ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧ དགུང་ལོ་བརྒྱར་སོན་གྱི་དགྱེས་སྟོན་ཆེན་མོ།
༧ དགུང་ལོ་བརྒྱར་སོན་གྱི་དགྱེས་སྟོན་ཆེན་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། པཎ་ཙ་གངས་ཐིགས།] [ཟླ་ཚེས། 13-03-23] [ཀློག་གྲངས། ]

ཉེ་ཆར་མདོ་སྨད་ཟིང་ཆུ་སྣང་ཞིག་རྟོགས་ལྡན་ཤེས་རབ་དབང་རྒྱལ་མཆོག་ཉིད་དགུང་གྲངས་བརྒྱར་ཕེབས་པའི་དགྱེས་སྟོན་གྱི་མཛད་སྒོ་སྤེལ་བ་རེད།

དགུང་གྲངས་བརྒྱར་ཕེབས་པའི་རྟོགས་ལྡན་ཤེས་རབ་དབང་རྒྱལ་མཆོག་གི་ཉེ་པར།

དེ་ཡང་ཉེ་ཆར་མདོ་སྨད་ཤར་ཁོག་གམ་ཟིང་ཆུ་སྣང་ཞིག་དངུལ་སྐུ་དགོན་གྱི་རྟོགས་ལྡན་དམ་པ་ཤེས་རབ་དབང་རྒྱལ་མཆོག་ཉིད་དགུང་གྲངས་བརྒྱར་ཕེབས་པའི་དགྱེས་སྟོན་གྱི་མཛད་སྒོ་སྤེལ་བ་སྟེ། དགྱེས་སྟོན་གྱི་སྐབས་སུ་ལྷ་སྡེ་མི་དམངས་སྟོང་ཕྲག་ལྷག་སླེབས་ནས་རྟོགས་ལྡན་རིན་པོ་ཆེ་ལ་དགྱེས་སྟོན་དུ་བཀྲ་ཤིས་ཞབས་བརྟན་གསོལ་རྟེན་དུ་སྐུ་གསུང་ཐུགས་རྟེན་གྱི་བརྟན་འབུལ་སོགས་གནང་བ་དང་། སྣང་ཞིག་སྤྲུལ་བའི་སྐུ་མཆོག་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དབུས་བཞུགས་ཐོག རྟོགས་ལྡན་རིན་པོ་ཆེ་དང་། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་བཅས་ཀྱིས་དད་ལྡན་དམངས་ཚོགས་རྣམས་ལ་རྟེན་འབྲེལ་གྱི་དོན་དུ་ཚེ་དབང་བྱ་རི་མའི་བཀའ་དབང་སོགས་གནང་བ་རེད།




༼གཡས༽སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས།༼དབུས༽མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན།༼གཡོན༽རྟོགས་ལྡན་ཤེས་རབ་དབང་རྒྱལ།


   རྟོགས་ལྡན་ཤེས་རབ་དབང་རྒྱལ་མཆོག་ནི་ཤིང་སྟག་ལོ།༼སྤྱི་ལོ་༡༩༡༤༽མདོ་སྨད་ཟིང་ཆུ་སྣང་ཞིག་དངུལ་སྐུ་དགོན་གྱི་ལྷ་སྡེ་ཡར་ཤོ་གྲོང་ཚོའི་ཡར་ཤོ་ཚང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྣང་ཞིག་ཨ་ཏོ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་མདུན་ནས་རབ་ཏུ་བྱུང་སྟེ་སྣང་ཞིག་དངུལ་སྐུ་དགོན་གྱི་ཚོགས་གྲལ་དུ་བཞུགས་ཏེ། ཕྱི་ནང་གསང་བའི་བོན་སྒོ་དུ་མ་གསན་བསམ་སོགས་མཛད་པ་རེད། དེ་ནས་ཨ་ཏོ་རིན་པོ་ཆེའི་ཞབས་ཕྱི་རུ་ཕེབས་ཏེ་དབུས་གཙང་སོགས་ལ་ཕེབས་ནས། ཁྱུང་བོ་བཟོད་པ་རིན་པོ་ཆེ་དང་། སྣང་གསལ་རིན་པོ་ཆེ། གཤེན་འཛམ་གླིང་དབང་འདུས་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་གདམས་སྣ་ཚོགས་ཞུང་ཤིང་། གཞན་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དང་སྨན་རི་གླིང་སོགས་མཇལ་ཅིང་གཡུང་གླིང་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་སོགས་མཇལ་ནས་དེ་དག་གི་མདུན་ནས་དབང་ལུང་ཁྲིད་གསུམ་སོགས་ཞུས་པ་དང་། སླར་ཡང་ཕ་ཡུལ་དུ་ཕེབས་ནས་རང་དགོན་གྱི་སྒྲུབ་གྲྭ་ཁང་ཅེས་པའི་ཅ་ཡིག་ཐོག་གནས་མཆོག་གི་སྒྲུབ་གྲྭ་ལ་ལོ་ངོ་དུ་མ་ལ་བཞུགས་ནས་ཨ་ཏོ་རིན་པོ་ཆེའི་མདུན་ནས་ཟབ་རྒྱས་ཀྱི་གདམས་པ་དུ་མར་བུམ་པ་གང་བྱོའི་ཚུལ་དུ་ཞུས་པ་དང་ཁྱད་པར་དུ་གསང་གཅོད་ཀྱི་གདམས་པ་ཞུས་ཏེ་སྒྲུབ་པ་མཛད་དེ་གྲུབ་པའི་རྟགས་ཀྱང་སྣ་ཚོགས་བྱུང་བ་རེད། དེ་ཕ་ཡུལ་ནས་སྣང་ཞིག་དགོན་གྱི་སྤྱི་གཉེར་ཆེན་པོའི་འགན་བཞེས་ནས་འདུ་ཁང་ཀ་བརྒྱ་བཞེངས་པ་དང་། དེ་ནས་རིག་གནས་གསར་བརྗེའི་སྲིད་འོག་ཏུ་དཀའ་ཁག་དུ་མར་བརྒྱུད། དེ་ནས་སླར་སྲིད་ཇུས་ལྷོད་གྲོལ་བྱུང་ནས་རང་དགོན་དུ་ཨ་ཏོ་རིན་པོ་ཆེའི་སྐུ་གདུང་སོགས་གསར་བཞེངས་གནང་མཛད་པ་དང་། གཞན་ལོ་རེ་བཞིན་སྟག་ཟླ་ཚེས་༡༥དང་༡༦ཉིན་གཉིས་ལ་བྲག་དཀར་གཡུང་དྲུང་དགོན་དུ་གསང་གཅོད་ཀྱི་ཚོགས་མཆོད་འབུལ་བའི་སྲོལ་ཚུགས་དང་ད་བར་དུ་འབུལ་བཞིན་ཡོད་པ་རེད། དེ་ནས་༡༩༩༢ལོ་ནས་སྣང་ཞིག་དགོན་དུ་ཚེ་མཚམས་སུ་བཞུགས་བཞིན་པ་ལགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག