ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དགོན་སྡེ། >> གནས་རི་མཚོ་གསུམ། >> གནས་ཆེན་སྨན་མོ་བྲག་དཀར།
གནས་ཆེན་སྨན་མོ་བྲག་དཀར།
[རྩོམ་གྱི་ཡོང་ཁུངས། དགོས་འདོད་ཀུན་འབྱུང་ཟིན་བྲིས།] [རྩོམ་པ་པོ། བསམ་གཏན་འགྱུར་མེད།] [ཟླ་ཚེས། 11-12-12] [ཀློག་གྲངས། ]

   

   རྒྱལ་ཡུམ་བྱམས་མ་ཆེན་མོས་བྱིན་གྱིས་རློབས་པའི་གནས་མཆོག་སྔོན་ཚེ་དམུ་རྒྱལ་མགོན་པོ་གནས་འདིར་རྫུ་འཕྲུལ་ཞབས་ཀྱིས་བཅག་པ་དང་བར་དུ་རིག་འཛིན་ཡབ་སྲས་ཀྱིས་བྱིན་རླབས་བཀའ་རྟགས་བཞག་ལ། མདོར་ན་ངོ་མཚར་ཡིད་དུ་འོང་བའི་ཡུལ་ལྗོངས་འདིར་བོན་བན་གཉིས་ཀས་རང་རང་ལུགས་ལྟར་དད་པའི་ཕྱག་བསྐོར་བྱེད་ཅིང་། དེང་སྐབས་ནག་ཆུ་ས་ཁུལ་གྱི་གནས་རི་རྩ་ཆེན་དང་མ་འོང་ཡུལ་བསྐོར་གྱི་རྟེན་གཞི་བཅས་རེད། ཐོག་མར་གནས་སྒོ་འབྱེད་མཁན་མ་གསལ་ཡང་དུས་རབ་བཅུ་གཉིས་པའི་ནང་དུ་ཡུལ་འདིར་དགོན་གླང་མ་ལུང་དང་གནས་མེ་མོ་བྲག་དཀར་ཡིན་པའི་ཤོད་རྒྱུན་འདུག ། ཡང་སྐབས་ཅིག་སྨད་ཉག་རོང་ནས་སྟོད་གཙང་ཕྱོགས་སུ་འགྲོ་མཁན་གྱི་གཅོད་པ་དྲག་རྩལ་ཅན་དམར་ཛར་མིག་ཡ་མེད་པ་གཅིག་བོན་གཞུང་དུ་ཕེབས། གནས་མདའ་སྦྱོང་དང་མེ་མོ་བྲག་དཀར་ལ་བསྐོར་བ་དང་སྒོམ་བསྒྲུབ་ཟླ་ཤས་བྱས། ཡུལ་བཙན་དང་དགེ་བསྙེན་ཐམས་ཅད་༼ཉག་རོང་གཅོད་ཞར་༽བས་དམ་ལ་བཏགས་པ་རེད་ཅེས་ཡུལ་མིའི་བཤད་རྒྱུན་ད་ལྟའི་བར་དུ་གྲགས། གཅོད་བླ་ཁང་ཁྱི་གོང་བར་མ་མདོ་རུ་ཁྱིས་རྨུག་ལ་ཁད་དུ་བྲག་ཐོག་འཛེགས་པ་ལ་ཞབས་རྗེས་བཞག་པ་ད་ལྟ་མཇལ་རྒྱུ་ཡོད། དེ་རྗེ་མཉམ་མེད་ཆེན་པོའི་ཞབས་རྗེས་ཡིན་པའང་ངོས་འཛིན་བྱེད་མཁན་ཡོད། དུས་རབ་བཅུ་བདུན་པར་ཧོར་ཚོ་སོ་དགུའི་སྤྱི་ཁྱབ་རྒྱལ་རབས་བཅུ་བཞི་པ་ད་བཱེ་ཧུ་ཁྲི་རྒྱལ་རྗེ་བཙན་གནས་འདིར་ཞབས་བསྐོར་ཕེབས་མྱོང་བར་གྲགས། ཁོང་ནི་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ང་ཡི་མཆོག་གི་སྤྲུལ་པ་ལས། །སེ་ཆེན་རྒྱལ་པོའི་མཚན་ཅན་འབྱུང་། །རྨེ་བ་ག་ཤའི་ཚུལ་དུ་ཡོད། །དེ་ཡི་བསྟན་པ་ཆ་གཅིག་འཛིན། །གསུངས་པ་དེ་ཡིན་ལ། རྒྱ་བོད་ཡིག་ཚང་གི་བདག་པོ། ཧོར་སྦྲ་ཁྲི་འདུས་སྟོང་ཤོང་ངམ་སྦྲ་ནག་ལིང་བཞི་མ་ཐོག་མར་གསར་བཏོད་མཁན་དང་ཀླུ་དགོན་མཁར་དམར་ནོར་བུའི་ཕོ་བྲང་ཕྱག་འདེབས་པ་པོ་ལྷ་སྲུང་ཞལ་གཟིགས་ཐོབ་པའི་སྔགས་བླ་སྨན་པ་རྒྱ་བོད་ཧོར་གསུམ་གྱི་སྐད་ལ་མཁས་པ་སོགས་ཁྱད་པར་ཅན་ཀླུ་དགོན་བླ་རབས་དང་པོ་བཅས་རེད། སྔར་འབྲོག་ཤོག་ཁུལ་འདིར་རྙིང་མ་དང་བོན་པོ་འདྲེས་མ་ཡོད་པ་དེ་ཁོང་གི་གཅིག་གྱུར་བོན་བསྟན་འཛིན་པར་བསྒྱུར་བ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག