགས་ཕྱོགས་ཁ་འཇིག་གྱུར་ཅིག།

  ཅེས་རྗེ་བླ་མ་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད་རིན་པོ་ཆེའི་རྣམ་ཐར་མདོ་བསྡུས་དད་པའི་འཇུག་ངོགས་བྱ་བ་འདི་ནི་བོད་རབ་རྒྱན་ལྕགས་བྱི་ལོར་སྒོ་བོད་ཚང་ཉི་མ་རྒྱལ་མཚན་གྱིས་རྗེ་བླ་མའི་རང་རྣམ་དང་ཨ་མདོ་ངེས་དོན་གྱི་མཛད་པའི་"བྱ་བཏང་རིག་རྩ་གླིང་པའི་རྣམ་ཐར་"གཉིས་གཞིར་བཞག་འོག་རིག་གསར་གྱི་སྐབས་དང་སྐུ་ཞི་བར་གཤེགས་པའི་དུས་སོགས་དགེན་གཡུང་དྲུང་རྣམ་དག་གིས་ཞལ་གསུངས་བཞིན་བཀོད་པའི་ཁུར་ཡིན་ཡང་རང་ཉིད་གོ་རྟོགས་དམན་པའི་རྐྱེན་གྱིས་ནོར་བ་མི་ཉུང་བ་ཞིག་མཆིས་པས་རྗེ་བླ་མའི་དྲུང་དུ་མཐོལ་བཤགས་ཕུལ་བ་བཅས་ཐ་ཚ་མུ་ཙུག་སྨར་རོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།