ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ངེད་ཀྱི་སྐོར། >> ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོའི་རྟེན་འབྲེལ་ཤིས་ཚིག
ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོའི་རྟེན་འབྲེལ་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།] [ཟླ་ཚེས། 10-07-11] [ཀློག་གྲངས། ]

       ༡༽ ཧི་མ་ལ་ཡ་ནི་འཛམ་གླིང་གི་རྩེ་མོ་ཡིན། ཧི་མ་ལ་ཡ་ནི་ཨེ་ཤ་ཡའི་ཆུ་འགོ་ཡིན། ཧི་མ་ལ་ཡ་ནི་ཤེས་རིག་གི་ཕ་ས་ཡིན། ཧི་མ་ལ་ཡ་ནི་གདོད་མའི་གནའ་མཁར་ཡིན། ཧི་མ་ལ་ཡ་ནི་ལོ་རྒྱུས་ཀྱི་གཞི་རྩ་ཡིན། ཧི་མ་ལ་ཡ་ནི་བོན་ཆོས་ཀྱི་མལ་གདན་ཡིན། ཧི་མ་ལ་ཡ་ནི་ཞང་ཞུང་གི་ཤུལ་རྗེས་ཡིན། ཧི་མ་ལ་ཡ་ནི་བོད་ཁམས་ཀྱི་མེས་གཞིས་ཡིན། ཧི་མ་ལ་ཡ་ནི་འཛམ་གླིང་གི་མཛེས་རྒྱན་ཡིན། མདོར་ན་ཧི་མ་ལ་ཡ་ནི་གངས་རིའི་ཕུང་པོ་ཞིག་ཡིན་ལ། དེ་ནས་བྱུང་བའི་ཆུ་བོ་དང་ཆུ་ཕྲན་རེ་རེ་རི་བོ་དང་ལུང་ཕྲན་ཤགས་ནས་མཐའ་ཡས་པའི་ཡུལ་ལྗོངས་མང་པོའི་བདུད་རྩི་བསིལ་ཆབ་བམ་གསོ་བྱེད་ཀྱི་སྨན་མཆོག་ཏུ་གྱུར་ཡོད།

       ༢༽ གཡུང་དྲུང་བོན་ནི་མེས་པོ་ཡི་ཆོས་རྒྱུད་ཡིན། གཡུང་དྲུང་བོན་ནི་ལོ་རྒྱུས་ཀྱི་འགོ་ཁུངས་ཡིན། གཡུང་དྲུང་བོན་ནི་གངས་ཅན་པའི་ཕ་ཆོས་ཡིན། གཡུང་དྲུང་བོན་ནི་ཤེས་རིག་གི་སྲོལ་འབྱེད་ཡིན། གཡུང་དྲུང་བོན་ནི་ཆོས་ལུགས་ཀྱི་མེས་པོ་ཡིན། གཡུང་དྲུང་བོན་ནི་ཞི་བདེའི་ལམ་སྟོན་ཡིན། གཡུང་དྲུང་བོན་ནི་གཞུང་ལུགས་ཀྱི་བང་མཛོད་ཡིན། གཡུང་དྲུང་བོན་ནི་རིག་གནས་ཀྱི་གླིང་ཀ་ཡིན། མདོར་ན་གཡུང་དྲུང་བོན་ནི་ད་ལྟའི་འཛམ་གླིང་འདིའི་ཆོས་ལུགས་རྙིང་ཤོས་དང་བྱུང་བའི་ཁུངས་བཙན་ཤོས་དེ་ཡིན་ལ། ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དུས་རབས་ཀྱི་འགག་འཕྲང་མང་པོར་བརྒྱུད་ཀྱང་ད་ལྟའི་བར་ཞུ་མ་ཐུབ་པའི་སྲིད་པའི་གངས་རི་ཞིག་གམ་ཧི་མ་ལ་ཡའི་རི་སིལ་ནས་འབྱུང་བའི་འཛམ་གླིང་ཤེས་རིག་གི་མ་མ་འམ་འཛམ་གླིང་ཞི་བདེ་བསུ་བའི་ཕོ་ཉ་དེ་ཡིན།

       ༣༽ དེས་ན་༼ ཧི་མ་ལ་ཡའི་བོན་༽ དྲ་ཚིགས་འདི་ཡང་མིང་དོན་མཚུངས་པར་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡའི་རི་རྩེ་ནས་དབུ་བཙུགས་ཤིང་། ཆེས་རིན་ཐང་ཅན་གྱི་ཕ་ཆོས་གཡུང་དྲུང་བོན་བསྟན་གྱིས་དབུ་འཁྲིད་དེ་སྐུ་ངལ་དང་ཐབས་བྱུས་སྣ་ཚོགས་པའི་ལམ་བུ་བརྒྱུད་དེ་ད་ལྟའི་འཛམ་བུ་གླིང་བའི་ཤེས་རིག་གི་གར་སྟེགས་སུ་དངོས་སུ་ཤར་གཏོང་ཐུབ་པ་བྱུང་བ་ཞིག་ཡིན་པས་དགའ་བསུ་དང་། གུས་འདུད། འཚམས་འདྲི་དང་ཕེབས་བསུ་ཡང་ཡང་ཞུ་བཞིན་ཡོད།

རི་བོ་ཧི་ལ་ཡའི་གྲོང་ཁྱེར་དུ་གྲགས་པའི་རྒྱལ་ས་ཀ་ཐ་མཎ་གྲུ་ནས་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག