སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གི་རྣམ་ཐར།

[ཟླ་ཚེས། 2015-04-20 09:42:13][རྩོམ་པ་པོ། ཉག་སྒོམ་རིན་ཆེན་ལྷུན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཆོག་གཟིགས་བླ་མའི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

11.jpg

སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་ཞལ་ཐང་།

གདོད་ནས་ཟབ་ཞི་སྤྲོས་བྲལ་བོན་ཉིད་དབྱིངས།།
དྭངས་མའི་འོད་གསལ་ཡེ་ཤེས་ཀློང་དུ་བརྡོལ།།
གང་སྣང་དག་པ་བོན་སྐུའི་ཡོ་ལང་དུ།།
འཆར་བའི་བརྩེ་ལྡན་བླ་མ་གཙུག་སྤྱིར་མཆོད།།

གང་དེའི་གསང་བ་གསུམ་གྱི་དཔལ་བཟང་པོ།།
རྣམ་པར་ཐར་བའི་ཕ་མཐའ་ནམ་མཁའི་ཁྱོན།།
ཚུལ་བཞིན་མངོན་པར་རྟོགས་པའི་ཞིབ་བརྗོད་ནི།།
བདག་འདྲའི་བྱིས་བློས་མནོས་ཀྱང་ག་ལ་སྟེ།།

འོན་ཏང་རགས་རིམ་ཙམ་དུ་མཇལ་ཐོས་ཀྱི།།
རྣམ་པ་ཐར་ཐོར་བདག་གཞན་རྗེས་འཇུག་གི།
དད་པའི་རྟེན་དང་དྭངས་པ་འདྲེན་སླད་དུ།།
ཡིད་ཆེས་ཁོང་ནས་འབར་བའི་དད་པས་སྤྲོ།།

      དེ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐུགས་ཁྱོན་ཡངས་པ་ནམ་མཁའ་ཉིད་ལས་མི་གཞན་པ་གསལ་ལ་དྭངས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གཞོམ་མེད་རྒྱལ་མཚན་གྱི་ལང་ཚོ་འཛིན་པའི་དཔལ་བཟང་པོ་དེ་ཉིད་ཀྱི་དགེ་མཚན་ཡོངས་སུ་གྲགས་པ་ས་གསུམ་ལས་བརྒལ་བའི་རྣམ་པར་ཐར་བ་དཔག་གིས་མི་དཔོག་པ་གངྒའི་ཀླུང་གི་བྱེ་སྙེད་ལྟ་བུ་མཆིས་པ་ལས་རིག་པ་ཡེ་ཤེས་མཆོག་གི་གཏན་ཚིགས་ཚུར་མཐོང་བློ་ཡིས་མི་ཟིན་ཏེ་ཐུན་མོང་མངོན་མཇལ་གྱི་ལོ་རྒྱུས་སྤུ་རྩེའི་ཟིལ་བ་ཙམ་ཞིག་སྙན་ཚིག་གིས་སྒྲོ་མི་འདོགས་པ་དོན་ཚུལ་བཞིན་དུ་གླེང་བར་བྱ་བ་ལ་གསུམ། ཐོག་མར་སྐུ་སྐྱེ་གོང་མའི་བྱུང་ཁུངས་མདོར་ཙམ་སྨོས་པ། བར་དུ་ད་ལྟའི་སྐུ་ཚེ་འདི་ཉིད་ཀྱི་དགེ་སྦྱོར་སོ་སོའི་ཚུལ་བཤད་པ། མ་འོངས་འགྲོ་ལ་སྨིན་གྲོལ་བོན་གྱི་ཕ་བཙས་བུ་ལ་བཞག་པའི་ཚུལ་འཆད་པའོ།།
      དང་པོ་ཚེ་རབས་སམ་བསྐལ་བ་མང་པོའི་གོང་ནས་བྱང་ཆུབ་ཀྱི་སེམས་སྐྱེས་ཏེ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་ལམ་ལ་ཞུགས་ནས་མོས་སྤྱོད་ཀྱི་ས་བཞི་ལས་བརྒལ་ཏེ་དོན་གྱི་དམ་པ་ལམ་ལྔ་ས་བཅུའི་ཡོན་ཏན་རྩེ་རུ་ཕྱིབས་ཏེ་རྫོགས་སངས་རྒྱས་པའི་ས་ནས་སླར་ཡང་གང་དེའི་སྟོབས་ལས་འཕོས་པའི་ལྷན་སྐྱེས་ཀྱི་རང་བཞིན་རྣམ་པར་དག་པ་སྙིང་རྗེའི་རང་གཟུགས་གཅིག་ལས་དུ་མའི་བཀོད་པ་སྣ་ཚོགས་མཐའ་ཀླས་གདུལ་བྱའི་མོས་ངོར་གང་དེར་དེ་སྟོན་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་སྟེ། ལྟ་བ་ཐོག་འབེབས་ལས། ས་བཅུའི་སེམས་དཔའི་འགྲོ་དོན་མཛད་ཚུལ་ནི། །སྟོན་པའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས། །ཕྱོགས་བཅུའི་ཞིང་ཁམས་སེམས་དཔའ་གྲངས་ལས་འདས། །གང་ཟག་ཚུལ་བཟུང་མར་བྱོན་འགྲོ་བ་འདྲེན། །སྐྱེ་གནས་ཞིང་གཅིག་འགྲོ་དོན་རྫོགས་པ་ཡོད། །གང་ནས་ཞིང་དེར་གྲངས་མེད་ཐར་བར་བཀོད། །ཅེས་དང༌། དེ་ཡང་གང་ལ་གང་འདུལ་གྱི་སྤྲུལ་བ་ཅི་ཙམ་བསྟན་ཀྱང་འཛད་པའི་མཐའ་མེད་དེ། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། བཙལ་མེད་ངང་ལས་འགག་མེད་ཡེ་ཤེས་འཕེལ། །ཡེ་ཤེས་ཅི་བཞིན་སྐུ་དང་ཞིང་ཁམས་འཁོར། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བསམ་མཐའ་ཡས། །གང་ལ་གང་འདུལ་དེ་ལ་དེ་སྟོན་པས། །བསམ་མཐའ་ཡས་ཀྱང་འཛད་དང་འགྲིབ་པ་མེད། །ཅེས་དང༌། ངོ་བོ་རྣམ་པ་གཉིས་ལྡན་གྱི་བོན་སྐུ་བརྙེས་པའི་ཚེ་ན་འབད་དང་རྩོལ་བ་མི་དགོས་པར་ངང་གིས་འགྲོ་བའི་དོན་ལྷུན་གྱིས་གྲུབ་སྟེ། ཐོག་བབ་ལས། རང་རིག་མི་གཡོ་བོན་སྐུའི་ས་ཟིན་པ། །གཅིག་ལས་མ་འགག་འོད་ཟེར་གྲངས་ལས་འདས། །མ་སྤྲོས་ཞིང་ཁམས་མཐའ་ཡས་ཡོངས་ཁྱབ་འཕྲོས། །ནམ་མཁའ་ཅི་བཞིན་སྤྲུལ་སྐུས་གང་བར་ཁྱབ། །ཉི་མའི་ཟེར་དང་ཆུ་ཟླ་ཅི་བཞིན་དུ། །རྩོལ་མེད་ཤུགས་ལས་སྣ་ཚོགས་ཅིར་ཡང་སྤྲུལ། །འབད་པ་མ་ཡིན་མ་ལུས་ཐར་བར་བཀོད། །ཆིག་རྐྱང་མ་ཡིན་ཡོངས་སུ་མཉམ་པོ་འདྲེན། །ཕྱོགས་གཅིག་མ་ཡིན་གང་ལ་གང་འདུལ་སྟོན། །རེ་འགའ་མ་ཡིན་རྒྱུན་དུ་མཛད་པ་སྟེ། །གཞན་དོན་མཐར་ཕྱིན་དེ་བཞིན་འབྱུང་བའོ། །ཞེས་གསུངས་པ་བཞིན་ནོ།།
      འོན་ཀྱང་རེ་ཞིག་སྐུ་ཕྲེང་གོང་མ་བཞེས་ཚུལ་ཆ་ཤས་ཙམ་དུ་བསྙད་ན། ཡུལ་མདོ་སྨད་སྒང་དྲུག་གི་ནང་ཚན་རྨ་སྒང་རིང་མོ་སྒང་རྒྱུད་འཐེབ་ཅུ་བྲག་དཀར་བྱ་རྒོད་ཀྱི་འདབས་སུ། སྐྱེ་བ་མང་པོའི་གོང་ནས་གཞི་མོ་གཅིག་ཆོད་རྟོགས་པའི་རིག་པ་མངོན་དུ་གྱུར་བའི་གྲུབ་རྩལ་རྫུ་འཕྲུལ་དུ་མ་ལ་མངའ་བརྙེས་ཏེ་མཐའ་འཁོབ་མུ་རྒོད་འདུལ་བའི་དཔལ་དུ་བཞེངས་པ་སྐྱང་འཕགས་མུ་ལ་དྲུང་མུ་ཞེས་པ་དེ་ཉིད་ཀྱིས་རིས་མེད་མཁའ་ཁྱབ་འགྲོ་བ་ཞི་བདེར་བཀོད་པ་བསམ་གྱིས་གྲུབ་སྟེ་དགོངས་པ་དབྱིངས་སུ་རྫོགས་ཀྱང༌། ཐུགས་བསྐྱེད་སྨོན་ལམ་གྱི་འཕྲོས་དོན་གསེར་ཚ་བན་དྷེ་ཐར་ཞེས་པའི་སྲས་སུ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་པ་ལ། སྐྱང་ཚང་བླ་མ་རྣམ་རྒྱལ་གྲགས་པས་སླར་བླུས་ཏེ་གདན་སར་བཀོད་ནས་མཚན་ཡང་སྤྲུལ་སྐུ་ནམ་མཁའ་བསྟན་འཛིན་ཞེས་སུ་གསོལ་བ་དེ་ནི་ཆུང་ནས་དད་པས་རྒྱུད་བརླིང་ཞིང་འཁོར་བ་ལ་སྒྱིད་ལུག་སྐྱེས་ནས་ངེས་འབྱུང་དད་པའི་སྒོ་ནས་འཛམ་གླིང་དབུས་ཀྱི་ལྟེ་བ་གངས་ཏི་སེར་ཕྱག་སྐོར་དུ་ཕེབས་པ་ལ་སྐུ་ཚེ་རི་ལ་སྐྱེལ་ཞིང་བྱར་མེད་ཀྱི་རྣལ་འབྱོར་བ་ཞིག་ལ་མཇལ་སྐབས་སུ་བདག་རང་ཁོང་ཉིད་ཀྱི་དྲུང་དུ་འདུག་དགོས་ཞུས་པའི་ལན་དུ་ཁྱོད་རང་ཞག་འགའ་ཞིག་ལ་ཕྱག་སྐོར་གྱིས་ལ་ཤོག་གསུངས། དེ་བཞིན་བྱས་ནས་སླར་སྐུ་མདུན་དུ་ཕེབས་ཚེ། ཁྱོད་ཀྱིས་བོན་འཁོར་བསྐོར་པའི་ཡུལ་འདི་མ་ཡིན་རང་ཉིད་འཁྲུངས་སའི་ཡུལ་དེ་ཕྱོགས་སུ་ཡིན་པས། ང་ཉིད་བྱ་རྒོད་གཅིག་གི་གཟུགས་སུ་སྤྲུལ་ཏེ་སྤོས་ངད་ལྡན་པའི་རི་ལས་སྤོས་སྣ་ཚོམ་གཅིག་ཁྱེར་ནས་ཕྱིན་པས། ཡུལ་དེ་ན་རྒན་མོ་ཤིང་ཁུར་ཞིག་དང་འཕྲད་པ་ལ་སྣང་སྲིད་སྤྱི་རྒྱ་རླབས་ཀྱིས་གཅོད་པའི་ལྟས་སུ་གཤོག་ལྕག་ཅིག་བརྡེབས་པ། རི་མཆོག་རིན་ཆེན་སྤུངས་པ་འདྲ་བ་དེ་ལ་མུ་ལེ་དྲུང་ཤིང་དང་ས་ལུའི་ལྗོན་པ་ལ་སོགས་ཤིང་སྣ་མི་འདྲ་བ་བརྒྱ་རྩ་བརྒྱད་དང༌། ནེ་ར་སེར་ཆེན་དང་ཨུཏྤལ་ལ་སོགས་མེ་ཏོག་མི་འདྲ་བ་བརྒྱ་རྩ་བརྒྱད་དང༌། གླ་བ་དྲི་བཟང་ལ་སོགས་སྤོས་སྣ་མི་འདྲ་བ་བརྒྱ་རྩ་བརྒྱད་ཡོད་པ། དེ་དང་འདྲ་བའི་བྱ་སྐད་སྙན་པ་རི་དྭགས་ལུས་མཛེས་པ་མང་པོས་རྩེད་འཇོ་དང་འཕུར་ལྡིང་སྣ་ཚོགས་བྱེད་ཅིང་ཡོད་པ། མཐོང་བ་ཙམ་གྱིས་དད་པ་སྐྱེ་བ། སྡོད་པ་ཙམ་གྱིས་ཉམས་དགྱེས་པ། ཤིན་ཏུ་ཡིད་ཏུ་འོང་བའི་གནས་དེའི་དཀྱིལ་དུ་སྤང་རྒྱ་ལོང་འཁྱིལ་བ་འདྲ་བ། དེའི་ཟུར་དུ་ཤུག་སྡོང་ཞིག་གི་རྩེ་རུ་ཐེག་དགུ་བོན་གྱི་ཡང་རྩེར་ཟིན་པའི་བརྡ་རུ་བབས་པ་མི་འགྱུར་བའི་བཀའ་རྟགས་ཡལ་ག་དཀྱུས་པའི་ཨ་ཡི་ཟོལ་དུ་ཡོད་པ། དེ་ཐད་གོང་དུ་བརྒྱད་ཁྲི་བོན་གྱི་ཡང་སྙིང་གསང་རྒྱུད་ཐེག་པ་ཆེན་པོའི་བསྟན་པ་རྒྱས་ཤིང་ཕན་བདེའི་ལེགས་བཤད་གསུང་གི་བདུད་རྩི་ཕྱོགས་བཅུར་འགྲེམ་པའི་རྟེན་འབྲེལ་དུ་སྤོས་དེ་དག་བཙུགས་ནས་རྟགས་སུ་བཞག་ཡོད་པ། དེ་རུ་བཞུགས་ན་སྐུ་གསུང་ཐུགས་ཀྱི་བསྟན་པ་ཡུན་རིང་དུ་བླ་རུ་འཕེལ་ཞིང་གནས་ཏེ། སེམས་ཅན་གྱི་དོན་ངང་ངམ་ཤུགས་ཀྱིས་འགྲུབ་པའི་རྟེན་འབྲེལ་བཟང་པོ་བྱུང་བ་ལགས་སོ། །ཞེས་གསུངས་པ་ལ་བརྟེན་རང་ཡུལ་དུ་འབྱོན་ཚེ་དེ་ཚོ་ངེས་པར་བདེན་འདུག་པས། ལྷག་པར་ཡིད་ཆེས་ཀྱི་དད་པ་བྱུང་ནས་མདའ་ཆེན་དཀར་མོ་རི་ཁྲོད་ཅེས་བྱ་བ་འདི་རུ་ཁོང་ཉིད་རོགས་མེད་གཅིག་པུར་གནས་ཤིང༌། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་ཞྭ་དཀར་བོན་གྱི་རིང་ལུགས་འཁྲུལ་བ་མེད་པ་ཚུལ་བཞིན་དུ་འཛིན་པའི་སླད་དུ། ཕྱི་སྤྱོད་ལམ་རྣམ་པར་དག་པ་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་མིག་གི་རྡུལ་བཞིན་དུ་སྲུང་ཞིང༌། ནང་ཟབ་ལམ་རིམ་གཉིས་ཀྱི་ཐེག་པ་ཡ་མིན་ཟུང་འབྲེལ་བསྐྱེད་རྫོགས་ལ་དབང་འབྱོར་བརྙེས་པ། གསང་བ་རྫོགས་པ་ཆེན་པོའི་དོན་མངོན་དུ་གྱུར་ཏེ་གདོད་མའི་མགོན་པོ་རང་ལས་མི་གཞན་པའི་རེ་དོགས་རྦད་ཀྱིས་ཆོད་པའི་ཐུགས་དམ་བླ་རུ་གྱུར་བའི་དགོངས་པ་དང་ལྡན་ཏེ། བསྟན་དང་འགྲོ་ལ་སྨིན་པའི་ཐུགས་བསྐྱེད་རྒྱ་ཆེ་བའི་ངང་དུ་སྐུ་ཚེ་ཧྲིལ་བོར་ལེགས་པར་བྱས་པའི་སྦྱོར་བ། གང་ལས་གང་བཙུན་ཐབས་ཀྱི་མདའ་ལ་དམིགས་མེད་ཤེས་རབ་ཀྱི་མདེའུ་སྦྱོར་ཞིང་བརྩོན་པར་ལགས་ལ། མཚན་བཅས་ཀྱི་དགེ་བ་ལའང་འདིར་སྣང་འཇིག་རྟེན་པའི་སྣང་ངོར་མཛེས་ཆས་ཁེ་དྲག་གི་རིགས་སུ་གཏོགས་པ་རྣམས་སྤངས་ནས་དགེ་བ་རོ་མེད་དུ་བྱ་དགོས་གསུངས་ཏེ། གྱང་ར་རྒོག་པོ་ཅན་གྱི་ཁང་པ་དང༌། ཞིག་ཟག་ཉམས་འཇིག་ཅན་གྱི་སྡེར་སོ་རྣམས་མི་མཛད་པར། ཁམས་བརྒྱད་དྲི་མེད་ལ་སོགས་གསུང་རབ་མང་པོ་དངུལ་གྱིས་བྲིས་པ་མར་མེ་དང་དར་ཅོག་གསུང་རབ་བཟླས་བརྗོད་རྣམས་གཙོ་བོར་མཛད་ཅིང༌། མདོ་སྨད་ཀྱི་ཡུལ་གྲུ་གང་དག་དགེ་བའི་ཁ་ལོ་གྱེན་དུ་བསྒྱུར་ནས་འབྲེལ་ཚད་སངས་རྒྱས་ཀྱི་ས་ལ་བཀོད་དེ་སྐྱིད་ཀྱི་སྣང་བས་ཡོངས་ལ་བརྡལ་བའི་མཛད་པ་དང་སྐུ་ཚེ་མཐར་ཕྱིན་ནས་མི་མངོན་དབྱིངས་སུ་གཤེགས་ཚུལ་བསྟན་པའོ།།
      ཡང་ཡག་སྐྱིད་གདོང་ཆེ་བའི་སྲས་སུ་སྐྱེས་ཀྱང༌། གདུལ་བྱ་བསོད་ནམས་དམན་པའི་སྟོབས་ཀྱིས་རྟེན་འབྲེལ་ལེགས་པ་མ་འགྲིགས་པས། དགུང་ལོ་བཅུ་གསུམ་གྱི་ཐོག་ཏུ་གནམ་གྲིབ་ཀྱིས་རྐྱེན་བྱས་ནས་བཀོད་པ་བསྡུས་སོ།།

དབེན་གསུམ་འཛོམ་པའི་རི་ལ་འཁྲས་བཅས་ཏེ།།
བསེ་རུ་ཅི་བཞིན་བརླིང་བོར་བག་ཡངས་སུ།།
ཡང་དག་འཇོག་ལ་གཞོལ་བའི་བསམ་གཏན་པ།།
ལྷར་བཅས་ཡིད་ཅན་ཀུན་ནས་ཅིས་མི་བསྟི།།

བགྲང་ཀླས་རྒྱལ་བའི་དགོངས་ཀློང་ཆུ་མཐོངས་ལས།།
སྙིང་རྗེའི་ཚེས་བདག་འཛུམ་པའི་འོད་རླབས་ཀྱིས།།
འགྲོ་བློའི་ས་མོས་དགའ་ཚལ་བགད་དང་ལྷན།།
ལྟར་སྣང་མཚན་རྒྱུའི་པདྨོ་ཅི་ཡང་ཟླུམ།། 
                              ཞེས་ཞར་བྱུང་དུ་སྨྲས་པའོ།།

22.jpg

སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་སྐུ་གདུང་བྱིན་ཅན།

      དོན་གཉིས་པ་བར་དུ་སྐུ་སྐྱེ་བ་བཞེས་ནས་དགེ་སྦྱོར་སོ་སོའི་ཚུལ་བཤད་པ་ལ་གཉིས། དང་པོ་ཚད་མའི་ལུང་གིས་ཟིན་པ་ནི། རིག་གྲོལ་གྱི་ཡོན་ཏན་དྲུག་གིས་ཕྱུག་ཅིང་མངོན་ཤེས་རྩལ་དྲུག་རྫོགས་པའི་དཔལ་རྒྱལ་རོང་བླ་མ་གཡུ་ཞིག་དྲུང་མུ་ཧ་ར་དང་སྤྲུལ་སྐུ་ཚེ་དབང་མཆོག་ལེགས་གཉིས་ཀྱི་ལྷན་སྐྱེས་ཡེ་ཤེས་དྲི་མེད་མཆོག་གི་ཐུགས་རབ་མེ་ལོང་གཙང་མའི་ངོས་སུ་ཤར་བ་ལས། སྤྱི་སྐུ་ཕྲེང་མང་པོར་འཁོར་ལོ་གསུམ་གྱི་ལེགས་བཤད་བདུད་རྩིའི་སྦྱོར་བ་བཟང་པོས་སྲིད་པའི་གཅོང་ནད་ཀུན་ནས་བཅིལ་རིགས་པ་སྣ་ཚོགས་ཀྱི་ཟོལ་ངོམས་ཏེ་ས་ཆེན་གསུམ་དུ་བྱོན་ནས་དགེ་ཚོགས་དུ་མ་སྤེལ་བ་དང༌། བྱེ་བྲག་ཏུ་གྱེར་སྤུངས་དྲན་པ་ནམ་མཁའི་རྣམ་འཕྲུལ་ངེས་པར་ཞལ་མཐུན་དུ་གསུངས་པ་དང༌། ཕྱོགས་ཀྱི་རྣལ་འབྱོར་ཆེན་པོ་གཙུག་ཕུད་རྣམ་རྒྱལ་གྱིས་ཤར་དུང་རིའི་བྲག་ནས་གཏེར་བཏོན་པའི་ལུང་བསྟན་ལས་ཀྱང༌། ས་གནས་འདིའི་བྱང་ཕྱོགས་སུ། དམུ་ཙ་ཏྲ་ཧེའི་བྱིན་བརླབས་སྐྱེས་མཆོག་སྟེ། །ཀུན་གསལ་མཚན་དཔེ་ཀུན་གསལ་ལྡེ་མིག་འབྱུང། །ཞེས་དང༌། མ་འོང་ལུང་བསྟན་ལས། དྲན་པའི་ཞལ་ནས། མདོ་སྨད་ཡུལ་དུ་སྐྱང་ལ་ནམ་མཁའི་མཚན་ཅན་འབྱུང༌། །བྱ་རྒོད་བྲག་ལ་བོན་གྱི་དངོས་གྲུབ་ལེན། །ཞེས་དང༌། རྒྱལ་བ་བློ་གྲོས་ཀྱི་ལུང་བསྟན་ལས། སྐྱང་ལ་ནམ་མཁའ་རྒྱལ་མཚན་བྱ་བ་འབྱུང༌། །ཞེས་དང༌། དམིགས་བསལ་དུ་ངོས་བཟུང་ནི། སྐྱང་ཚང་སྤྲུལ་སྐུ་གཙུག་གཤེན་གྱི་དགོངས་ལམ་དུ་སྟག་གཟིག་གཡུང་དྲུང་བློ་གསལ་གྱི་སྤྲུལ་བ་ཡིན་པར་མངོན་ནོ། །ཞེས་གསུངས་བ་ལྟར་རོ།།

གཏན་བདེའི་འཚོ་བས་ཆེས་ཕོངས་ལུས་རིད་འགྲོར།།
གསོས་མཆོག་དོན་འབྲས་ཀྱིས་ཕྱུག་ཚོགས་འབྱིན་མཛད།།
མཚན་ལྡན་འབྲས་ལྡན་དཔལ་མོ་ངོམ་མོ་ཞེས།།
རིང་ནས་ལུང་བསྟན་དུས་ཀྱི་ཕོ་ཉ་གྲགས།།

ཨེ་ཝཾ་གང་དག་འབད་མེད་ཤུགས་འབྱུང་དུ།།
གདུལ་བྱའི་བསོད་ནམས་མཁའ་ལ་ལེགས་འཆར་བ།།
རབ་གསལ་སྣང་བའི་དལ་ལ་འཁྲུལ་སྒྲིབ་བྲལ།།
དམ་པ་ཡོངས་ཀྱི་ལྷན་སྐྱེས་རང་བཞིན་ཡིན།།
                      ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

33.jpg

 སྐྱང་གི་གདན་ས་ཆེན་མོ་མདའ་ཆེན་དཀར་མོ་རི་ཁྲོད།

      གཉིས་པ་དེ་ལྟར་བསྟན་འགྲོའི་དཔལ་དུ་བྱོན་ཚུལ་བསྟན་པ་ལ་བཞི་སྟེ། སྐུ་སྐྱེ་བ་བཞེས་ཤིང་ཁྲི་ལ་འཁོད་ཚུལ་དང༌། བསྟན་པའི་སྒོར་ཞུགས་ནས་སློབ་གཉེར་མཛད་ཚུལ་དང༌། དགེ་སྦྱོར་སྐྱོང་ཞིང་ཡོན་ཏན་འཁྲུངས་ཚུལ་དང༌། དེ་ལ་བརྟེན་ནས་རྣམ་དཀར་གྱི་གསུང་ཕྲིན་སྤེལ་ཚུལ་ལོ།།
དང་པོ་ནི། སྔོན་ནས་ཐར་བ་མྱང་འདས་ཀྱི་ས་ལ་སླེབས་ཟིན་མོད་གདུལ་བྱ་དུས་ལས་མི་ཡོལ་བའི་ཆུ་བོའི་རྒྱུན་བཞིན་དུ་བསྐྱང་དགོས་ཕྱིར་དུ། ཡུལ་སྟག་ཁམས་ཀྱི་གྲོང་ཁྱེར་སྙ་ནང་བྱ་བ་རུ། ཡབ་རིགས་བཟང་ཁུངས་བཙུན་གྱི་སྐྱེས་བུ་སྙ་ཚེ་དབང་དོན་འགྲུབ་དང༌། ཡུམ་རྐོ་ཙེ་བཟའ་ཀུན་བཟང་མཚོ་ཞེས་པ་གཉིས་ལ་སྲས་ལྕམ་དྲལ་ལྔ་མཆིས་པའི་ཐ་ཆུང་དེ་ཉིད་ཡུམ་གྱི་ལྷུམས་སུ་གནས་སྐབས་མོ་རང་སྣང་བ་ལ། ཁྱིམ་ནང་འོད་ཀྱིས་གང་བ་ལྟ་བུ་དང་རྣ་ལམ་དུ་སིལ་སྙན་ནམ་ཤིན་ཏུ་སྙན་པའི་སྒྲ་སོགས་ཐོས་པ་དང༌། སྣང་བ་ཡང་དྭངས་ཤིང་དགའ་ལ་ལུས་ཀྱང་བལ་འདབ་ལྟར་ཡངས་པ། རྨི་ལམ་ལའང་ཞིང་ཁམས་དག་པ་ཉིད་དུ་གནས་པ་ལྟ་བུ་སོགས་ལྟས་བཟང་པོ་མང་དུ་བྱུང་སྐད།
      རབ་བྱུང་བཅུ་གསུམ་པའི་ནང་ཚན་རྣམ་འགྱུར་ཞེས་པ་ལྕགས་སྟག(སྤྱི་ལོ༡༧༧༠)ལོར་སྐུ་འཁྲུངས་པའི་དུས་སུ་རྨི་ལྟས་བཟང་པོ་དང་འཇའ་ཚོན་འཁྲིགས་པ་བཅས་ཏེ། བྱིས་པ་གཞན་དང་མི་འདྲ་བ་སྐུ་ལུས་ཕྲུ་དཀར་དམར་གཉིས་ཀྱིས་རིམ་པར་བཏུམ་པ་བཤུ་དགོས་པ་གཅིག་བྱུང་བ་དེ་ཡང་མེས་པོའི་བང་དུ་བླང་ནས་ཁྱེའུ་འདི་ཡ་མཚན་ཞིག་སྣང་ཟེར་བ་བྱུང༌། དེ་ནས་ཟླ་བ་བདུན་ནས་མ་ཡུམ་ཚེ་འཕོས་ཏེ། སྲིང་མོ་ཆེ་བས་མ་བྱས་ནས་བསྐྱང་བས་འཚོ་སླ་བ་ཞིག་བྱུང༌། དེའི་དུས་ཙམ་ཡབ་ཀྱི་རྨི་ལམ་དུ་ཁོ་ནམ་མཁའ་ལ་འཕུར་ནས། ཤར་དུང་རི་ཡིན་པའི་རྩེ་ལ་བབ་པའི་སྣང་བ་ལ་རི་དེ་དབུ་མ་དུང་དཀར་ཆེ་བ་གཅིག་ལ་ཆུང་བ་མང་པོ་སྤུངས་ནས་ཡོད་པ་ཞིག་སྣང༌། དེ་ནས་ལྷོ་གཡུ་རིའི་རྩེ་ལ་འཕུར་སྣང་ལ་རི་དེ་གཡུ་ཆེན་པོ་ལ་གཡུ་ཆུང་བ་མང་པོས་བརྒྱན་པ་ཞིག་སྣང༌། དེ་ནས་ནུབ་ཟངས་རིའི་རྩེ་ལ་འཕུར་བའི་སྣང་བ་ལ། རི་དེ་ཟངས་མའི་གཞོང་བ་ཁ་སྦུབ་པ་ལྟ་བུ་ཆེ་བ་གཅིག་ལ་ཆུང་བ་མང་པོས་བསྐོར་སྣང་བྱུང་སྟེ་ཉམས་མཚར་བ་ལས་ཅི་ཡིན་གྱི་བརྡ་ཁྲོལ་མ་ནུས་སོ། །ཡང་རེས་ཤིག་རྨི་ལམ་ལ། སྔོན་མ་སོང་བའི་ཡུལ་ཞིག་ལ་ཕྱིན་འདུག་པས། ཆུ་ལ་ཟམ་པ་གཅིག་སྣང་བ་དེ་བསྒྲལ་ཏེ་ཕྱིན་པས་ཐང་གཅིག་འདུག དེ་ཟད་མཚམས་སུ་རི་གདོང་གཅིག་ལ་ཡར་སོང་བས་ཤུག་པའི་ཚལ་དུ་དགོན་པ་རྙིང་བ་ཞིག་གི་ནང༌། མི་ཆེན་པོ་དཀར་པོ་ཞིག་དང་མཇལ་བས། མི་དེས་བདག་ལ་འདི་སྐད་ཟེར། ང་ནི་གཡུང་དྲུང་དཀར་བོ་ཡིན། ད་ཕྱིན་ཆད་ཁྱོད་རང་གིས་ང་ལ་གསོལ་བ་ཐོབས་ཟེར། དེ་ནས་ཡར་བལྟས་པས་རི་ངོ་ལ་དར་ཅོག་ཁྲ་དཔུང་ངེ་བྱེད་པ་སྣང་སྟེ། ཕྱི་ནས་འདིར་ཕྱིན་པའི་དུས་སུ་སྔར་གྱི་རྨི་ལམ་དེ་དགོན་པ་འདི་ཁོ་ནར་འདུག་སྙམ་པ་བྱུང་ཟེར།
      དེ་ནས་ལོ་གསུམ་ལོན་པའི་དུས་དེར་སྐྱང་འཕགས་ཁྲི་གཙུག་རྒྱལ་བ་ལགས་ཞེས་པ་ཡུལ་རོང་ཕྱོགས་དེར་འགྲོ་དོན་ལ་ཕེབས་སྐབས་སུ། ཅོ་རོང་ལ་ཐོག་ནས་མར་གཟིགས་ཏེ་གྲྭ་འཁོར་རྣམས་ལ་གསུངས་པ། ཡུལ་མ་ཀི་ན་སྐྱེས་བུ་ངོ་མཚར་ཅན་ཞིག་འཁྲུངས་འདུག་གསུངས། དེ་ནས་མར་བྱོན་པས་ཡུལ་སྙ་ནང་གི་ལུང་མདོར་ཕེབས་ཚེ། ཁར་སང་ངས་ཟེར་རྒྱུ་དེ་གྲོང་བ་ཡ་ཀི་ན་སྣང་གསུངས། དེ་ནས་ཡོན་བདག་ཚང་གི་ཁྱིམ་དུ་གདན་དྲངས་པའི་དུས་ན། ཁྱོད་ཚང་གི་བུ་ཆུང་འདི་རིག་ཅན་ཞིག་ཡིན་འདིར་ཤོག་དང་གསུངས་ནས། ཁོང་རང་གི་བང་ནང་བླངས་ནས་ཐུགས་དགྱེས་པར་མཛད་ཅིང་བྱིན་རླབས་གནང་སྲུང་མདུད་བཏགས། དེ་ནས་ཡོན་བདག་ལ་སྣམ་བུ་དམར་བོ་ཞིག་ཁུར་ཤོག་གསུངས་ནས། དེ་ནས་ཞྭ་ཆུང་ཞིག་བཟོས་ཏེ་གསོལ་ནས་མཚན་ཨོ་རྒྱན་སྐྱབས་སུ་གསོལ་ལོ། ད་ཁྱོད་རང་ཚོས་བུ་ཆུང་གཙང་སྦྲ་ལེགས་པར་གྱིས་ལ་གྲིབ་ཀྱིས་མ་ཕོག་པ་གྱིས་དང་འདི་ལ་བདག་པོ་ཞིག་ཡོད་གསུངས།
      དེ་ཙམ་ན་ཁྱེའུ་རང་གི་ངག་ནས་ཀྱང༌། ང་འདུག་ས་དེ་ཤུག་པ་མང་པོ་ཡོད་པ་ཞིག་ཡིན། ང་དེ་ན་བླ་མ་བྱེད་དགོས་ཟེར། རེ་འགར་ང་བླ་མ་ཡིན་ཁྱོད་རྣམས་ལ་དབང་བསྐུར་ཟེར་ནས། ཤིང་བུ་རེ་མགོ་ཐོག་ཏུ་འཇོག་པ་དང༌། ཕྱག་དབང་བྱེད་ཚུལ་དང་ཁྱིམ་མཚེས་ཕན་ཚུན་ལ་འབུལ་སྡུད་སློང་ཚུལ་ལ་སོགས་སྐྱེས་བུ་དམ་པའི་རང་རྟགས་ཀྱི་མཛད་པ་བཟང་པོ་ཅི་ཡང་བསྟན་ཏེ། ལན་ཅིག་ཨ་ཁུ་སྤང་མོ་བྱ་བའི་ཁང་ཁ་རུ་བྱིས་སྦ་འགའ་རེ་དང་ལྷན་དུ་རྩེད་མོ་ལ་གཡེང་སྐབས་སུ། རྡོ་ལེབ་ཞིག་གི་ཐོག་ཏུ་ཞབས་བཞག་པས་འབྱར་བའི་སྣང་བ་བྱུང་ནས་སྐྲག་སྟེ། ཡབ་ལ་སྦྲོན་ནས་ང་ཡི་རྐང་པ་ལ་རྡོ་འབྱར་བྱུང་སྨྲས་པས། ཡབ་ཀྱང་བལྟ་རུ་ཕྱིན་པས་རྡོ་ལ་ཞབས་ཀྱི་ཕྱི་རྟིང་གི་རྗེས་གསལ་བར་དོད་པར་གདའ། དེ་གཞན་ལ་གསང་སྟེ་ཁྱིམ་དུ་སྦས་སོ། །ཡང་རེས་ཤིག་བྱིས་སྦ་འགའ་དང་མཉམ་པོར་རྩེད་མོར་སོང་ཚེ་ལོ་ལྗང་གི་གསེབ་ཏུ་སྦྲུལ་ཞིག་འགྲོ་བར་སྣང་བས། དེ་ལ་རྡོ་ཞིག་འཕེན་སྙམས་ནས་རྡོ་བླངས་པ་ལ་མཐེ་བོང་གི་རྗེས་ཡོད་པ་ཞིག་སྣང༌།
      དེ་ཙམ་ན་མི་ཀུན་གྱིས་སྤྲུལ་སྐུ་ཡིན་པའི་ཁ་མར་སྨྲ་བ་དང་ལེགས་པའི་བྱ་བ་བཤད་པས། སྒུར་སྐྱང་སྤྲུལ་སྐུ་བསྟན་པ་འབྲུག་གྲགས་ཀྱིས། ཞང་ཞུང་གི་ཇུ་ཏིག་བཏབ་ཚེ། མོ་པྲའང་ལེགས་པར་ཤར་བས་བསྟན་པ་ལ་ཕན་ཐོགས་པའི་རིགས་རེད་པས། འུ་བུས་གདན་དྲང་ན་ལེགས་སོ་དགོངས་ནས། གྲྭ་བ་གཅིག་བལྟ་རུ་ཕྱིན་པ་ལ། ཡབ་ཀྱི་བསམ་པ་ལ་སྒུར་སྐྱང་གིས་བླུས་ན་སྟོབས་ཆེ་བར་འདུག་པ་ལེགས་འདུག་སྙམས་ཀྱང༌། ཁྱེའུ་རང་གིས་ང་དེར་མི་འགྲོ་ང་ཡི་དགོན་པ་མདའ་ཆེན་ཡིན་ཟེར་ནས་མི་དགའ་བའི་ཚུལ་བསྟན། དེ་ནས་དེ་ལྟར་ཟེར་བ་གོ་བ་དང་འདི་ནས་སྐྱང་ཚང་དབོན་པོ་གཡུང་དྲུང་གཙུག་རྒྱན་གྱིས། བླ་མ་གོང་མའི་ཕྱག་སིལ་དང༌། གཞན་དེ་ལས་མཛེས་པའི་སིལ་སྙན་ཞིག་དང་གཉིས་ཁུར་ནས་བྱུང་སྟེ། གནས་ཚང་དུ་སླེབས་སུ་ཉེ་བའི་སྔོན་དུ། ཁྱེའུས་ཀྱང་དེ་རིང་ང་ཡི་བདག་པོ་འོང་གིན་ཡོད་ཟེར་བ་ལ་ཁོ་སླེབས་མ་ཐག་ཏུ་ཨ་ཁུ་ཟེར་ཞིང་དགའ་དགའ་བྱས་ནས་ཁོ་ཡིས་བང་དུ་སོང༌། ད་ངེད་གཉིས་ཕྱིར་དགོན་པ་ལ་འགྲོ་ཟེར་བས་ཁོ་རང་ཡང་ཡིད་ཆེས་པས་ངུ་བྲོ། དེ་ཚེ་ཡབ་ཀྱིས་ཁོང་ལ་ངོ་མི་ཤེས་པ་གང་ནས་ཡིན་ཅིའི་དོན་ལགས། ཞུས་པའི་ལན་དུ་ཡིན་ལུགས་ཀྱི་རྒྱུ་མཚན་གསུངས་ཤིང༌། སིལ་སྙན་གཉིས་པོ་ཕྱུང་ནས་བུ་ཆུང་ལ་བསྟན་ཏེ་ཁྱོད་ཀྱི་སིལ་སྙན་གང་རེད་ཞུས་པས། བླ་མ་གོང་མའི་ཕྱག་སིལ་རང་བླངས་ནས་ང་ཡི་སིལ་སྙན་འདི་ཡིན་གསུངས། དེ་ནས་བླ་མ་སྤྲུལ་སྐུ་ནམ་མཁའ་བསྟན་འཛིན་གྱི་སྐུ་ཡིན་པའི་ངེས་ཤེས་སྐྱེས་ཏེ་སླར་ལོ་ངོ་ལྔ་ཡི་ཐོག་ཏུ་དགོན་པར་སྤྱན་དྲངས་ཏེ་ཡར་ལམ་ཕག་རྒོད་གནས་ལ་སོགས་ནས་སྐུ་ཁྲུས་གསོལ། དེ་ནས་གོང་མའི་གདན་སར་སླེབས་པའི་ཐོག་མར་སྲེ་ཆེ་ལ་ཐོག་ཏུ་ཉི་མ་རྩེ་ཤར་དང་འཕྲད་པས། ལུང་པར་འཇའ་སྤྲིན་དུམ་དུམ་འཁྲིགས་ཚེ་སྐྱང་ཚང་དབོན་པོ་ཁོང་གི་བསམ་པ་ལ་གཟའ་ཡི་ཆོ་འཕྲུལ་འདྲ་ཡིན་ནམ་བསམ་སྟེ། རྣམ་འཇོམས་དང་གེ་ཁོད་སོགས་ཀྱི་བསྙེན་པ་བགྲང་བས་དེ་ལྟར་མ་ཡིན་པར་འཇའ་ཚོན་དུ་སྣང་ངོ༌། །ཕེབས་ལམ་དུ་སྔོན་གྱི་ཡོན་བདག་གཅིག[གིས]ཞིང་རྨོ་ཞིང་ཡོད་པ་ལ། ཁྱོད་ཡོན་བདག་པདྨ་རེད་གསུངས་ནས་ངོས་བཟུང༌། དགོན་ཁག་ཀུན་ཀྱི་བླ་གྲྭ་རྣམས་ཀྱིས་དར་གདུགས་རྔ་གཤང་ལ་སོགས་མཆོད་རྫས་ཅི་སྙེད་པ་བསྣམས་ནས་མདུན་བསུས་ཏེ། གདན་སར་ཆགས་ཕེབས། ཐམས་ཅད་ཀུན་ལ་སྔར་འདྲིས་ཀྱི་མི་ལྟར་དགྱེས་དགྱེས་མཛད་ཅིང་རེ་འགར་འདི་ངོ་མི་ཤེས་གི་གསུངས་ཞིང་ཕྱག་དབང་སོགས་ཐོགས་པ་མེད་པར་གནང་བར་མཛད་དོ། །དེ་ནུབ་དེར་ཡབ་དང་མཆེད་ཟླ་རྣམས་ཀྱི་ཟུར་དུ་མི་བཞུགས་པ། སྒོ་ཕྱི་ནང་ཀུན་ལ་བལྟ་ཉུལ་མཛད་པས། ངའི་གུར་གྱི་ཀ་ར་མི་སྣང་ཟེར་ཞིང་ངུས་པས། གྲྭ་པ་རེ་འགས་སྔོན་གྱི་གཟིམ་གུར་གྱི་ཀ་ར་འཐོར་བུ་རེ་ཁྱེར་ནས་བསྟན་པ་ལ་དགའ་བ་མཛད། གྲྭ་རྒན་བརྩོན་འགྲུས་དབང་ལྡན་ཞེས་པ་ལ་འཇུས་ནས། ཨ་ཁུ་ཁྱོད་དུང་ཆེན་འབུད་པ་ལ་བཟང་པས་དུང་ཆེན་ཞིག་བུས་དང་གསུངས། དེ་ཚེ་གྲྭ་རྒན་ཁོང་སྙིང་ཁུང་རུས་པའི་གཏིང་ནས་དད་པ་སྐྱེས་ཏེ་མིག་ནས་མཆི་མ་འཁྲུག་ཅིང༌། འ་བོ་དེ་བདེན་སྔོན་བླ་མ་གོང་མའི་དུས་སུ་དུང་ཆེན་འབུད་མཁན་ང་ཡིན་ཟེར། དེ་ཚེ་ཀུན་ནས་ཤིན་ཏུ་ཡིད་ཆེས་པའི་དད་པ་སྐྱེས་ཏེ་ངོ་མཚར་ཆེ་བའི་གླེང་བརྗོད་གྲགས་པས་ས་ཆེན་ཁྱབ་པའི་བཀུར་བསྟི་དང་བསྔགས་བརྗོད་བྱས་སོ།།
      དེ་ནས་སྤྲུལ་སྐུ་ཚེ་དབང་བསྟན་འཛིན་གྱིས་དགེ་བསྙེན་གྱི་སྡོམ་པ་ཕོག མཚན་བསོད་ནམས་བསྟན་འཛིན་དུ་གསོལ། སྤྱི་འདུལ་ཡི་དམ་རྒྱ་མཚོའི་དབང་བསྐུར་ཞིང་བྱིན་གྱིས་བརླབས། དེ་ལྟར་སྐུ་སྐྱེ་བ་བཞེངས་ཚུལ་གྱི་ལོ་རྒྱུས་ཟུར་ཙམ་མོ།།

སྔོན་ནས་བསགས་པ་བཟང་པོའི་ཆུ་གཏེར་ལས།།
ལེགས་འཁྲུངས་ངོ་མཚར་བསམ་འཕེལ་དབང་རྒྱལ་ཉིད།།
གདུལ་བྱ་སྤྱི་མཐུན་ལས་ལས་གྲུབ་པས་ཕུལ།།
ལྷར་བཅས་ཆེ་རྒུའི་གཙུག་ཏུ་ལྷག་པར་མཛེས།།

དམ་པའི་རང་གཤིས་ཟབ་ཡངས་ལྷ་ལམ་ལས།།
སུམ་བརྒྱ་དྲུག་ཅུའི་ཡེ་ཤེས་འོད་སྟོང་ཅན།།
གྱེར་བསྟན་ཤར་རིའི་ཕྲག་གོང་ངོམས་པའི་མོད།།
ཀུན་ན་དགེ་བའི་པད་ཚལ་བརྟས་འདི་རྨད།།
                  ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་དེ་སྨྲས་པའོ།།

55.jpg
སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་ཕྱག་མཛུབ་དང་བསང་ཆབ་ཀྱི་ཤུལ།

      གཉིས་པ་ནི། མཚན་ལྡན་གྱི་སྐྱེས་བུ་དམ་པ་གང་དེའི་ཐུགས་དམ་ནི་གཞི་དད་པ་དང་ངེས་འབྱུང་ལམ་བཤེས་གཉེན་དམ་པའི་རྗེས་སུ་འཇུག་ཅིང་བསླབ་བྱ་ཅི་ཡང་ཚུལ་བཞིན་དུ་ལྷུར་ལེན་པར་གཅེས་སྤྲས་ཁོ་ན་ལགས་སོ། དེ་ཡང་ཐོག་མར་དགུང་ལོ་དྲུག་གི་སྟེང་དུ་ཡི་གེའི་སློབ་དཔོན་ཁ་ཡག་ལྷུན་གྲུབ་འོད་ཟེར་བསྟེན་ཏེ། དེ་ཚེ་སྔོན་གྱི་ཡོན་ཏན་ནི་ལུས་འབྱུང་གྲིབ་དང་མངལ་གྱི་མནོལ་གྲིབ་ཀྱིས་བསྒྲིབས་པས་ཡི་གེ་ལོབ་དཀའ་མོ་བྱུང་སྟེ། སྐབས་སུ་དཀའ་ཚེགས་ཀྱིས་སུན་དུས་ངང་གིས་བྱམས་སེམས་ཀྱི་རིགས་སད་ནས། བདག་རང་འདི་ལྟར་གཞན་ལ་སློབ་དཔོན་དུ་གྱུར་དུས། ཁྲོ་བའི་རྣམ་འགྱུར་རམ་སྡང་ཚིག་ཏིལ་འབྲུ་ཙམ་མི་བྱེད་སྙམ་པའི་དམ་བཅའ་བརྟན་པོ་ཡིད་ལ་བཞག་པ་ཡིན་ཏེ། སློབ་དཔོན་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་དལ་བུར་ཡུན་རིང་དུ་ནན་ཏན་ཟབ་པའི་དྲིན་ཡིན་གསུངས། ཕྱིས་སུ་བྱིས་པ་དང་སྐྱེ་དམན་གྱི་རིགས་ཤེས་དམན་གང་ལ་སྡང་ཚིག་མི་གསུངས་ཞིང་འཇམ་པའི་བྱམས་ཀྱིས་སྐྱོང་ཤེས་མཛད།
      རེ་ཞིག་ན་དགོན་པའི་ལྷ་གཉེར་གྲྭ་རྒན་ཞིག་ཡོད་པ་དེས་སེམས་ཕྱོགས་ཀྱི་གོ་དོན་ཕྲ་བུ་རེ་བཤད་པ་ལ་ཡིད་མོས་པས། ཉིན་ཞིག་ན་ཁོང་གིས་ཨ་ཁུ་ལགས། ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་ཟེར་བ་དེ་འདི་ཙུག་ཨེ་རེད་སྨྲས་པས། ཁོང་མི་དགའ་བའི་དུས་ཤིག་དང་འཕྲད་ནས་དེ་ཁྱོད་ཀྱིས་མི་ཤེས་བཤད་ཀྱང་མི་ཉན་ཟེར། དེ་ལ་རང་ཁྲོས་ནས་ཉིད་ཀྱིས་མ་བཤད་ཀྱང་ངས་ཤེས་སྨྲས་པས། འོ་ན་ཅི་ཞིག་རེད་ཟེར་བ་དང༌། སྤྱན་ཤངས་ཀྱི་ཟོམ་ལ་ཕབ་སྟེ་ཕྱག་མཉམ་པར་བཞག་ནས་འདི་ཞིག་ཡིན་བྱས་པས། ཁོང་ཡང་མཚར་བ་ལྟར་བྱས་གསུངས། ཡང་རེ་ཞིག་ན་ཁོང་ཉིད་ལ་ཕྱོགས་པའི་བུ་ཆུང་འགའ་གཅེར་བུར་བུད་ནས་ཆུ་ལ་རོལ་རྩེད་བྱེད་ཅིང་ཉིད་ཀྱང་གཅེར་བུར་བུད་ཞུས་པ་ལ། ངས་སྡོམ་པ་བསྲུང་བས་གཅེར་བུར་མི་འབུད་གསུངས། ཁོ་ཅག་ཀུན་གྱིས་སྡོམ་པ་ཟེར་བ་ཅི་རེད་གཅེར་བུར་བུད་ན་ཅི་སྐྱོན་ཟེར་བའི་ལན་དུ། ངས་ལུས་ཐམས་ཅད་གཅེར་བུར་འབུད་པ་ལྟ་ཞོག རོ་སྟོད་ཀྱི་དཔུང་བའི་ཚུན་ཆད་ཤ་རྗེན་དུ་བསྟན་མི་རུང༌། བསྟན་ན་རང་ངོ་ཚ་ལ་ལྷ་ཡང་མི་དགའ་གསུངས་སྐད། དེ་ལྟར་ཆུང་དུས་ནས་བག་ཡོད་བརླིང་པོའི་ཆེ་ཚུལ་བཟུང་ནས་སྐྱེས་བུ་དམ་པའི་རང་གཤིས་འབའ་ཞིག་གི་ལྷུར་བླ་མ་དགེ་འདུན་དང་རྒན་པ་རྣམས་ལ་གུས་པ་ཆེ་ཞིང། ལྷག་པར་ཡོངས་འཛིན་དེ་ཉིད་ལ་རབ་ཏུ་མོས་པས་ཅི་གསུང་དང་དུ་ལེན་ཞིང་ཀུན་གྱི་སྙིང་ལ་ངོ་མཚར་སྟེར་བའི་སྤྱོད་པ་རང་མཛད་པས། མི་ཀུན་གྱིས་བཀུར་སྟིའི་གནས་སུ་གྱུར་བའོ།། དགུང་ལོ་བཅུ་དྲུག་བཞེས་ཚེ་ལྷ་ལྡན་དག་པའི་ཞིང་གི་གྲྭ་ས་བསྐོར་དུ་ཕྱིན་ཏེ། ཡར་ལམ་ཁྱུང་པོའི་རྩེ་དྲུག་ཏུ་སངས་རྒྱས་གླིང་པའི་སྤྲུལ་སྐུ་སོགས་དཀར་ནག་སེར་གསུམ་གྱི་བླ་མ་དང་རྟེན་འགངས་ཆེན་རྣམས་ལ་མཇལ། གྲོགས་ན་རེ་ནས་སྔོན་དུ་ལྷ་སར་འགྲོ་ཟེར་རུང་གནས་ཀྱི་གཙོ་བོ་དམ་པ་སངས་རྒྱས་ཐུགས་སྤྲུལ་བོན་རི་ཆེན་པོ་ཡིན་གསུངས་ནས། རྩེ་གཅིག་དད་པའི་སྒོ་ནས་དེར་ཕེབས།
      སྟག་རྩེ་རི་ཁྲོད་དུ་སྤྲུལ་སྐུ་རྒྱལ་བ་གཙུག་ཕུད་དང༌། འགྲོ་མགོན་ཚེ་དབང་མཆོག་ལེགས་རྣམ་པ་གཉིས་ལ་དབང་ལུང་འབྲེལ་བ་རེ་དང་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་མནོས་ནས་མཚན་གཡུང་དྲུང་གཙུག་རྒྱན་དུ་གསོལ། རྗེ་མཚུངས་མེད་འགྲན་བྲལ་ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་དགོན་ཆེན་དཀར་མོ་སྲིད་རྒྱལ་གྱི་མདུན་དུ་གསོལ་ཁ་འབུལ་དུ་ཕེབས་འདུག་པ་ལ་ནངས་པ་སྔ་མོ་ཞིག་ཏུ་ཞལ་མཇལ་ལ་ཕྱིན་ཚེ། བླ་མའི་ཞལ་ནས་བསང་རབས་ཀྱི་བོན་ཉིད་ངང་ལས་ཐུགས་རྗེ་རོལ་པའི་སྐུ། གསུང་པ་དང་འཕྲད་པས་ཧ་ཧ་རྟེན་འབྲེལ་ལེགས་པས་དོན་གཉིས་ཕུན་སུམ་ཚོགས་པའི་སྐྱེས་བུ་དམ་པ་ཞིག་ངེས་པ་ལགས་སོ་གསུངས། དེ་རྗེས་དགོན་ཆེན་ན་མ་ཏྲི་སྒྲུབ་གནས་སུ་ཁོང་ཉིད་ཀྱིས་མ་ཏྲིའི་ནང་དབང་རྒྱས་པ་འདི་སྐྱང་ཚང་བླ་མ་ཉིད་ལ་བསྐུར་བ་ཡིན་གྱི། སང་ནངས་པར་ཕྱི་དབང་ཉིད་ཀྱིས་བསྐུར་དགོས། དེར་མ་ཟད་ཕྱིན་ཆད་གཞན་ཀུན་ལའང་དབང་བསྐུར་བའི་བཀའ་ཡི་ཆབ་དབང་རྟགས་ཀྱི་ཅོད་པན་གཏད་ནས་མངའ་གསོལ་བར་མཛད། དེ་ནས་རྩ་བའི་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་ཐུགས་དང་དབྱེར་མེད་པར་རྗེས་སུ་བཟུང་ནས། སེམས་དཔའ་ཟླ་བ་གྲགས་པའི་སྤྲུལ་སྐུ་དང་བདག་གཉིས་ལ་ཟླ་བ་གཅིག་གི་བར་དུ་ལུང་གནང། གཞན་དབང་ཞུ་མི་མང་ཡང་ནང་དུ་མ་ཆུད། ཁྱོད་ཀྱིས་བརྒྱུད་རིམ་བྲིས་དང་ཤོག་གུ་གནང་གསུངས། རེས་ཤིག་ན་ནངས་པར་བླ་མ་ལ་ཁྲིད་ཞུ་དགོས་པའི་ནུབ་མོར་བདག་གི་རྨི་ལམ་དུ་མེ་ཏོག་སིལ་མ་མང་པོ་ཆར་དུ་བབས་པས། བོན་རིའི་དགོན་ཆེན་ཕན་ཚུན་ཀུན་ནས་ཡོད་པ་ལ་ཤིན་ཏུ་ཉམས་དགའ་བ་ཞིག་བྱུང་སྟེ་མེ་ཏོག་སྤར་གང་རང་གིས་ཀྱང་བཟུང་ཡོད་པར་རྨིས། དེ་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་གནང་སྟེ། རྒྱལ་བའི་ཕྱག་ཁྲིད་ཀྱིས་ཁྲིད་བཏབ། བཀའ་རྒྱུད་སྐོར་བཞི་རྒྱབ་སྐྱོར་དུ་གནང༌། མཚན་ཡང་ནམ་མཁའ་རྒྱལ་མཚན་གསོལ། ཞང་ཞུང་མེ་རིའི་དཔེ་ཆ་ཆ་ཞིག་གཡར་ནས་ཉིད་ཀྱི་ཡི་དམ་འདི་གྱིས་གསུངས་སོ། །དེ་ལྟར་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་དམ་པ་གང་དེའི་ཐུགས་རྗེ་ལྕགས་ཀྱུས་རང་བཞིན་དུ་བཟུང་བ་མ་གཏོགས། རང་གིས་དེ་དག་ཇི་ལྟར་ཡིན་གྱི་ཆ་ཡང་མ་ཆོད། ཐུགས་ཟིན་གྱི་ཞབས་ཏོག་དང་འབུལ་བ་ནི་ཅི་ཡང་མེད་དེ་སྔོན་གྱི་ལས་འབྲེལ་བཟང་པོའི་སྨོན་ལམ་གྱི་མཐུ་བརྟས་པ་ལས་འགྲུབ་པ་ལགས་པས། དེ་ཡང་སེམས་ཚོལ་སྐབས་སུ་བླ་མ་ལ་ཞུས་པ། རང་རེའི་སེམས་ཟེར་བ་མི་དྲན་དགུ་དྲན་མཁན་འདི་རང་ཡིན་པར་འདུག་ཀྱང༌། འདི་ལ་མཐོང་རྒྱུ་ཅི་ཡང་ཡོད་རྒྱུ་མིན་པ་འདྲ་བསམ་ཞུས་པས། བླ་མའི་ཞལ་ནས་ཀ་འདྲ་བ་ཞིག་ཡིན་མོད། མཐོང་རྒྱུ་མེད་རུང་ཉམས་སུ་ལེན་རྒྱུ་ཞིག་ཡོད་པས་དེ་ལ་ནན་ཏན་རེམ་དགོས་གསུངས། གནས་འགྱུ་རིག་གསུམ་སོགས་ངོ་སྤྲོད་ལེགས་པར་གནང༌། དེ་ག་ན་ཞག་བརྒྱ་ཙམ་ལ་མཚམས་སྒོ་སྡོམ་ནས་ཉམས་སུ་བླང་བ་ཙམ་བྱས་པས་སེམས་ངོ་ཡང་ཚིག་ཐོག་ཏུ་ངོ་ཤེས་པ་ཙམ་བྱུང་བས་ཁོ་བོ་ན་ཆུང་བ་དང་ཐོས་པ་ཕྲ་བའི་སྟབས་ཀྱིས་ཡིད་ཆེས་སྔ་སྟེ་ད་ནི་ཤེས་སོ་སྙམ་པ་ཞིག་བྱུང་གསུངས། དེ་ནས་བླ་མའི་བཀའ་ལས་ཁྱོད་རང་འདིར་བཞུགས་ནས་ཉམས་ལེན་མཛད་ན་ལོ་མཚམས་གཅིག་དམ་པོར་གྱིས། ཡབ་ཡུལ་དུ་ཕེབས་ན་དེ་རུ་ལོ་གསུམ་ལ་མཚམས་སྒོ་བསྡམ་ལ་ཉམས་སུ་ལོངས། དེ་ནས་རང་གིས་རང་ལ་བསྐུལ་མ་འདེབས་ཤིང་ཡིད་ཆེས་པ་ཞིག་འབྱུང་ངོ༌། །ལར་རང་ཡིད་རང་ལ་ཆེས་པ་ཞིག་མ་བྱུང་གི་བར་དུ་བརྩོན་འགྲུས་གྱིས་སོགས་གསུངས་ནས་ཞལ་གྱི་མན་ངག་གནང༌། དེ་རུ་སྡོད་པ་མ་གྲུབ་སྟེ་ཡར་གཙང་གནས་བསྐོར་ནས་ཧོར་གྱི་ཐ་གྲུ་རུ་ཕྱིན་ཞིང་རང་ཡུལ་དུ་སླེབས་དགོས་པའི་དྲན་པ་སྐྱེས་ཏེ་བླ་མ་ལ་དགོངས་པ་ཞུས་ནས་མེ་ཏོག་སྨོན་ལམ་མཛད། དེར་ཡང་བླ་མའི་ཞལ་ནས་ད་ནི་ཉིད་ཀྱང་ཧོར་སོགས་བཞུགས་བསྐྱོད་མཛད་ཀྱང་དཀོར་རྫས་འབྱོར་ཡོང་སྟེ། འབྱོར་བའི་དུས་སུ་ཚོགས་སུ་གཏོང་མ་ནུས་ན་དཀོར་གྱིས་ཚུར་ཟ་འོང་བས། དེ་ལྟར་མ་མཛད་པར་དུས་ནམ་ཀུན་ཏུ་དགེ་སྦྱོར་ལ་རེམས་ཤིག་གསུང་བའི་ཞལ་ཏ་དམ་པོའི་བསླབ་བྱ་རྒྱ་ཆེར་སྟོན་པར་མཛད་དོ།།
      དེ་ནས་ཧོར་ལ་ཕེབས་ཏེ་ཧོར་བོན་མཁས་པ་བྱ་རིག་ཚེ་བརྟན་ལ་ཀུན་རིག་ལ་སོགས་གསང་སྔགས་ཕྱི་ནང་ལག་ལེན་དཀྱིལ་འཁོར་སོགས་དང། སྨན་སྦྱོར་སོགས་བསླབ་པས་ཤེས་རབ་ཀྱི་སྒོ་ཅུང་ཟད་ཕྱེ་བས་ཀུན་ནས་བསླབ་འདོད་པ་འགའ་བྱུང་ཡང་དབུས་དང་གཙང་གནས་རགས་ཙམ་བསྐོར་ཏེ། གཤེན་དར་སྡིངས་ན་དགེ་རྒན་བཟོད་པ་ལ་མཇལ་ནས་སེམས་ཕྱོགས་ཀྱི་དབང་ལུང་འགའ་ཞུས། དེ་དུས་བླ་མའི་བྱིན་རླབས་ཞུགས་པའི་རྟགས་སུ་ཉམས་དགའ་བ་བདེ་དྲོད་སྐྱེས་པའི་སྣང་བ་བྱུང༌། དེའི་ཕྱིན་ཆད་འཇིག་རྟེན་ཀུན་མི་རྟག་པར་གོ་སྟེ་རང་གཅིག་པུར་རི་དྭགས་ཀྱི་བུ་བཞིན་དུ་བྱ་བྲལ་ཞིག་བྱེད་ན་ཅི་མ་རུང་སྙམ་པའི་འདུན་པ་ཡང་ཡང་ཤར་ཡང༌། ཡབ་ཡུལ་གྱི་བླ་མ་སློབ་དཔོན་ལ་དམ་བཅའ་ཡོད་པའི་དབང་གིས་མ་གྲུབ་པོ། སླར་ཡང་ཁྱུང་པོ་རྩེ་དྲུག་བསྐོར་ནས་བྱང་ལམ་ལ་བརྒྱུད་དེ་རང་ལོ་ཉེར་གཅིག་ཐོག་ཏུ་རང་དགོན་དུ་སླེབས་སོ།། དེ་སྐབས་སུ་རྗེ་འདི་ཉིད་ཐེག་པ་ཆེན་པོའི་རིག་སད་དེ་སྡེ་སྣོད་རྒྱ་མཚོར་ཐོས་བསམ་གྱི་འབད་པ་ཆེན་པོ་ཡེ་མ་དགོས་པར་རང་ཤུགས་སུ་ཕྱི་གྲོལ་ནང་གྲོལ་དུ་གྱུར་ནས་ལུང་རིགས་ཀུན་ལ་ཐོགས་མེད་སྨྲ་བའི་ཁྱུ་མཆོག་ཏུ་ངེས་པ་ལགས་སོ།།

ཤེས་རབ་སྤྱན་ལྡན་རིག་པའི་ཀུན་དགའ་འོད།།
དལ་འབྱོར་གྲུར་ཞུགས་སྡེ་སྣོད་གཞུང་བརྒྱའི་མཚོར།།
བསྒྲལ་ནས་སུམ་ལྡན་བླ་མ་གཤེན་ལྷའི་དྲུང།།
ཕུན་ཚོགས་བརྒྱ་ལྡན་སྐུ་གསུམ་ནོར་བུ་བླངས།།
 

སྡོམ་གསུམ་ངུར་སྨྲིག་རྒྱལ་མཚན་འཛིན་པའི་རྩེར།།
འཕྱར་བས་ཉོན་མོངས་མདའ་ལྔ་པ་ལས་རྒྱལ།།
བདག་གཞན་མཉམ་བརྗེ་རླབས་ཆེན་བྱེད་པོ་ལས།།
འཇིག་རྟེན་སྐྱིད་བདེར་སྦྱོར་ནུས་གཞན་ཡོད་མིན།།
                  ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

44.jpg

མདའ་ཆེན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་།

      གསུམ་པ་ནི། སྐྱེས་བུ་དམ་པའི་རིགས་ཀྱིས་ཆུང་དུས་ཐོས་བསམ་གྱི་སྒྲོ་འདོགས་རྣམ་དག་ཏུ་ཆོད་ནས་གཞན་དྲིང་མི་འཇོག་པ་རང་ལ་དབང་འབྱོར་དུ་གྱུར་པ་སྒོམ་སྒྲུབ་ཀྱི་དོན་ལ་སྒོ་གསུམ་ཆིག་དྲིལ་དུ་ཐུགས་དམ་ཆུ་རྒྱུན་སྐབས་མེད་དུ་སྐྱོང་ཞིང་གནས་པ་ཟང་མ་ལགས་སོ། །དེ་ཡང་རང་དོན་དུ་ཐོས་བསམ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ནི་ཨ་ཅང་སྟེ། མཐར་ཐུག་གི་གནས་ལུགས་ཇི་ལྟ་བ་ཉིད་མངོན་དུ་གྱུར་དགོས་པ་ནི། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཡི་དོན་ཚང་པའི་སྒོ་ནས་ཉམས་སུ་ལེན་པ་ལ་རག་ལས་པའི་ཕྱིར། སྤང་སྒྱུར་གྲོལ་གསུམ་གྱི་ལམ་སྟེ། བྱང་ཆུབ་ལམ་གྱི་རིམ་པ་དང༌། གསང་སྔགས་ལམ་གྱི་རིམ་པ་དང༌། སེམས་ཕྱོགས་ལམ་གྱི་རིམ་པ་དང༌། ལམ་བཏགས་པ་བ་བླ་མེད་ལམ་གྱི་རིམ་པ་ལ་བརྟེན་ནས་རིམ་བཞིན་དུ་བགྲོད་དགོས་པ་ཡིན་པས་ཞང་ཞུང་སྙན་རྒྱུད་ཀྱི་འཁྲུལ་འཁོར་དང་འོད་གསལ་སོགས་ཐུགས་ཉམས་སུ་བཞེས་ཏེ། སྐབས་སུ་འཇིག་རྟེན་འདིར་སྣང་གི་ཁ་ལེན་ངོ་སྲུང་གི་འཁྲི་བ་རྣམས་བཙན་ཐབས་སུ་བཅད། ལྷག་པར་ཡོན་བདག་གི་འབུལ་བ་ལའང་ཟས་དང་གོས་ཀྱི་དངོས་པོ་ཙམ་མ་གཏོགས་རྟ་ནོར་གསེར་དངུལ་ལ་སོགས་སྤྱོད་ཆའི་རིགས་ཅི་ཡང་མི་བཞེས་པ་ལོ་བཅུར་དམ་བཅའ་མཛད། ཡི་དམ་མེ་རིའི་སྒྲུབ་པ་མཛད་ཚེ་བུམ་ཆུ་འཕེལ་བ་དང༌། རྔ་ལ་མེ་འབར་ཞིང་མེ་ལྕེས་སྒྲུབ་ཁང་གང་བ་ལྟ་བུ་ཞིག་བྱུང༌། ལོ་བཅུའི་འཕྲོ་ནས། ནོར་བླང་ན་ཇི་ལྟར་བྱས་ཀྱང་བཞོ་ཤེ་བཤས་ཚོང་སོགས་མ་དག་པའི་རྩ་བར་འགྲོ་འདུག་གསུངས་ནས་མ་བཞེས། གཞན་རྟ་དང་སྤྱོད་ཆ་གསེར་དངུལ་གང་བྱུང་བླངས་ནས་ཚོགས་སྦྱོར་རྣམ་པར་དག་པར་བཏང༌། མཚོན་ཆའི་རིགས་རྣམས་བརླགས་ནས་ལྷ་རྫས་དང་འཁོར་ལོའི་སྲོག་ཤིང་སོགས་མཛད། ལྷ་འདྲེ་མི་མ་ཡིན་རྣམས་འཁྲུལ་བ་རང་སར་ཞི་ནས་རྣམ་དཀར་དགེ་ལ་གཟུད་པའི་ཕྱིར་དུ། གསང་གཅོད་ཡིད་བཞིན་ནོར་བུའི་སྒོ་ནས་རི་བརྒྱ་དང་ལྔ་བཅུ་ཙམ་ལ་འགྲིམ།
      ཞར་བྱུང་དུ་བོན་འདི་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པས་ཇི་ལྟར་སྤྱད་ཀྱང་འཛད་མེད་རྒྱ་མཚོ་ལྟ་བུ་ཡིན་ཕྱིར་བོན་སྒོ་གང་ཡང་མ་འགག་པའི་ཚུལ་དུ་འགྲོ་བ་རང་མཐུན་གྱི་སྣང་ངོར་ཕན་པའི་ཐབས་སུ་མོ་རྩིས་སྨན་དང་གཏོ་དཔྱད་སྣ་ཚོགས་གང་ལ་གང་འདུལ་མཛད་ནས་འགྲོ་རྣམས་འཁྲུལ་སྣང་གི་དུཿཁ་སེལ་ཞིང་འཕྲལ་གྱི་དགའ་བདེར་སྦྱོར་བ་མོས་སྤྱོད་ཀྱི་ས་དང་གོང་ནས་གོང་འཕེལ་དུ་བཀྲི་བའི་ཚུལ་མཛད། ཁྱད་པར་ཡུལ་འདིར་སྔོན་སྲོལ་ངན་པ་སྔགས་ནག་པའི་ལུགས་ལ་མུ་སྟེགས་རིགས་སུ་གོལ་ནས། སྲོག་གླུད་དམར་གཏོ་བྱེད་པ་བཀག་ནས་དགེ་སྡིག་གི་རྒྱུ་འབྲས་བསྟན། སྐྱ་བོ་རྔོན་པ་རྣམས་ཀྱིས་བྱ་གཅན་དང་རི་དྭགས་མི་བདའ་བའི་བཀའ་བསྒོས། རང་དགོན་དུ་དབྱར་གནས་དང་མང་ཇ་སོགས་ཀྱི་སྲོལ་བཟུང་ནས་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་ཀྱི་སྐྱོན་ཡོན་བསླབ་བྱ་རྣམས་ཞིབ་རྒྱས་སུ་གནང༌། རིས་མེད་འགྲོ་བ་ཡོངས་ལ་ཐུགས་རྗེ་བྲི་བཀོལ་མེད་པར་དབང་ལུང་ཆུ་བོའི་རྒྱུན་བཞིན་དུ་བསྩལ་ནས་སྐལ་ལྡན་རྗེས་འཇུག་རྣམས་ལ་མན་ངག་གིས་གནད་བཀྲོལ་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་པ་ལ། རེ་ཞིག་ན་སྣང་བྱེད་ཉི་མ་ཤར་ནས་ཡོངས་ལ་གསལ་བ་སྟེར་ཚེ་སྔོན་ལས་ངན་པའི་ཤུགས་ཀྱིས་སྲིན་བྱ་ལོང་བར་འགྱུར་བའི་དྭོགས་ཀྱི་རུ་ང་བ་བཞིན་དུ། གང་ཞིག་ཕལ་གྱིས་ལས་འཕྲོ་ངན་པའི་མཐུ་བརྟས་ཏེ་ནག་ཕྱོགས་བདུད་ཀྱི་རིགས་སུ་གྱུར་བ་འགའ་ཡིས་ལོག་ལྟ་བྱས། དེར་མཐུན་དུས་ཀྱི་མཐའི་དམག་རྒྱ་བེན་ཅོ་ཟེར་བའི་དམག་གཡོས་པས་ཡུལ་ཁམས་སྐྲག་ཏུ་བཅུག་པའི་སྐབས་སུ་རྗེ་ཉིད་ཀྱི་ཞལ་ནས་ད་ལན་འཁྲུག་པ་འདིའི་སྟོབས་ཀྱིས་ཡུལ་འདི་རེས་སུ་བོར་ནས་གནས་སྐོར་ཞིག་ཏུ་འགྲོ་གསུངས་ནས་རྒྱལ་མོའི་དམུ་རྡོའི་མདུན་ཕྱོགས་སུ་བྲོས་ཐབས་སུ་གཤེགས་བསྐྱོད་མཛད་ཚེ་དམུ་རྡོའི་གནས་བདག་སོགས་གཞི་བདག་རྣམས་ཀྱིས་བསུས་ནས་གུས་ཕྱག་མཆོད་འབུལ་སྣ་ཚོགས་བྱེད་པ་མངོན་སུམ་དུ་གཟིགས། ཁྲོ་ཆེན་རྒྱལ་བོའི་ཕོ་བྲང་ནས་བརྡ་དག་ཁུངས་ཐུག་གི་ཡི་གེ་སྤར་མ་པོ་ཏི་དྲུག་ཅུ་ཙམ་བླུས། ལྷག་པར་དུས་མཐའི་དམག་གི་ཁ་གནོན་དམ་པ་དམུ་རྡོ་ལྷ་གཉེན་ཡིན་དགོངས་ནས་དེ་རུ་བཞུགས་སྐབས་སུ། བསང་དང་མཆོད་པ་མཛད་ཅིང་ཞལ་ནས་མཐའ་དམག་བཟློག་པར་གྱུར་ཅིག་གི་སྨོན་ལམ་བཏབ། དེ་ཕྱོགས་སུ་སྔོན་ལས་འབྲེལ་བའི་ཡོན་བདག་སོགས་ཀུན་ལ་བཀའ་ཡི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་བཞུགས་པ་ན་བདེ་སྐྱིད་ཀྱི་ཁྲི་གདུགས་འབར་བར་མཛད། འབུལ་ནོར་བྱུང་ཚད་དེ་ཀའི་དགོན་སྡེ་རྣམས་ལ་སྦྱོར་འཇོག་དང་འབུལ་འགྱེད་དུ་བཏང་སྟེ། ཀུན་ནས་དྭངས་བའི་མོས་པ་དྲངས་བས་ངོ་མཚར་གྱི་གཟེངས་བསྟོད་གྲགས་པ་ལྷ་ཡི་དུན་དུ་བྷི་ལྟར་བསྒྲགས་པའོ།།

      སླར་རང་ཡུལ་དུ་ཕེབས་ཚེ་མཐའ་དམག་གདུག་པའི་ཁ་རླང་གིས་ཡུལ་གྱི་མི་རྣམས་བློ་ལོག་ཅིང་རྗེ་ཉིད་ལ་གཤེ་སྐུར་བཏབ་སྟེ་ཐུགས་དཀྲུགས་ཤིང་དགེ་སྦྱོར་ལ་བར་ཆད་བྱེད་པའི་མི་འགའ་ཡང་བྱུང༌། ཐུགས་རབ་མཁའ་ལྟར་ཡངས་པའི་སྐྱེས་བུ་དམ་པའི་རིགས་ལ་ཕས་ཀྱི་རྒོལ་བ་གང་གིས་ཀྱང་ཚུགས་པ་ལྟ་ཞོག་ལྷག་པར་ལྟ་དགོངས་གོང་འཕེལ་དུ་འགྲོ་བའི་རྒྱུ་རུ་འགྱུར་ཏེ་དཔེར་ན་ཤིང་ནགས་མེ་ཡིས་གཟན་པར་རླུང་ཆེན་ཕོག་ཚེ་སླར་ཇེ་ཆེ་རུ་མཆེད་པའི་སྡོངས་སུ་འགྱུར་བ་ལྟར། རྐྱེན་ངན་གྲོགས་སུ་གྱུར་ནས་མི་རྟག་གཤའ་མ་ཐུགས་རྒྱུད་ལ་འཁྲུངས་ཏེ་སྔོན་གྱི་ཕྱག་རྫས་ཡོད་ཚད་འདིའི་ཕྱོགས་ཀྱི་དགོན་སྡེའི་བླ་གྲྭ་རྣམས་ལ་འབུལ་འགྱེད་དང་སྤྱི་འཇོག་ཏུ་ཕུལ། ཐ་ན་གཟིམ་གུར་ཡོལ་བ་ལ་སོགས་པས་དར་ཅོག་བྱས། དེ་ལྟར་བྱས་པའི་མཐུ་དང་སྟོབས་ཀྱིས་དགེ་བའི་བར་ཆད་རྣམས་ཀྱང་རིམ་པར་ཞི་ནས་མིང་གི་ལྷག་མ་ཙམ་དུ་གྱུར་བ་ཡིན་གསུངས། ཞི་བའི་རྟགས་སུའང་མཚན་ལམ་དུ་སྔོན་གྱི་མི་ཁ་བྲ་མཆུ་དེ་ང་ཡིན་པས་ང་ཡི་ཁ་ལ་ཁྱེད་ཀྱིས་རྒྱ་གྲམ་དགུ་ཐེན་དང་ད་ནི་ང་འདི་རུ་མི་འདུག་བན་དེའི་དགོན་པ་ཞིག་གི་མིང་ཕྱུང་ནས་དེ་རུ་འགྲོ་འོ་ཟེར་སྐད་བྱུང༌། ཡང་རེ་ཞིག་ན་ཡུལ་ཕྱོགས་ཀྱི་རྒྱལ་འགོང་ཀུན་བཀའ་འོག་ཏུ་འདུས་ནས་དབང་ཞུ་བྱས་པ་དང༌། དར་ཙམ་ཤིག་ན་མོ་གདོན་ཐམས་ཅད་དམ་ལ་འདུས་ཏེ་ཕྱིན་ཆད་མི་གནོད་པའི་བྲོ་བོར་བཅུག་པའི་རྟགས་ཚད་མ་གྱུར་པ་ནི་རྡོ་ལ་སེན་མོས་བརྡ་ཡིག་བྲིས་ནས་མི་འགྱུར་བའི་བཀའ་རྟགས་སུ་བཞག་པ་སོགས་རྒྱུ་མཚན་འགའ་གསུངས་ཀྱང་ཞིབ་པར་འཆད་པ་ནི་ཡི་གེར་འཇིགས་ནས་མ་བྲིས་སོ། །དེ་དག་གང་ཞེ་ནའང་རྗེ་བླ་མ་ཉིད་ཀྱི་བར་ཆོད་ཞི་རྟགས་ཀོར་ཙེ་བ་མ་ཡིན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནས་སྐབས་དང་མཐར་ཐུག་གི་བར་ཆོད་ཞི་བའི་དོན་དུ་ཡིན་པར་མངོན་ནོ། ནུབ་ཅིག་རྨི་ལམ་ལྟ་བུའི་ཉམས་སྣང་དུའང༌། སྐྱེས་བུ་གཞན་དང་མི་འདྲ་བ་ཡ་མཚན་མང་པོ་ཁྲོམ་ཆེན་ལྟར་ཚོགས་འདུག་པ་ལ། ཡུལ་འདིའི་གཞི་བདག་གི་ཚོགས་ཡིན་པར་འདུག་བསམ་པ་བྱུང་སྟེ། དེ་དག་ན་རེ་ནས་མགྲིན་གཅིག་ཏུ་བསྡེབས་ཏེ་ལྷན་སྐྱེས་ཀྱི་ཀུན་སློང་གསལ་བ་སྦྱོར་ཚུལ་གྱི་ཀུན་སྤྱོད་དག་པ་མཆོག་གསུམ་རྒྱལ་བའི་སྤྱི་གཟུགས་གང་དང་གང་ལ་བཀའ་དྲིན་ཆེ་བ་ཁྱེད་དང་འདྲ་བ་གཞན་ནས་སུ་ཡང་མ་མཆིས་ཏེ། ལྷག་པར་ཡུ་བུ་ཅག་ལ་བཤའ་གཏོ་བཅད་པ་ནི་ཤིན་ཏུ་དྲིན་ཆེ་བ་ཞིག་བྱུང༌། དེ་མ་མཛད་ཚེ་ངེད་རྣམས་ལ་གནོད་ཚབ་ཆེ་འདུག་ལགས་ལ། རི་མགོ་ན་དམར་བསང་བྱས་ཚེ་ངེད་ཅག་མི་རོ་མང་པོས་མནན་པ་ལྟ་བུའི་བཙོག་སྣང་དང༌། འཇིག་རྟེན་བརྟན་མ་རྣམས་ཀྱི་ལུས་ལ་ཁྲག་ཞག་ཆགས་པས་ཀུན་ཀྱང་ཞེ་སྨེ་ཞིང་ཡིད་རྨུག་པར་གྱུར་པ་ལགས་པས། ད་ལྟ་ཀུན་ཀྱང་གཙང་དག་ཡིད་འོང་གི་ངང་དུ་གནས་པས། ཉིད་ཀྱི་སྐུ་ཚེ་དང་ཕྲིན་ལས་ལ་མཐུན་པའི་ཞབས་ཏོག་ཅི་དང་ཅི་ནུས་བསྒྲུབ་དགོས་པར་ཡིན་མོད་ཀྱང༌། ངེད་རྣམས་ཀྱི་མནོ་ཚུལ་མི་མཐུན་པ་སོ་སོ་ནས་རེ་རེ་བརྗོད་བས་ཡང་དག་པ་ཞིག་མི་འགྲུབ་འདུག་པས་ཐུགས་ཁྲེལ་མི་གནང་བར་འཚལ་ལོ། །ཞེས་བརྗོད་དེ་ཀུན་གྱིས་གུས་ཚུལ་ཕུལ་ནས་སོ་སོར་ཁྲོམ་གྱེས་པ་ལྟར་འུར་གྱིས་སོང་བ་ལྟར་ཡལ་ལོ་ཞེས་གསུངས། ཟིང་ཆུའི་མཁའ་འགྲོ་འུག་གདོང་དུ་བཞུགས་སྐབས་སུ། ཐོ་ལེ་ནག་མགོ་ཞེས་པའི་རྒྱལ་འགོང་ཞིག་གི་སྤྲུལ་པ་རྔམ་པ་རྟག་ཏུ་སྟོན་ནས་སེམས་ཅན་རྟ་ནོར་སོགས་ལྟ་ཅི་ལམ་འཕྲང་དོག་པ་ཆ་བཅག་ཅེས་པའི་ས་དེའི་བྲག་ཕུག་གཏིང་རིང་ཞིག་ལ་འཁྲས་བཅས་ཏེ་བྱ་དུར་ཞེས་གནས་དེ་སྐོར་བའི་མི་རྣམས་བསད་ཅིང་འདུག་པ་ལ། རྗེ་དེ་ཉིད་ཀྱིས་རྫུ་འཕྲུལ་གྱི་རྩལ་གྱིས་བསྒྲལ་ཏེ་རྣམ་ཤེས་མཁའ་སྤྱོད་དུ་སྤར་ནས། སྟག་པགས་གསོབ་ཏུ་བརྒྱངས་ནས་དཀར་མོ་རི་ཁྲོད་ཀྱི་སྒྲུབ་ཁང་དུ་ཡོད།
      ཡང་རང་ཉིད་ཀྱི་རི་ཁྲོད་དུ་བཞུགས་པའི་དགོང་མོ་ཞིག་ན་ཕྱག་སྐོར་མཛད་ཅིང་ཕ་བོང་ཡོད་པའི་སྟེང་དུ་ཆབ་བསང་གནང་གིན་ཡོད་པ་ལ་དམ་སྲི་ཉུལ་ལེ་མ་ཞིག་གིས་མཛེས་པའི་བཞིན་དང་དགའ་བའི་འཛུམ་སྟོན་པའི་ཚུལ་དེར་གཟིགས་ཚེ་བདག་མེད་སྟོང་བའི་དོན་མ་རྟོགས་པ་འདི་འདྲ་སྙིང་རྗེ་གསུངས་པ་དང་མོ་རང་སྐྱེངས་ནས་དེ་མ་ཐག་ཏུ་བྲོས་བའི་སྐབས་དེའི་རྡོ་ལ་བསང་ཆབ་དང་ཕྱག་མཛུབ་གསུམ་གྱི་རྗེས་ཡོད། རེ་ཞིག་རྒྱ་ནག་རྒྱལ་པོ་ཁྱོགས་སུ་ཞུགས་ནས་རྒྱལ་ཁམས་ཀུན་ལ་ལྟ་ཉུལ་དུ་ཡོང་བ་ལ་མཐོ་དམན་དྲག་ཞན་ཀུན་གྱིས་བསུ་བའི་སྲོལ་ཡོད་པ་དེའི་ཕྱིར་ཐང་རིང་ཞེས་པའི་ས་དེར་ཕེབས་བསྐྱོད་གནང་ཚེ་རྒྱལ་པོ་དང་ཕྲད་མ་ཐག་ཏུ་རྒྱལ་པོ་ཉིད་ཁྱོགས་ནས་སར་བབས་ཏེ་དགའ་བའི་གུས་པ་བྱས་ནས་ས་དེའི་རི་ཡི་རྩེ་ནས་ཆུ་ཀླུང་ལ་ཐུག་གི་བར་དང་ཡས་མར་མིག་མཐོང་ཙམ་གྱི་རི་ཐང་ཐམས་ཅད་དང་བཀའ་ཤོག་ཐམ་ཀ་དང་བཅས་པ་གནང་ནས་བསྟོད་བསྔགས་བྱས་པས། འཁོར་ཀུན་མཚར་སྣང་བསྐྱེས་ཏེ་རྒྱུ་མཚན་ཞུས་པར། ཀུན་གྱི་བླ་རུ་གྱུར་བའི་རིགས་ཀྱི་བུ་ཞིག་ཡིན་པར་སྣང་བས་བདག་གི་མིག་ལམ་དུ་ནམ་མཁའི་མཐོངས་ནས་སེང་གེ་ཞིག་ཡོང་བ་མཐོང་སྟེ་གདོང་དང་འཕྲད་ཚེ་འདི་ཉིད་དུ་གྱུར་ཏོ་སྨྲས།
      རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་རྗེ་དེ་ཉིད་ཀྱི་སྐུ་ལ་རང་ཤུགས་སུ་འདུས་པའི་ལྷ་ཞལ་གཟིགས་པར་གྲངས་ཀྱིས་མི་ཆོད་པ་ཡོད་ཀྱང་གསང་དམ་ཟབ་མོ་ཁྲོམ་དུ་མི་བཤད་པའི་གནད་ཀྱིས་ཟུར་ཙམ་ཐོས་པ་ལས་གསལ་བོར་རེ་ཞིག་འགོད་དུ་མ་ཕོད་དེ་རང་ཅག་གི་ཚད་མར་གྱུར་བ་ནི། དམ་ཅན་སྲུང་མའི་སྡེ་ཚོགས་ལུས་དང་གྲིབ་བཞིན་དུ་འཁོར་ནས་ཡོད་པས་རྒྱལ་བོ་ཉི་པང་སད་ཀྱང་གྲྭ་བ་དམ་ཚིག་ཅན་ལ་དག་གཙང་བྱེད་ནས་བོས་པ་ཙམ་གྱིས་ཕོབ་པར་གྱུར་བ་དང༌། ས་གནད་བཅོས་པའི་གཏེར་བུམ་ཞིག་འཇོག་སྐབས། སྔོན་ནས་རྗེ་ཉིད་ཀྱི་ཞལ་ནས་མཚར་ཚིག་ཏུ། གང་ཞིག་རང་སྣང་དག་པའི་ངོར། སྣང་སྲིད་ལྷ་རུ་ཤར་གསུངས་པ། ཟག་མེད་ལགས་ཏེ་ཟག་བཅས་ཀྱང༌། འཆར་དུ་ཡོད་སྲིད་ངོ་མཚར་གཏམ། དེ་ནས་ཀུན་གྱིས་རྡོ་བླངས་བས་དར་ཙམ་ན་སྨན་རྡོ་དཀར་བོ་ཅོང་ཞི་ལས་གྲུབ་བའི་ལྷ་ཆེན་ཚོགས་བདག་སྐུ་ཞལ་གཅིག་ཕྱག་གཉིས་གླང་པོའི་གདོང་ཕྱག་ན་གཏེར་གཞོང་ནོར་བུས་བཀང་བ་ཞིག(འདོད་དགུ་རིན་ཆེན་རྡོ་འབུམ་རྩིག་སྐབས་ཡིན་པར་བཤད)གཏེར་ཕྱུང་གི་ཚུལ་དུ་འབྱོར་བར་ཀུན་ཡང་ངོ་མཚར་སྐྱེས་སོ། །དེ་ལྟར་དགེ་བའི་བར་ཆད་རྣམས་ཞི་ནས་ཐུགས་དགོངས་གོང་འཕེལ་དུ་གྱུར་ཏེ་ལྷ་འདྲེ་དམ་ལ་ཐོགས་པ་དང་སྡེ་བརྒྱད་བྲན་དུ་འཁོལ་བ་དང་སེམས་ཅན་གྱི་དོན་རྒྱ་ཆེར་གྲུབ་པས་འགྲོ་བ་ཀུན་ཀྱང་རང་བཞིན་གྱིས་འདུན་པ་རུ་གྱུར་ཏོ།།
      དེ་ལ་དཔག་པའི་སྐུ་བསོད་ཀྱང་ཤིན་ཏུ་རྒྱས་ཏེ། རྒྱས་བཞིན་དུ་བསྟན་དང་འགྲོ་ལ་ཕན་པའི་དོན་ཁོ་ན་མ་གཏོགས་རང་དོན་གྱི་ནོར་རྫས་སུ་འདོད་པ་ཆུང་ལ་ཆོག་ཤེས་ཆེ་བས་ཡོ་བྱད་ཀྱི་འཛིན་པ་དང་བྲལ་བ་ཀུན་དང་མཐུན་པ་ཀུན་ལས་ཆེས་ཆེར་ལྷག་པ་གཏོང་ཕོད་ནུས་པའི་རྣམ་པར་ཐར་བའི་རྒྱན་གྱིས་མཛེས་པའི་སྦྱོར་བ་སྒོ་དུ་མའི་མཛད་པ། ཀུན་རིག་ལས་བཞི་རྒྱུན་ལྔ་མཁའ་ཀློང་གསང་བའི་མདོས་ཆེན་ལྷ་ཁང་བཞེངས་གསོལ་བྱེད་པ་དག་ཀྱང་ལན་གཅིག་ཙམ་མ་ཡིན་པར་ཡང་ནས་ཡང་དུ་གཏོང་སྒོ་ཚད་མེད་རེ་བྱས། གཞན་ཡང་ཚོགས་བསགས་བྱས་ཚད་ཞིབ་མོར་བཀོད་ན་དཔག་གིས་མི་དཔོག་ཏེ་བརྗོད་ནའང་མི་ལོང་སྟེ། དགུང་ལོ་སོ་ལྔ་ཙམ་གྱི་ཚུན་ལའང༌། ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དབུ་མ་མི་མཇེད་སྟོང་གསུམ་འདུལ་བའི་ཐུ་བོ་དམ་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དཔལ་ཕུལ་དུ་བྱུང་བ་དེ་ཉིད་ཀྱི་རིང་ལུགས་འཁྲུལ་བ་མེད་པ་གྲུབ་མཐའི་རྒྱལ་བོ་མདོ་སྔགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྨ་མེད་རྣམ་དག་ཏུ་འཛིན་པའི་དགོན་སྡེ་རྨད་དུ་བྱུང་བ་དགེ་ལེགས་རྒྱ་མཚོའི་འབྱུང་གནས་གཤེན་ཚང་རི་ཞིང་བྲུ་ཚང་སྨན་རི་རྨེའུ་ཚང་སྟག་རྩེ་རི་ཁྲོད་དང༌། མདོ་སྨད་འདི་གར་རྔ་བ་ཟིང་ཆུ་ཞང་ངུ་མཆོག་རྩེ་ཁྲོ་སྐྱབས་དམུ་རྡོ་འཐེབ་ཅུ་དང༌། སྐྱང་དགོན་ཁག་བདུན་དང་བཅས་པའི་སེམས་དཔའ་འདུས་སྡེ་རྒྱ་མཚོར་གང་ལ་གང་དགོས་ཀྱི་བཤད་སྒྲུབ་ལས་གསུམ་བྲིས་བཞེངས་ཀློག་གསུམ་བགྱིས་པའི་ཡོན་སྤྱོར་དང༌། ཁྱད་པར་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་སོགས་རྩ་བའི་བླ་མ་ཉེར་གསུམ་གྱི་ཞབས་སེན་པད་མོ་ཉེ་བར་བསྟེན་ཏེ་སྨིན་གྲོལ་བོན་གྱི་དབང་ལུང་མན་ངག་གང་བཞེད་བདུད་རྩི་བཞེད་པའི་འབུལ་འབྲེལ་དང་སྐུ་གསུང་ཐུགས་རྟེན་བླུ་བཞེངས་མཛད་པ་རྣམས་ལ་གསེར་སྲང་བཅུ་བཞི་དང་དངུལ་སྲང་དྲུག་སྟོང་སུམ་བརྒྱ་དང་ལྔ། གོས་ཆེན་ཡུག་སུམ་བརྒྱ་དང་ཞེ་དགུ། གསེར་ཁྲི་བུམ་བཅོ་བརྒྱད་དང་སྟོང་ཚོ་བདུན། རས་ཡུག་སུམ་སྟོང་དྲུག་བརྒྱ་རེ་གཅིག་གི་དར་ཅོག ཤོག་གུ་ཁྲི་ཤོག་བཅུ་དང་སྟོང་ཚོ་བདུན་གྱི་འཁོར་ལོ། ཇ་མར་ནས་དང་ཀ་ཅ་ཡོ་བྱད་རྟ་ནོར་སོགས་བྱུང་ཚད་ཐམས་ཅད་ཀྱིས་དགེ་སྦྱོར་གྱི་བྱ་བ་ཡར་འཕེལ་དུ་མཛད། ཁྱད་པར་དགུང་ལོ་སོ་ལྔའི་ཡན་ལ་ཤིན་ཏུ་ཚོགས་བསགས་དགེ་སྦྱོར་ཇེ་རྒྱས་སུ་མཛད་དེ་དགེ་ཐོ་ཡོངས་འདུའི་འཁྲི་ཤིང་ཞེས་པ་བཞུགས་པ་ལ་དགེ་སྦྱོར་གྱི་དངོས་པོ་བརྩིས་དང་བགྲང་དུ་མེད་པའོ། །ལར་ནི་དམ་པ་དེ་ཉིད་ཀྱི་བདག་རྐྱེན་ལ་སྤྲོས་པའི་རྣམ་དཀར་གྱི་སྒྱུ་འཕྲུལ་རོལ་བའི་བཀོད་པ་མངོན་སུམ་དང༌། ལྐོག་གྱུར་དང༌། ཤིན་ཏུ་ལྐོག་གྱུར་བཅས་དུ་མ་སྲིད་པས་ན། གང་དག་ཚུལ་བཞིན་དུ་འཁུམས་པའི་གླེང་བརྗོད་ནི། བདག་འདྲ་གང་ཟག་ཚུར་མཐོང་བློ་མིག་ཕྲ་བས་བསྐལ་བར་གཞལ་ཡང་ག་ལ་སྟེ་མི་ཟིན་མོད། འདིར་དེང་སང་གི་སྐྱེ་བོ་རྣམས་དང་མཚན་མར་ཡི་རང་བར་ཡོངས་ཀྱི་ངོར་བྱས་ནས་ཨེན་ཙམ་བཀོད་པའོ།།
      མདོར་ན་མཚན་བཅས་དང་མཚན་མེད་ཀྱི་ལེགས་བྱས་བརྗོད་ཀྱང་ལར་རྒྱ་ཡང་དག་པ་ནི་བོན་གྱི་སྡོམ་ཆེན་པོ་རྣམ་པ་བཞི་ཡིན་པར། ཇི་སྐད་དུ། ལྟ་བ་ནི་ཡས་ཕུབས་ཤིག སྤྱོད་པ་ནི་མས་ནས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྒྲུབས་ཤིག གསུངས་པ་ལྟར་ལྟ་བ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བ་སྤྲོས་པའི་མཐའ་དགུ་དང་བྲལ་བའི་རང་བཞིན་བློ་འདས་ཤེས་རབ་ཆེན་པོ་བོན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་ཉིད་ཐུགས་སུ་ཆུད་པས་འཁོར་འདས་སྐྱོན་ཡོན་གྱི་དྲི་མ་ཀ་ནས་དག་སྟེ། སྤྱོད་པ་ཡང་དགེ་བའི་རང་བཞིན་རྣམ་པར་དག་པ་ཡིན་ནོ་ཅོག་སྟེ་ལྟ་སྤྱོད་ཟུང་དུ་འབྲེལ་བའི་སྒོ་ནས་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས་རྒྱལ་བའི་བཀའ་བཞིན་དུ་མཛད་པ་ཁོ་ན་ཡིན་པ་ལགས་ལ། དེའི་ཚུལ་ཅུང་ཙམ་བརྗོད་ན། དུས་རྟག་ཏུ་ཐུགས་མཉམ་པ་ཉིད་ཀྱི་ངང་ལ་གནས་བཞིན་དུ་དེ་ལས་མ་གཡོས་པའི་བརྩེ་བ་ཆེན་པོས་འགྲོ་ཀུན་རྗེས་སུ་བཟུང་བའི་ཐབས་ལམ་སྣ་ཚོགས་པ་ལ་སྡིག་པའི་ལྷད་ཅུང་ཙམ་ཡང་མ་འདྲེས་པ་བརྟག་དཔྱོད་ཕྲ་ཞིབ་མཛད་ཅིང༌། ཡར་མཆོད་མར་སྦྱིན། མར་མེ། སྤོས་མེ། སཱཙྪ་ཆབ་གཏོར། ཚེ་ཐར་སྲོག་བླུ། དར་ཅོག་འཁོར་ལོ། དཔེ་ཆ་རྟེན་བཞེངས། བྲི་ཀློག་འདོན་པ། ཕྱག་རྒྱ་འཁྲུལ་འཁོར། བསྙེན་སྒྲུབ་བཟླས་བརྗོད་ལ་སོགས་སྐུ་ཚེའི་རིང་གང་དུ་ཇེ་འཕེལ་ཇེ་ཟབ་ཏུ་མཛད་པའོ།།
      དེ་ལྟར་བླ་མ་དམ་པ་འདི་ཉིད་ལ་རྩ་བརྒྱུད་ཀྱི་བླ་མ་དབང་ལུང་འབྲེལ་བ་ཉི་ཤུ་རྩ་གསུམ་ཡོད་གསུངས་པ་དེ་དག་གི་ཞལ་གདམས་དང་ཐུགས་བཅུད་བླངས་ཏེ་ཕྱིའི་བླ་མ་རུ་བཀུར། སངས་རྒྱས་ཀྱི་བཀའ་ཕྱི་ནང་གསང་གསུམ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་པས་གཏན་ལ་ཕབ་ཏེ་ནང་གི་བླ་མ་རུ་བཀུར། རང་རིག་དྲི་མ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དུས་རྒྱུན་དུ་གོམས་འདྲིས་མཛད་ཅིང་གསང་བའི་བླ་མར་བཀུར། དེ་ལྟར་ངོ་མཚར་གྱི་བླ་མ་རྣམ་གསུམ་དང་དུས་རྟག་ཏུ་འབྲལ་བ་མེད་ཅིང༌། ཕྱི་ཐོས་པ་ཚིག་གི་སྒྲོ་འདོགས་བཅད། ནང་བསམ་པ་དོན་གྱི་གདར་ཤ་བཅད། བར་སྒོམ་པ་ཉམས་ཀྱི་ཕུག་ཐག་བཅད་དེ། མཁས་ཤིང་གྲུབ་པའི་དབང་པོར་གྱུར་བ་ལགས་ཏེ། བླ་མ་ཉིད་ཀྱི་ཞལ་ནས་ཀྱང༌། ལར་འཆི་བ་མ་དྲན་པའི་དགེ་སྦྱོར་གྱིས་ཅི་ཕན། ཚིག་དོན་མ་འཕྲད་པའི་བསླབ་གཉེར་གྱིས་མི་ཕན། ལྟ་སྤྱོད་མ་འབྲེལ་བའི་ཚུལ་ཁྲིམས་ཀྱིས་མི་ཕན། བསྐྱེད་རྫོགས་མ་ཤེས་པའི་བསྙེན་སྒྲུབ་ཀྱིས་མི་ཕན། ཉམས་རྟོགས་མ་འདྲེས་པའི་ལྟ་སྒོམ་གྱིས་མི་ཕན། བདག་གིས་ཀྱང་མི་ལོ་བཅུ་བདུན་ལོན་ནས་བོན་སྒོར་ཞུགས་པ་ཡིན་ཏེ། ད་ལྟ་ལྔ་བཅུ་ཡན་ཆད་རིམ་པར་བསྐྱངས་ཞིང་ཕྱི་ལྟར་མི་སྔུན་དུ་དཀའ་སྤྱད་དང་ཚུལ་འཆོས་འདི་བྱས་ཙམ་ཡང་མེད་ཀྱང༌། ནང་ན་སེམས་ལ་སྙིང་རུས་མ་ཆུང་བར་རང་གིས་རང་ལ་ངན་མཚང་བགྲང་ཞིང་ཉིན་མཚན་དུས་མེད་དུ་དགེ་སྦྱོར་ལ་བརྩོན་པས། ད་ནི་འཆི་བ་ལ་མི་འགྱོད་པ་དང་མི་འཇིགས་པ་ཞིག་བྱུང་བ་ནི་བླ་མ་རྣམ་གསུམ་གྱི་བཀའ་དྲིན་ཡིན་གསུངས་སོ།།

ལྔ་བརྒྱའི་སྙིགས་མས་ཆེས་སྦགས་རྩོད་ལྡན་གྱི།།
དུས་འདིར་བསམ་སྦྱོར་དཀར་པོར་ལས་རྩོམ་པར།།
གེགས་མང་ཡིད་བཞིན་འགྲུབ་པ་སྲིད་མཐའ་ཙམ།།
ལགས་ཕྱིར་འདི་ཡི་རྣམ་པ་ཁྱད་དུ་འཕགས།།

ཐུགས་བསྐྱེད་མར་ཞིའི་ནོར་འཛིན་དུ་གྱུར་ཚེ།།
སྦྱངས་ཀྱང་སླར་འཕེལ་སྤྱོད་ཚད་གསེར་ཡིན་གྱི།།
ཡང་དག་མཛད་པའི་བསོད་ནམས་ཕུང་པོ་ནི།།
སྲིད་མཐར་གནས་པས་དཀྱུས་མའི་དཔྱིད་དུ་ཆེ།།
                     ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

      བཞི་བ་ནི། སྐྱེས་བུ་དམ་པ་རྣམས་ཀྱིས་རང་དོན་དུ་གསན་མནོ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ཚད་མ་གསུམ་གྱི་འཇུར་མིག་ཏུ་དྲངས་ཏེ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ཇེ་རྒྱས་སུ་སྤེལ་བའི་མཛད་པ་ལྟེམས་རྐྱང་མེད་པར་སྒོ་གསུམ་ཆིག་དྲིལ་དུ་བཞེད་པ་ལགས་སོ། །དེ་ཡང་རྗེས་འབྲེང་སྨིན་གྲོལ་གྱི་ལམ་ལ་འགོད་ཕྱིར་བཀའ་བརྟེན་མཛད་ཚུལ་ལ། སྔོན་སྦྱངས་ལས་འཕྲོ་སད་པས་དགུང་ལོ་ཉེར་གཉིས་ཀྱི་ཐོག་ནས། དག་ཆ་དང་སྙན་ངག་སོགས་ལེགས་པར་མི་མཁྱེན་རུང་ཐོལ་བྱུང་དུ་བཀའ་ཉམས་མགུར་གསུངས་པ་སོགས་མང་སྟེ། ཕྱིས་སུ་གཟིགས་པས་དེ་དག་ལའང་ཚིག་འབྲུ་དག་མིན་ཙམ་མ་གཏོགས་པའི་ཚིག་དོན་མི་འཕྲད་པ་ཡེ་མི་འདུག་གསུངས། དགུང་ལོ་སུམ་ཅུའི་དུས་གནས་མཆོག་བྲག་དཀར་བྱ་རྒོད་དུ་བཞུགས་སྐབས་ཤེས་རབ་ཀྱི་རྩ་ཁ་བྱེ་ནས་ཐེག་པ་ཆེན་པོའི་རིག་སད་དེ་རྩ་གསུམ་མཆོག་བསྒྲུབ་ཆ་ལག་དང་བཅས་པ་ཐུགས་གཏེར་དུ་བཞེས། དེར་མ་ཟད་བསྟན་པའི་རྒྱུན་དུ་གྱུར་བའི་རྩོམ་པ། གདུལ་བྱའི་ཤེས་རྒྱུད་གྲོལ་བའི་འཆད་པ། ལོག་ལྟའི་རྒོལ་བ་ཚར་གཅོད་པའི་རྩོད་པ་དང་གསུམ་ལ་མངའ་བརྙེས་ཏེ། ཡི་དམ་ཀུན་འདུས་བསྒྲུབ་གཞུང་ཆེན་མོ་ཆ་ལག་ཆ་རྐྱེན་དང་བཅས་པ། བཤགས་པ་ཤེས་རབ་རལ་གྲི། སེམས་བསྐྱེད་སྐྱབས་འགྲོ་མཎྜལ་བཀའ་འཁོར་ལ་སོགས་བདེར་གཤེགས་བླ་མ་ཡི་དམ་མཁའ་འགྲོའི་གསོལ་འདེབས་ཀྱི་སྐོར། ཕྱོགས་བཅུའི་བདེར་གཤེགས་དང་སངས་རྒྱས་རབས་དགུའི་གསོལ་འདེབས། ཡབ་སྲས་གསུམ་གྱི་གསོལ་འདེབས། བྲག་དཀར་བྱ་རྒོད་ཀྱི་དཀར་ཆག་དང་གསོལ་འདེབས་བསང་ཡིག བླ་མ་རྒྱང་འབོད། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མ་ལེའུ་བརྒྱ་རྩ་གཅིག་པ་ཆ་ལག་མོ་བདར་དང་བཅས་པ། སྐྱེ་སྒོ་གཅོད་པ་ཆ་ལག་ཕུན་སུམ་ཚོགས་པ། ལན་ཆགས་སྦྱང་འཇལ་སྣང་སྲིད་དགའ་བདེ་བསྐྱེད་བྱེད། རེ་ཆགས་བཀར་བ་ཡང་དག་སྦྱིན་པ། ཀུན་སྣང་མངོན་རྟོགས་དང་ཆ་ལག་ཤོག་ཆུང༌། ལས་བཞི་རྒྱུན་ལྔའི་ལག་ལེན་གསལ་བྱེད་མེ་ལོང་ཆ་ལྔ། ཀུན་བཟང་དོན་འཕྲེང་དང་ཁྲོ་བོ་མཆོག་ལྔའི་མངོན་རྟོགས། མེ་རིའི་ཕྱག་བཞེས་མེ་ཤེལ་ཕྲེང་བ་མངོན་རྟོགས་སྐྱབས་འགྲོ་དང་བཅས་པ། མཁའ་འགྲོ་གསང་གཅོད་ཀྱི་རི་འགྲིམ་ལག་ལེན་ལེའུ་ཉེར་གཅིག་པ། སྦྱིན་སྲེག་གི་མདེལ་ཁ་བོན་སྤྱོད་གསེར་གྱི་ཐིགས་པ། ངན་སོང་དོང་སྤྲུགས་ཆོ་ག་དཀྱིལ་འཁོར་རྒྱ་མཚོའི་བཅུད་བསྡུས། གསོན་བྱང་དཀར་བོ་ཆིག་ཐུབ། གཤིན་བྱང་པད་དཀར་ཕྲེང་བ་ལྕགས་ཀྱུ་རྣོན་པོའི་ཟེའུ་འབྲུ། རིགས་དྲུག་རང་སྦྱོང་གི་འཛབ་བསྟོད་སྨོན་ལམ། མ་ཏྲི་རིན་ཆེན་སྒྲོན་མའི་ཚོགས་འཁོར་ཆ་ལག སྒྲིབ་སྦྱོང་འཕྲུལ་གྱི་མེ་ལོང་གི་ཁ་ཚར་ཚེ་སྒྲུབ་ཟློག་པ་གཉིས། འཆད་ཉན་དུས་ཀྱི་བསླབ་བྱ་བསྟན་པ། ཉམས་མགུར་བསམ་འཕེལ་ནོར་བུའི་སྐོར་བྱམས་ཀྱིས་གཅེས་པའི་ཞལ་གདམས་སློབ་སྟོན་གྱི་སྐོར། རྫོགས་ཆེན་ཀུན་བཟང་དགོངས་པའི་ཞལ་ལུང་གི་སྐོར། བར་དོའི་བརྡའ་བསྟན་གསལ་འདེབས། འཕོ་བ་ཡེ་ཤེས་རླུང་རྟ། སྨོན་ལམ་ཐར་ལམ་མྱུར་བགྲོད། ཡོན་ཏན་ཅན་གྱི་གདུང་ལ་ཞབས་ཏོག་འབུལ་ཚུལ། ཞི་བ་ཨ་གསལ་གྱི་སྦྱིན་སྲེག ཞི་བ་ཨ་དཀར་འོད་ཀྱི་གདུང་སྦྱོང༌། རུས་ཆོག་ཐར་ལམ་ཐེམ་སྐས། ཡབ་སྲས་བཅུད་དྲིལ་སྦྱིན་སྲེག་ཆ་ལག བསང་ཆོག་མུ་ཏིག་ཕྲེང་བ། བསང་ལྔ་ཡིད་བཞིན་གཏེར་མཛོད་རྒྱས་བསྡུས། མནོལ་བསང་ལྷ་ཡི་སྤོས་རིང༌། གྲིབ་སེལ་ལྷ་ཆབ་རྒྱུན་རིང༌། ཐལ་མོ་བརྡབ་པའི་ཚིག་བཤད། འབར་མ་ཆེན་མོའི་གཏོར་ཟློག རྨ་རྒྱལ་བོམ་རའི་སྒྲུབ་ཐབས། བསྟན་སྲུང་ཨ་བསྭེའི་སྒྲུབ་ཐབས། སྐྱང་རིན་ཆེན་རྒྱལ་མཚན་ཞལ་གཟིགས་ཨ་བསྭེ་སྟག་བཅིབས་མའི་གསོལ་ཁ། འཛམ་སྔོན་གུ་བེ་རའི་སྒྲུབ་ཐབས། དོན་དམ་ལམ་ལྷ། ཀླུ་མཆོད་ཟིན་རིས། རྟེན་འཛུག་གི་མངོན་རྟོགས། འོ་མའི་རྒྱ་མཚོའི་ཆ་ལག་འཚོགས་པ། རྒྱལ་བོ་གསང་བའི་དར་མདོས། ཆ་ལག་མདེལ་ཁ་དང་བཅས་པ། ཕྱི་ནང་གསང་གསུམ་གཏོར་མ་བཅའ་ཐབས་རིན་ཆེན་བང་མཛོད། གཤེད་འདུལ་ཟིན་རིས། ཆུང་འདུལ་ལག་ལེན། རྣམ་རྒྱལ་སྣང་ཞི་ཆབ་གཏོར། དགྲ་འདུལ་སོགས་ཀྱི་ཟིན་རིས། སྐར་རྩིས་ཀྱི་ལག་ལེན་ལྔ་བསྡུས་གསལ་བའི་མེ་ལོང༌། བསྟན་རྩིས་དཔྱིད་ཀྱི་དབྱངས་སྙན། དགེ་སྡིག་འགྱུར་རྩིས་གསལ་བྱེད་འཕྲུལ་གྱི་མེ་ལོང༌། གཞན་ཡང་དད་ལྡན་གྱི་སློབ་མ་དང་ཡོན་བདག་རྣམས་ཀྱིས་རང་རང་གི་མོས་ཕྱོགས་ཞུས་པ་ལ་དེར་མཐུན་གྱི་གསོལ་འདེབས་དང་བོན་སྐྱོང་སྲུང་མར་བསྟོད་བསྐུལ་ཡུལ་རིའི་གཞི་བདག་གནས་བདག་ཀླུ་བཙན་མཆོད་ཐབས་ཀྱི་རིགས་མང་ངོ༌། །བཀའ་རྙིང་བསླད་འཆལ་དུ་སོང་བ་སླར་བཅོས་པ་ལ། དབལ་ཁྱུང་དམར་པོའི་སྐོར་ཆ་ཚང༌། གནས་འདྲེན་ཨ་དྲུག་གི་གཞུང་ཆ་ལག་དང་བཅས་པ། རྣལ་འབྱོར་བ་གཙུག་ཕུད་རྣམ་རྒྱལ་གྱིས་བདག་ལ་མཁའ་འགྲོ་བསྐལ་བ་བཟང་མོས་སྙན་དུ་བརྒྱུད་པའི་གནད་དོན་ཉེར་ལྔ་བའི་ལུང་བསྟན་ལས། ནམ་མཁའི་མཚན་ཅན་བསླབ་གསུམ་བསྟན་པའི་གཉེན། ཞེས་པ་ཡོད་དེ་དེ་ནི་ཉིད་ཡིན་གསུངས་ཤིང་བྲག་དཀར་བྱ་རྒོད་ཀྱི་ནོར་བུའི་རྫོང་ནས་གཏེར་བཏོན་པའི་རྟ་མགྲིན་གཏུམ་ཆེན་དྲག་པོའི་བསྒྲུབ་ཐབས་བཀའ་བབ་ཏུ་གནང༌། དུང་རིའི་གཏེར་ཤོག་དེ་དངོས་གྲུབ་ཏུ་གནང་ནས་ཁྱོད་ཀྱི་བོན་སྐལ་ཡིན་པས་ཕབ་དགོས་གསུངས། ཐུགས་རྗེ་ཅན་ཉིད་ནི་ཐུགས་བརླིང་ཞིང་ཟོལ་ཟོག་མི་མཛད་པས་ལོ་གཅིག་ལ་བཏང་སྙོམས་སུ་བཞག་ཀྱང་སླར་ནན་བསྐུལ་དྲག་ཏུ་བྱས་ཚེ་གཏེར་ཤོག་ལ་གཟིགས་ནས་སྙིང་བོ་དང་རྩ་ཚིག་འདུས་པ་ལ་བརྟེན་ནས། མཁའ་འགྲོ་སྤྱི་འདུལ་གྱི་བསྒྲུབ་སྐོར་གཞུང་ཆ་ལག་དང་བཅས་པ་གཏན་ལ་ཕབ་སྟེ་མཛད། དེ་ཚེ་གཏེར་བཏོན་པ་དེ་ཉིད་ཀྱིས་མཛད་པའི་བཀའ་བརྟེན་འདི་རྣམས་ཀྱང༌། ཐུགས་གཏེར་འབའ་ཞིག་ཏུ་ངེས་པས་མཐའ་རུ་བཀའ་རྒྱ་ཟབ་རྒྱ་ཟེར་བ་དགོས་གསུངས་སོ།།
      དེ་ལྟར་བདེན་གཉིས་དོ་རུ་མཉམ་པའི་དེ་ཉིད་མ་ནོར་ངེས་པ་འུབས་སུ་ཆུད་པའི་གཟེངས་བསྟོད་ཀྱི་མེ་ཏོག་ཅི་ཡང་འཐོར་གྱིན་མངའ་གསོལ་ཀུན་ནས་ཕུལ་བ་ལགས་སོ། །གཞན་ཡང་ཕྱི་ནང་གསང་གསུམ་བོན་བཀའ་གཏེར་སྙན་གསུམ་དཔེ་ཁུངས་དག་པ་གླེགས་བམ་སུམ་བརྒྱ་དང་ལྔ་བཅུའི་ལྷག་ཙམ་བླུ་བཞེངས་མཛད་ནས་བསྟན་པའི་བཙས་སུ་བཞག་པའང་ཡོད་དོ།།

གདོད་ནས་མངོན་བྱང་ཆུབ་ཀྱང་མཐའ་ཡས་འགྲོར།།
རྗེས་ཆགས་ཐུགས་རྗེ་རྣམས་བཞི་སྒྱུ་འཕྲུལ་གར།།
མི་ཟད་རྒྱུན་གྱི་རོལ་བར་སྒྱུར་བྱེད་པས།།
བསྡུ་བཞིའི་རཏ་ཎའི་འདོད་པ་ཅིར་ཡང་འཇོ།།

བོན་ཀུན་མ་འདྲེས་སོ་སོའི་ཐོས་འཛིན་བཞིན།།
གང་བཅུད་སྤྲོས་ཚེ་རྩེ་ཕྲན་རལ་གྲིའི་རྟགས།།
མཚོན་པ་སྦས་ཀྱང་སྨྲ་སེང་རང་གཟུགས་ཉིད།།
མོས་ལྡན་བློ་ཡིས་ངེས་པར་རྙེད་འདི་རྨད།།
                 ཅེས་པར་ཆེད་ཀྱི་ཚིགས་སུ་བཅད་དེ་སྨྲས་པའོ།།

      དོན་གསུམ་པ་རྟག་འཛིན་ཅན་རྣམས་དགེ་བར་བསྐུལ་ཕྱིར་ཟག་པ་དང་བཅས་པ་རྣམས་མཐའ་གང་ཡང་མི་རྟག་པའི་བརྡར་འདིར་སྣང་བཀོད་པ་མི་མངོན་དབྱིངས་སུ་བསྡུ་དགོངས་ཏེ། དེའང་སླད་དུ་ཕྲིན་ལས་རྒྱུན་མི་འཆད་པའི་ཚུལ་སྔོན་ནས་མགུར་གླུའི་གདངས་ལས་དྲངས་ཏེ། སྤྱི་ཁམས་གསུམ་གྱི་སེམས་ཅན་སྐྱེ་བ་གྲུབ་ནས་འཆི་བ་ཡོད་ངེས་ཀྱི་རྒྱུ་མཚན་དང༌། རྗེ་ཉིད་རང་སྤྱོམ་པ་ཙམ་དུ་མ་ཟད་དེ་རྗེས་འཇུག་རྣམས་ལ་མིག་ལྟོས་ལེགས་པའི་ཆེད་དུ་དགེ་བའི་མཚན་ཉིད་ཆ་ཤས་ཙམ་རེ་གསུངས་ཞིང་སློབ་སྟོན་མཛད། ཅི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་དེ་སྲིད་ཐུགས་རྗེ་ཆེན་པོའི་གནས་བྲི་བཀོལ་མི་མངའ་ཡང་སྐུ་མངོན་དུ་སྟོན་པའི་འགྲོ་དོན་གཞན་ལ་དགོངས་ཏེ་རེས་ཤིག་སླར་ལྗོངས་འདིར་མངོན་དུ་འབྱོན་པ་མི་གནང་བས། གལ་ཏེ་དད་པ་ལྡན་པའི་ལས་དག་འགའ་སྲིད་ན། ངང་ངམ་རྒྱུད་ནས་བྱིན་གྱིས་ཕེབ་པའི་དད་རྟེན་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས། སྐུ་རྟེན་གཤེན་ལྷའི་འདྲ་སྐུ་ཟངས་གསེར་གྱི་ལུས་ཚད་མ་རྟེན་འགངས་ཆེན་ཕྱི་ནང་མཚུངས་པ་དང༌། རྗེ་ཉིད་ཀྱི་སྐུ་དབྱར་རུལ་དུ་མི་འགྱུར་བའི་བསིལ་ཞིག་དང༌། དགུན་འཁྱག་པར་མི་འགྱུར་བའི་དྲོད་ཅིག་ཡོད་པ། ལོ་གྲངས་དང་ཡུན་ཅི་ཙམ་སོང་ཡང་སྐམ་རྒྱུ་མེད་པ་རློན་པར་གསོན་བཞིན་པར་དམར་གདུང་དུ་གནས་པ། དུས་བཟང་ཁྱད་པར་དག་ལ་སུམ་བརྒྱ་དྲུག་ཅུའི་སྤོས་ངད་འཐུལ་ཏེ་དྲི་བཟང་གིས་ལྷ་ཁང་འགེངས་པ་དང༌། གསུང་རྟེན་ཞི་ཁྲོ་སྦྲག་འཁོར་དང་འཁོར་ཆེན། ཐུགས་རྟེན་ཉམས་མྱོང་གཅིག་བརྒྱུད་དང་རྩ་གསུམ་མཆོག་བསྒྲུབ། ཡོན་ཏན་ས་གནད་བཅོས་པའི་གཏའ་གཏེར། ཕྲིན་ལས་དགོན་སྡེའི་ཚོགས་ཀྱི་ཉ་མཆོད་དུས་ཁྲིམས་བསྒྲུབ་པ་སོགས་རྗེས་སུ་བཞག་པ་འདི་རྣམས་ལ། གང་ལ་ལ་ཞིག་གིས་མོས་འདུན་གུས་པའི་སྒོ་ནས་བསྙེན་བཀུར་ཚུལ་བཞིན་དུ་བྱས་ནས་གསོལ་བ་གང་བཏབ་ཡིད་བཞིན་བདེ་བླག་ཉིད་དུ་འཇོ་ངེས་པར་ཁོང་ཉིད་མ་ཟད་སྲས་བཅས་རྒྱལ་བ་ཡོངས་ཀྱི་རང་རྟགས་རྒྱུན་གནས་ཐུགས་རྗེ་བཞི་ཡིས་མི་རིང་ཉེ་བར་གཟིགས་ཤིང་འཛིན་པར་ཡིན་གྱི་ཞལ་བཞེས་དམ་པ་མཛད་ནས་དགོངས་པ་དབྱིངས་སུ་རྫོགས་པའི་སྐབས་སུ་སྙན་པའི་སྒྲ་དང་གསལ་བའི་འོད་མཛེས་པའི་འཇའ་ཚོན་གྱི་རིགས་གུར་ཟླུམ་རྩིབ་ཤར་གྱེན་འགྲེང་ལ་སོགས་རི་མོ་འདྲ་མིན་སྣ་ཚོགས་ཀྱིས་ཕྱོགས་མཚམས་ཀུན་ཁེངས་ནས་ཞག་བདུན་ཕྲག་གཅིག་ཏུ་གནས་ཏེ་ཆུ་སྦྲུལ(སྤྱི་ལོ༡༨༣༣)ལོར་འོད་གསལ་དབྱིངས་སུ་རྫོགས་སོ།།
      རྗེས་སུའང་དམ་པ་ཉིད་ཡེ་ནས་མངོན་པར་བྱང་ཆུབ་ཀྱི་སྐུ་རུ་གཤེགས་ཟིན་ཏེ་མཚན་བཅས་དགེ་བའི་སྡོངས་འདེབས་ནི་ག་ལ་ཏེ་མི་དགོས་རུང༌། སེམས་ཅན་གཞན་དོན་དུ་དམིགས་ནས་ཡུལ་སྲོལ་གྱི་དགེ་རྫོགས་ཤིན་ཏུ་རྒྱ་ཆེ་སྦྱོར་བའི་དགེ་ཐོ་ཞིབ་མོར་དགོད་ན་ཡི་གེར་མང་གིས་དྭོགས་ནས་མ་སྤྲོས་ཏེ་གཤེགས་ཤུལ་གྱི་བྱ་བ་རྣམ་ཡོངས་སུ་མཐར་ཕྱིན་པར་གྱུར་བ་གྲུབ་པོ།།

ཀུ༷ན་ནས་ཀུ༷ན་དགའ་གསང་བའི་དཔལ་སྦྱོར་ཏེ།།
ལེ༷གས་བྱས་ལེ༷གས་བཤད་མཛད་པ་མཐར་སོན་ནས།།
ལུ༷ས་ཅན་ལུ༷ས་མེད་གཡུང་དྲུང་གསུམ་གྱི་སྐུ།།
ར༷ང་ཤར་ར༷ང་གྲོལ་ཀློང་དུ་གྱུར་ཏེ་གནས།།

འོན་ཏང་མིག་སྔར་ལྐོག་ན་མོར་གྱུར་ཀྱང༌།།
ཞལ་སྐྱིན་དུས་ལས་ཡོལ་བ་མི་མངའ་བཞིན།།
ཕན་བདེ་དགེ་མཚན་བདུད་རྩིའི་གསོས་སྦྱིན་ཆར།།
འཛད་མེད་ཡོངས་ལ་འབེབ་པར་གོར་མ་ཆག།

བསྟན་འགྲོ་ཡོངས་སུ་སྐྱོང་བའི་རྣ༷མ་ཐ༷ར་དངོས།།
སྲས་བཅས་རྒྱལ་བས་བཟུང་བའི་རྣ༷མ་ཐ༷ར་བཞིན།།
མཛད་པ་ཕུལ་བྱུང་གང་དེའི་རྣ༷མ་ཐ༷ར་ལ།།
ཡིད་ཆེས་དད་པས་ཡི་གེར་རྣ༷མ་ཐ༷ར་བཀོད།།

དེ་ལྟར་འདི་སོགས་རྣམ་དཀར་གང་བགྱིས་པའི།།
བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཛམྦུའི་གསེར།།
བསྐལ་བ་རྒྱ་མཚོར་ལོངས་བརྡལ་མཐའ་ཀླས་འགྲོར།།
ཐེག་ཆེན་ལམ་གྱི་འཚོ་བའི་གཏེར་གྱུར་ཅིག།

ཆེ་སྙན་གྲགས་པའི་ཁྲི་ལ་འགྱིང་བཞེང་བའི།།
བཤད་ལེམ་སྙན་ཚིག་དུ་མས་སྒྲོ་བཏགས་པ།།
མ་ཡིན་ཐུན་མོང་ཡོན་ཏན་རྗེན་པར་བཏོན།།
ཚུལ་འདིར་དད་ལྡན་ཀུན་གྱིས་ཡི་རངས་མཛོད།།

ཡོན་ཏན་ཕྱོགས་དུས་རྒྱལ་བ་ཡོངས་དང་མཉམ།།
བཀའ་དྲིན་རྒྱུ་སྐར་དབུས་སུ་ཟླ་བ་བཞིན།།
རྣམ་འདྲེན་ནམ་མཁའི་མཚན་གྱིས་བདག་སོགས་ཀུན།།
གཡུང་དྲུང་སྙིང་བོའི་བར་དུ་རྗེས་བཟུང་ནས།།

ནམ་ཡང་མི་འབྲལ་ཐུགས་ཀྱིས་བཅུད་ལོན་ཞིང༌།།
བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྣམ་གསུམ་ལ།།
དབང་འབྱོར་མཁས་བཙུན་བཟང་པོས་རྒྱུད་བརླིང་སྟེ།།
སྲིད་པ་དྲུང་འབྱིན་རིགས་པའི་སྟོབས་ལྡན་ཤོག།

བསླུ་མེད་རིན་ཆེན་གསུམ་བཅས་རྣམ་འདྲེན་རྗེའི།།
དགེ་ལེགས་ཕུན་ཚོགས་དུས་ནམ་རྟག་ཏུ་ཡང༌།།
སྐབས་གསུམ་དབང་པོའི་ཕྱག་གི་ནོར་བུ་ལྟར།།
རྩོལ་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག།

      ཅེས་མཆོག་གཟིགས་བླ་མའི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་འདི་ནི། རྗེ་བླ་མ་ཉིད་ཀྱི་སྐུ་ལ་གྲིབ་ལྟར་འཁོར་ཞིང་ཞབས་རྡུལ་སྤྱི་བོར་ལེན་པའི་ཉ༷ག་སྒོ༷མ་རི༷ན་ཆེ༷ན་ལྷུ༷ན་གྲུ༷བ་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་ཤིན་ཏུ་དད་མོས་གུས་པའི་ཡིད་ཀྱིས་མཚམས་སྦྱོར་ནས་མདའ་ཆེན་དཀར་མོ་རི་ཁྲོད་དུ་བཀོད་པའི་དཔལ་ལྡན་བླ་མའི་བྱིན་རླབས་བདག་གཞན་འགྲོ་བ་ཡོངས་ཀྱི་རྒྱུད་ལ་མྱུར་དུ་འཇུག་པར་གྱུར་ཅིག་གུ། ཛཡནྟུ།

སྤྲུལ་གཞན་ཕན་ཀུན་བཟང་རྒྱ་མཚོས་མཁོ་འདོན་གནང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།