ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> སྔོན་བྱོན་སྐྱེས་ཆེན། >> ༧ལུང་དཀར་དཔོན་སློབ་བམ་ཚུལ་ཁྲིམས་རྣམ་དག
༧ལུང་དཀར་དཔོན་སློབ་བམ་ཚུལ་ཁྲིམས་རྣམ་དག
[རྩོམ་གྱི་ཡོང་ཁུངས། ཁྱུང་།] [རྩོམ་པ་པོ། ཁྱུང་གཤོག་རྩོམ་སྒྲིག་པ།] [ཟླ་ཚེས། 12-04-23] [ཀློག་གྲངས། ]

   ངེས་པ་དོན་གྱི་སྨྲ་བའི་སེང་ཆེན་ལུང་དཀར་དཔོན་སློབ་བམ་ཚུལ་ཁྲིམས་རྣམ་དག་མཆོག་ནི། བོད་ལྗོངས་སྦྲ་ཆེན་རྫོང་ལུང་དཀར་དགོན་གྱི་ལྷ་སྡེ་རོང་ཆེན་དར་སྐྱོགས་ཁུག་ཏུ་ཡབ་འཛམ་པ་སྒྲུབ་དགྱེས་དང་། ཡུམ་སྤ་བཟའ་ག་འབུམ་གཉིས་སུ་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་སྟེ་སྤྱི་ལོ་༡༩༣༡ལོར་འཁྲུངས་ཤིང་མཚན་ལ་གཡུང་དྲུང་ཚེ་རིང་དུ་བཏགས། ཆུང་ནས་དམ་པའི་རང་གཤིས་མངོན་པར་གསལ་བར་གྲགས། དགུང་གྲངས་བཅུ་བཞིའི་བར་དུ་འབྲོག་ལས་དང་ཞོར་དུ་འབྲི་ཀློག་ལ་བྱང་ཆུབ་པར་མཛད། དགུང་ལོ་བཅུ་བཞི་ནས་ངེས་འབྱུང་ཟབ་མོས་བསྐུལ་ཏེ་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་དུ་ཨུ་བླ་རྒྱལ་བ་ཚུལ་ཁྲིམས་མདུན་ནས་རབ་ཏུ་བྱུང་བའི་ཚུལ་མཚན་དུ་དྲང་སྲོང་གཡུང་དྲུང་ཞེས་གསོལ། དེ་ནས་ཨུ་སྟོན་རྒྱལ་བ་ཚུལ་ཁྲིམས་དང་། ཁྱུང་ནག་བསོད་ནམས་གཡུང་དྲུང་། སྒྲུབ་མཁན་གཡུང་དྲུང་དགེ་ལེགས་སོགས་ཀྱི་གམ་ནས་ཤར་རྫའི་སྒྲུབ་གྲྭ་མཐར་ཕྱིན་པར་མཛད་ཞོར་དུ་འབུད་བརྡུང་དཀྲོལ་གསུམ་དང་། ཆོ་ག་ཕྱག་ལེན་སོགས་དགོན་སྡེའི་བྱ་བཞག་ཀུན་ལ་མཁས་པར་མཛད། དགུང་གྲངས་ཉེར་གཉིས་སྐབས་སུ་རང་ཡུལ་ནས་བྱོན་ཏེ་གྲྭ་ས་གོང་འོག་སོགས་གནས་ཆེན་ཁག་ལ་ཕེབས་ཤིང་། སྨན་རི་དགོན་དུ་སྒྲིག་ཞུགས་མཛད་པས་ཚུལ་མཚན་དུ་གཡུང་དྲུང་རྒྱལ་མཚན་ཞེས་གསོལ། ༡༩༥༤ལོའི་ཧོར་ཟླ་ལྔ་པའི་ནང་དུ་གངས་རིན་པོ་ཆེར་བྱོན་ཞིང་གནས་མཇལ་དང་། གཞན་ཁྱུང་ལུང་དངུལ་མཁར་དུ་ཕེབས་ཏེ་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེའི་མདུན་ནས་བརྡ་སྤྲོད་དང་། དཀྱིལ་འཁོར་ཐིག་རྩ་མེ་རི་བཀའ་གཏེར་སོགས་ཕྱི་ནང་གསང་བའི་ཁྲིད་ལུང་དབང་སོགས་ཀྱིས་ཐུགས་རྒྱུད་རབ་ཏུ་གཏམས་པར་མཛད། ཞོར་དུ་ཤར་རྫའི་གསུང་འབུམ་དང་བྱམས་པའི་སྒྲུབ་སྐོར་སོགས་ཀྱི་དཔར་རྩ་བྲིས། ལོ་དེའི་ཟླ་བ་དགུ་པའི་ནང་དུ་རྩེ་དྲུག་མཁན་པོ་བརྩོན་འགྲུས་ཀྱིས་དབུ་ཁྲིད་གནང་བའི་ཤར་རྫའི་སྒྲུབ་གྲྭ་གསར་འཛུགས་སུ་བཞུགས་ཏེ་མཐར་ཕྱིན་པར་གནང་། དེ་ནས་བོད་དུ་དུས་ཟིང་གིས་རྐྱེན་པས་ལྷོ་བལ་ཕྱོགས་སུ་བྱོན་ཞིང་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་བཞེས་པའི་མཚན་དུ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་ཅེས་གསོལ། དེ་རྗེས་སྨན་སློབ་བསྟན་འཛིན་རྣམ་དག་མཆོག་དང་མཇལ་ཞིང་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་བཞིན་དཔར་རྩ་འབྲི་བཞེངས་ཀྱི་མཛད་པ་སྐྱོང་སྟེ། བྲུ་ཡི་ཨ་ཁྲིད། མཛོད་སྒྲ་འགྲེལ། གཟི་བརྗིད་ཁ་དུམ་ཆ་དུམ་སོགས་བྲིས་ཤིང་། ཞོར་དུ་སྨན་སློབ་རིན་པོ་ཆེའི་མདུན་ནས་གསང་སྔགས་ཕྱི་ནང་གི་དབང་ལུང་ཁྲིད་གསུམ་མནོས་པར་མཛད། དེ་རྗེས་དམ་པ་ཁོང་དགུང་ལོ་ཞེ་བརྒྱད་དེ་སྤྱི་ལོ་༡༩༧༨ལོར་ཐོབ་གསར་སྨན་རིར་བཤད་གྲྭ་གསར་འཛུགས་སུ་ཞུགས་ཤིང་། ༡༩༨༦ལོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། ༡༩༨༧ལོར་བོད་ཡུལ་དུ་ཕེབས་ནས་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་དཔོན་སློབ་ཀྱི་མཚན་སྙན་བཞེས་ཤིང་། ལུང་དཀར་དགོན་དུ་བཤད་གྲྭ་གསར་དུ་བཙུགས། ༡༩༨༨ལོར་རྩེ་དྲུག་དགོན་པའི་རེ་ཞུས་ལྟར་རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་མཚན་ཉིད་བཤད་གྲྭ་གསར་འཛུགས་གནང་། སླར་ཡང་གོང་གི་བཤད་གྲྭ་གཉིས་ཀྱི་གནས་གཞི་ལུང་དཀར་དགོན་དུ་བཟུང་ནས། བཤད་སྒྲུབ་སྒོམ་གསུམ་གྱི་འདུས་གྲྭ་བརྒྱ་ཕྲག་ལ་ཞོག་པ་ནས་དགུང་མོའི་བར་སློབ་ཁྲིད་ཀྱི་མཛད་པ་སྐྱོང་བས། རབ་འབྱམས་དགེ་བའི་བཤེས་མཉེན་གྱིས་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པར་མཛད། དེ་ལྟར་སྐུ་ཚེའི་མཛད་པ་མ་རྫོགས་ཀྱི་བར་དུ་རང་དོན་ཐོས་བསམ་དང་། གཞན་དོན་འཆད་རྩོད་ཀྱིས་དུས་འདའ་བར་མཛད་དེ་མཐར་དགུང་ལོ་རེ་དགུ་སྟེ་སྤྱི་ལོ་༡༩༩༨ལོར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། ། ༢༠༡༢ལོའི་ཟླ་བ་༡པོའི་ཚེས་༩ལ་བྲིས།།

ཁྱུང་གཤོག་ལོ་དེབ་བཞི་པ་ནས་དྲངས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག