ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསླབ་བྱ། >> ཞལ་གདམས་ལུང་བསྟན།
ཞལ་གདམས་ལུང་བསྟན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ༧དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ།] [ཟླ་ཚེས། 12-10-16] [ཀློག་གྲངས། ]

བདག་གི་མདུན་གྱི་ནམ་མཁའ་ལ། །
མཁྱེན་བརྩེ་ཚེ་དབང་དགྱེས་ཤིང་བཞུགས། །
བརྩེ་བས་བདག་ལ་བཟུང་བར་བསམ། །
ཨེ་མ་ཧོ། བླ་ཆེན་སྲས་མཆོག་ཚེ་དབང་འགྲོ་བའི་མགོན། །
ལས་ཀྱི་འཕྲོ་སད་གཡུང་དྲུང་བོན་དང་མཇལ། །
དང་པོ་ཕྱི་ནང་བོན་ལ་ཐོས་བསམ་སྦྱངས། །
ཐ་མ་དོན་བསྒོམས་རིག་འཛིན་ས་ལ་གནས། །
རྒྱ་གར་རྒྱ་ནག་ཞང་ཞུང་རྟག་གཟིགས་དང་། །
ཨུ་རྒྱན་ཐོ་གར་བྲུ་ཤ་མེ་ཉག་སོགས། །
འཛམ་གླིང་སྟོད་སྨད་གནས་ཆེན་ཐམས་ཅད་འགྲིམས། །
མཁའ་འགྲོ་རྣམས་དང་མཆོག་ཐུན་དངོས་གྲུབ་རོལ། །
སེམས་ལ་དབང་ཐོབ་འབྱུང་བཞི་དབང་དུ་བསྡུས། །
མི་མིན་ལྷ་འདྲེ་ཕོ་མོ་དམ་ལ་བཏགས། །
འགྲོ་དོན་རྒྱ་ཆེ་རབ་ཏུ་རྒྱས་པར་བྱས། །
དེང་སང་མོས་པའི་བུ་ལ་དངོས་གྲུབ་སྟེར། །
ལས་འཕྲོ་ཅན་ལ་ཞལ་སྟོན་གསུང་ཡང་བསྒྲག །
ལྔ་བརྒྱའི་དུས་ཀྱི་རྗེས་འཇུག་གང་ཟག་རྣམས། །
མ་ཡེངས་བརྟན་པར་ཉོན་ལ་གསོལ་བ་ཐོབས། །
ང་ཡི་ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་བཟུང་། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
ཞལ་སྟོན་ཟབ་མོའི་གདམས་ངག་བསྩལ་དུ་གསོལ། །
ཐེ་ཚོམ་མེད་པར་ང་ལ་བསྙེན་བསྒྲུབ་གྱིས། །
ངས་ནི་མི་བསླུ་ངེས་པའི་ཞལ་ཡང་སྟོན། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
ཞལ་སྟོན་ཟབ་མོའི་གདམས་ངག་བསྟན་དུ་གསོལ། །
སེར་སྣ་མེད་པར་བདག་ལ་མཆོད་པ་ཕུལ། །
ངས་ནི་མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབ། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
དངོས་གྲུབ་མ་ལུས་ད་ལྟ་བསྩལ་དུ་གསོལ། །
ཞེན་ཆགས་མེད་པར་ཕྱོགས་མེད་རི་ཁྲོད་འགྲིམས། །
ངས་ནི་མ་ནོར་ཐར་པའི་ལམ་ཡང་སྟོན། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
ཡང་དག་ཐར་པའི་ལམ་མཆོག་བསྟན་དུ་གསོལ། །
གཡོ་སྒྱུ་མེད་པར་ཆགས་མེད་བྱ་བྲལ་མཛོད། །
ངས་ནི་མཐུན་རྐྱེན་སྡོང་གྲོགས་ལྷག་པར་བྱེད། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
ཐེག་ཆེན་ལམ་མཆོག་འགྲུབ་པའི་སྡོང་གྲོགས་མཛོད། །
དད་ཟས་མ་ཟ་ས་རྡོ་བཅུད་ལེན་གྱིས། །
ངས་ནི་ཟད་མེད་རིན་ཆེན་གཏེར་ཆེན་སྟེར། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
མཁོ་དགུ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། །
སྡིག་གོས་མ་གྱོན་ཐབས་ལམ་རྩ་རླུང་སྒོམས། །
ངས་ནི་ཏིང་འཛིན་བདེ་དྲོད་མེ་ལྟར་སྦར། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
མཐུན་རྐྱེན་ཡོངས་སུ་རྫོགས་པར་མཛད་དུ་གསོལ། །
ང་ནི་འཆི་མེད་གཡུང་དྲུང་ཚེ་དང་ལྡན། །
ལྔ་བརྒྱའི་དུས་སུ་སྤྲུལ་པ་དུ་མ་འགྱེད། །
གསུངས་པའི་ཞལ་བཞེས་དུས་ལ་བབས་ལགས་ན། །
བསྟན་འཛིན་སྐྱེས་མཆོག་དུ་མ་མྱུར་དུ་འབྱོན། །

ཅེས་པའི་འདོད་སྨོན་འཕྲིན་བཅོལ་འདི་ཉིད་བློ་ལྡན་གྱི་ཁ་བྱང་དུ་གསུངས་པའི་རྗེ་བཙུན་གྱི་ཞལ་གདམས་ལས་སྨན་རི་བ་བསྟན་རྣམ་པས་བཏུས་སོ། །

2011ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱིའི་དེབ་གྲངས་བརྒྱད་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག